མཉམ་མེད་རི་བོ་དགེ་ལྡན་པའི་རྟོགས་པ་བརྗོད་པ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-03-30 14:59:26     རྩོམ་པ་པོ།   སྙན་དགོན་སྤྲུལ་སྐུ།     ཀློག་ཐེངས།  

༄༅། །ཀ་ན་ཀ་ལྟར་དག་གཙང་དགའ་ལྡན་པ། །ཁ་བ་ཅན་ན་རྒྱལ་བསྟན་རྩ་ལག་ལ། །ག་ནས་བརྟགས་ཀྱང་འགལ་བ་མ་སྣང་བས། །ང་རང་འཚང་རྒྱ་བར་ཡང་དད་ཕྱག་འཚལ། །ཅ་དང་ཅ་ལ་དབྱངས་མཐའ་སྦྱར་བ་མང་། །ཆ་བྱད་གང་ཡང་རན་ལ་དག་པ་དཀའ། །ཇ་དང་ཆང་ལ་དགའ་བས་སྤྱད་མཁན་ཡང་། །ཉ་ལ་སྲམ་ལྟར་འགལ་བ་མང་སྙམ་སྤངས། །ཏ་ཐཱ་ག་ཏ་མཁའ་ལྟར་དཔག་དཀའ་ཡང་། །ཐ་མལ་བ་ལ་ལག་པར་བཞག་པ་ལ། །ད་ལྟར་ཙམ་ལས་འགྱང་བྲལ་གསང་སྔགས་ཀྱང་། །ན་མཿདགའ་ལྡན་པ་ལ་སྣང་བས་དད། །པ་སངས་དཀར་ཡང་ནམ་མཁའ་སྣང་དཀའ་ལྟར། །ཕར་ཚད་བཤད་པ་གང་ལའང་ཉམས་ཞན་པས། །བ་ལང་བདག་འདྲ་མཁས་པར་དྲངས་དཀའ་སྙམ། །མ་བརྟགས་དཔྱད་པ་མཁན་རྣམས་རྒྱབ་ལ་བཞག། །ཙ་ལ་ལང་བསྡད་གང་འདྲ་བྱ་བར་ཡང་། །ཚ་གྲང་ངལ་སྤངས་སྦྱངས་ལྡན་བསམ་གཏན་ལ། །ཛ་ཡས་ཡང་ཡང་བཤད་པ་མཐའ་བཅད་པས། །ཝ་ལྟར་བདག་ཅག་དད་པས་བརྒྱལ་བ་ལགས། །ཞྭ་ལ་མཚལ་ཁ་སྤངས་པ་ཙམ་དང་གཞན། །ཟ་ཐབས་རྐྱང་བས་དགའ་ལྡན་པར་བཏགས་པ། །འ་ལ་དབྱངས་སྦྱར་ད་མཐས་བརྒྱན་པ་ལ། །ཡ་མཚན་བྲལ་བ་འགའ་ལ་ཅང་མ་དད། །རྭ་བ་གངས་ཅན་པ་ལ་གང་དར་བསྟན། །ལ་ལར་མ་ཟད་ཚངས་པ་དགའ་ལྡན་བསྟན། །ཤམྦྷ་ལ་ནའང་མཁས་རྣམས་འཆད་སྐད་གཏམ། །སར་གནས་འཕགས་པ་འགས་བཤད་ཧ་ཅང་མཚར། །ཧྭ་ཤང་གང་ཟག་བཟང་ངན་བརྟགས་དཀའ་ཡང་། །ལྟ་བ་རྒྱལ་བསྟན་རྣམ་དག་དང་འགལ་བ། །ཨ་མ་ཟབ་ལམ་བསམ་པར་འཆད་མཁན་རྣམས། །ཡང་ཡང་དཔྱད་ན་འཇའ་ལྟར་ཡལ་བར་སྣང་། །མ་བརྟགས་ཉམས་དགའ་ཙམ་ལ་སྣང་གྲགས་རྣམས། །འཐད་པས་ཐབས་ལ་མཁས་པ་མ་བཏང་ནའང་། །གང་ཡང་བཙལ་ན་མ་སྣང་བ་ཙམ་པ། །ཟབ་ཟབ་གནད་ལ་མ་སྐྲག་དགའ་ལྡན་པ། །ཁ་འཕང་མ་དམན་ན་ཡང་ཁ་བཤད་ལས། །ལས་འབྲས་རྣམ་བཞག་མ་ཆད་བཞག་དཀའ་ན། །ན་རྒ་རབ་སྤངས་མྱ་ངན་འདས་པ་ལ། །ལ་ལ་དད་ཀྱང་དད་པ་ཙམ་ལས་དཀའ། །སྣང་བ་བཙལ་ན་གང་ནས་ཀྱང་མ་སྣང་། །གང་ཡང་བྲལ་སྙམ་ཤར་ན་མ་བྲལ་གང་། །འགལ་བར་སྨྲ་མཁན་སྣང་ཡང་ཅང་མ་འགལ། །ཨ་ཨ་ཟབ་པ་ལས་ཀྱང་ཟབ་པ་ཨ། །འདི་བཞིན་གཟིགས་ཤིང་ཞི་བསིལ་ཏིང་འཛིན་གཟིས། །དཔེ་མེད་དགེ་ལེགས་བདེ་ཆེན་ཡེ་ཤེས་རྙེད། །ཉོན་མོངས་གནོད་འཇོམས་སྤྱོད་མཆོག་ཡོངས་བཟོད་མགོན། །དུས་གསུམ་སུ་བཞུགས་ཀུན་ཏུ་གུས་འདུད་ཞུ།།

 རྩོམ་སྒྲིག་པ། མང་ར་བ།

                   གསལ་འདེབས།

                           རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                                                                            དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།