གསང་ཆེན་སྔ་འགྱུར་གྱི་བསྟན་པ་ལ་བསྟོད་པ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-03-30 14:55:32     རྩོམ་པ་པོ།   སྙན་དགོན་སྤྲུལ་སྐུ།    ཀློག་ཐེངས།  

༄༅༎ བྷྲ་མཱ་ནཱ་ཏ་མོ་ནུདྴྲདྦྷཱ་ཡ། ཡེེ་ཛསྴ་ཏཾ་ཤོ་བྷ་ནཱཾ་སཱུ་རོ་ནཱ་མ་༄༅། །བྷྲ མཱ ནཱ ནུ ྲྴ དྦྷཱ ཡ། ེེ སྴ ཏཾ བྷ ནཱཾ སཱུ ནཱ ཧཱ༄༅། །གསང་ཆེན་སྔ་འགྱུར་གྱི་བསྟན་པ་ལ་བསྟོད་པ་ལོག་རྟོག་མུན་སེལ་མ་ཧཱ་གུ་ཧྱ་པཱུརྦ་ཁྱཱ་ཏཾ་སྟུ་ཏི་བི་ཛ་ཧ་ར་ཏིསྨ༎གུ ཧྱ པཱུ རྦ ཁྱཱ ཏཾ སྟུ ཏི བི ཏི སྨ། །དད་པའི་གཟི་བརྒྱ་འབར་བའི་ཉི་མ་ཞེས་བྱ་བ་བཞུགས། གུ་ཧྱཾ་ནིམྣཾ་སུ་རཿཛ་ཡཱ་ནཾ༎གུ ཧྱཾ ནི མྣཾ སུ རཿཛ ཡཱ ནཾ། །རྒྱལ་ཀུན་ཐུགས་ཀྱི་གསང་བ་ཟབ་མོའི་བཅུད། མཱཾརྒྒ་སིདྡྷྱཥྚ་བི་ཤྭ་རསྟཾ༎མཱཾ རྒྒ སྶི དྷྱ ཥྚ བི ཤྭ རསྟཾ། །དབང་ཕྱུག་བརྒྱད་ལྡན་གྲུབ་རིགས་བྱེ་བའི་ལམ། སཱ་རཿསཱུ་ཏྲཾ་ས་རསྶ་མསྟཿ༎སཱ རཿ སཱུ ཏྲཾ སྶ སྟཿ། །མདོ་སྔགས་རྒྱ་མཚོ་བསྲུབས་པའི་ཉིང་ཁུ་མཆོག། པཱུརྦཱ་ཁྱཱ་ཏསྠི་ཏིཿཛ་ཡནྟུ༎པཱུ རྦཱ ཁྱཱ སྠི ཏིཿ ནྟུ། །སྔ་འགྱུར་བསྟན་པའི་ལུགས་བཟང་རྒྱལ་གྱུར་ཅིག། མཉྫུ་ཤྲཱིརྦྷིཀྵུ་ཎཱཾ་བྱཱ་ཛཿ༎ ཉྫུ ཤྲཱི རྦྷི ཀྵུ ཎཱཾ བྱཱ ཛཿ། །འཇམ་དབྱངས་ངུར་སྨྲིག་འཛིན་པའི་ཟོལ། བཛྲ་དྷཱ་ར་སིདྡྷེ་རྣཱ་ཊཿ༎ ཛྲ དྷཱ སི དྡྷེ རྣ ཊཿ། །གསང་འཛིན་བདག་པོ་གྲུབ་པའི་བརྫུ། ལོ་ཀེ་ཤྲ་རོ་རཱ་ཛྙཱ་ཡཱ་ཏྲཱ༎ལོ ཀེ ཤྲ རོ རཱ ཛྙཱ ཡཱ ཏྲཱ། །སྤྱན་རས་གཟིགས་དབང་ས་སྐྱོང་ཚུལ། སུ་མ་ཏྲཾ་གངྒ་ནཱཾ་མཱུ་ལཾ༎སུ ཏྲཾ ངྒ ནཱཾ མཱུ ལཾ། །ལུགས་བཟང་ཆུ་བོ་འདྲེན་པའི་གཉེན། །དེ་སླད་ཆོས་ཀྱི་ཁུང་བཙུན་ལ། །རྨད་བྱུང་ཐུགས་བསྐྱེད་མཐུ་གྲུབ་པས། གསང་ཆེན་སྔ་འགྱུར་གྱི་བསྟན་པ་ལ་བསྟོད་པ། བྱིན་རླབས་འོད་བརྒྱ་འབར་བ་ཡིས། །སྐལ་ལྡན་སྙིང་གི་མུན་པ་སེལ། །འཕགས་ཡུལ་ཆོས་ཀྱི་པདྨོ་ལ། །ཨོ་ཊི་ཡ་ན་སོགས་ཀྱི་རྒྱན། །མཁའ་འགྲོའི་གསང་མཛོད་སྦྲང་རྩིའི་བཅུད། །ཟུང་འབྲེལ་ལུགས་བཟང་རོ་མངར་པོ། །གྲུབ་པའི་རིག་འཛིན་ཕྲེང་བ་ཡིས། །ཉམས་སུ་མྱོང་བཞིན་འཛམ་གླིང་འདིའི། །ཐུབ་དབང་བསྟན་པའི་བཅུད་ཆེན་པོར། །ཨེ་མ་འཕེལ་འགྲིབ་མེད་པར་གནས། །ཐེག་གསུམ་ཆོས་ཀྱི་ཆུ་གཏེར་ཆེ། །སྒྲིབ་གཉིས་ཚ་གདུང་བསིལ་བྱེད་དུ། །རིམ་དགུའི་ཧུབ་ཀྱིས་བཏུང་བའི་ཚུལ། །ཡོངས་རྫོགས་ཐུབ་བསྟན་འདི་འདྲ་དཀོན། །ཆོས་ཀྱི་མཐར་ཐུག་དོན་དམ་སེམས། །རིམ་འཇུག་རྩོལ་བས་མངོན་བྱེད་ལ། །ཐེག་མཆོག་བསྟན་པའི་སྟེགས་བུ་བརྒྱད། སྐལ་ལྡན་བསོད་ནམས་དཔལ་དུ་བདོག། །རྣམ་བཞིའི་བདེན་པའི་འཇུག་ལྡོག་དང་། །ཐུབ་དབང་བསྟན་པའི་གཅེས་ནོར་ཆེ། །རྟེན་ཅིང་འབྲེལ་བར་འབྱུང་བའི་ལམ། །རྒྱལ་བ་དགྱེས་པའི་གཟིགས་མོར་གྲུབ། །དོན་གཉིས་ཁུར་དུ་འདེགས་བཟོད་པའི། །རྒྱལ་སྲས་བྱེ་བའི་ལམ་པོ་ཆེའི། །འཇུག་ངོགས་རིན་ཆེན་སེམས་ཀྱི་དབྱིག། །འཛིན་ལ་ལུགས་འདི་རྒྱལ་པོའི་མཛོད། །དེ་སླད་གཞན་ཕན་སྤྱོད་པའི་ཟོང་། །ངོ་མཚར་ཐང་མར་བརྡལ་བའི་སྐྱེས། །ཆོས་ཀྱི་ཚོང་འདུས་ཆེན་པོ་ཡང་། །ཐེག་མཆོག་རྒྱལ་སྲིད་འདི་ལ་ཆེ། །ཞི་སྒོ་གཉིས་སུ་མེད་པའི་ལམ། །བདག་མེད་གཏམ་གྱི་རྔ་བོ་ཆེ། །རྣམ་གསུམ་རིགས་པས་བརྡུང་བ་ཡང་། །བླ་ན་མེད་པའི་རྒྱལ་ཐབས་ལགས། །རྒྱུ་ཡི་ཐེག་པའི་འོད་དཀར་གཟིས། །སྣང་མིན་ཟབ་གསལ་རྟོགས་པའི་གཟུགས། །གསལ་བྱེད་འབྲས་བསྟན་ཉིན་མོར་བྱེད། །ལུགས་བཟང་ནམ་མཁའི་རྒྱན་དུ་རྫོགས། །དཀའ་ ཐུབ་དང་ནི་གཙང་སྦྲ་ཡི། །བྱ་དང་རྣལ་འབྱོར་ཆ་མཉམ་སྤྱོད། །རྣལ་འབྱོར་གཙོ་བོར་འདོན་པ་ཡི། །ཐེག་གསུམ་ཐེག་མཆོག་འདིའི་འབབ་སྟེགས། །རྣམ་བཞིའི་རྒྱུད་ཀྱི་བླ་མེད་ལམ། །རྣལ་འབྱོར་གསུམ་གྱིས་ཉེར་མཚོན་ཏེ། །སྔགས་སྤྱོད་སྐལ་ལྡན་བྱེ་བའི་ཚོགས། །འོག་མིན་བསྒྲོད་ལ་བསྟན་འདི་གྲུབ། །སྣང་ཕྱོགས་ཐབས་ལ་གཙོར་བཟུང་ནས། །རིག་འཛིན་རྣམ་བཞིའི་ལམ་བགྲོད་དེ། །ཚེ་འདིར་གྲུབ་པའི་རྩེར་གཤེགས་པའི། །མ་ཧཱ་བཀའ་སྲོལ་འདི་ཡི་སྤྱི། །དེ་ལ་ཏནྡྲ་བཅོ་བརྒྱད་དང་། །སྒྲུབ་སྡེ་ཆེན་པོ་རྣམ་བརྒྱད་སོགས། །གསང་ཆེན་ཆོས་ཀྱི་ཀླུང་བརྒྱ་ཡིས། །གྲུབ་གཉིས་རིན་ཆེན་བྱེ་མ་འདྲེན། །དེ་བཞིན་འཛམ་གླིང་གྲུབ་པའི་ཁྱུས། །དོན་གཉིས་སྒྲུབ་པའི་རིགས་སྔགས་ཀུན། །འདི་ལ་བཅུད་དུ་རྫོགས་པས་ན། །ཆོས་ཀྱི་གཏེར་འདི་གཞལ་བར་དཀའ། །སྐྱེ་འཆི་བར་དོའི་ལྕགས་ཀྱི་ཁམས། །གསང་ཆེན་ཆོས་ཀྱི་གསེར་འགྱུར་རྩིས། །སྐུ་གསུམ་རིན་ཆེན་དང་པོ་རུ། །བསྒྱུར་བའི་ཐབས་མཁས་འདི་ན་ཆེ། །གྲུབ་པའི་གནས་མཆོག་ཇི་སྙེད་ན། །བརྟུལ་ཞུགས་གར་གྱིས་རོལ་བ་ཡིས། །དཔའ་བོའི་ཚོགས་ཀྱང་ཐུགས་དམ་འདིས། །མྱོས་ཏེ་བདེ་ཆེན་རོལ་མོས་འདའ། །སྐལ་ལྡན་ཁྱད་པར་འཇུག་པའི་སྒོ། །རིམ་རྩོལ་བྲལ་བའི་འོད་གསལ་ལམ། །དབྱིངས་ཡེ་མཉམ་སྦྱོར་ཨ་ནུ་ཡིས། །ཤེས་རབ་བདེ་བའི་ཉམས་བརྒྱ་འབྱིན། །དེ་ཕྱིར་དཔའ་བོ་མཁའ་འགྲོ་ཡི། །བདེ་ཆེན་ཐུགས་ལ་གབ་པའི་སྒོས། །ཕྱག་མཚན་ཉིད་དུ་བཞེས་པ་ལས། །རྟོག་གེའི་སྲང་ན་སྣང་རུང་མིན། །འོན་ཀྱང་བསོད་ནམས་མི་དམན་ཞིང་། །མོས་ལྡན་དམ་པའི་འགྲོ་བ་ལ། །ནོར་བུ་ཇི་བཞིན་བྱིན་རླབས་དང་། །རང་གི་སྐལ་བས་ཅུང་ཟད་རྙེད། །དེས་གསང་ཆེན་སྔ་འགྱུར་གྱི་བསྟན་པ་ལ་བསྟོད་པ། ན་ཐེག་པ་མཆོག་འདི་ཉིད། །བབས་སོ་གསུམ་གྱིས་སྣང་བའི་ཚུལ། །ངོ་མཚར་ཆོས་ཀྱི་རྒྱ་མཚོའི་རླབས། །བྱིས་པའི་སྐྱེ་བོ་སུ་ཡིས་བཟོད། །མདོ་དང་སྒྱུ་འཕྲུལ་སེམས་ཕྱོགས་སོགས། །རྒྱུད་ལུང་མན་ངག་ཆོས་ཀྱི་མཛོད། །རྣམ་པ་གསུམ་དུ་ཕྱེ་བ་ནི། །ལུགས་བཟང་འདི་ལས་གཞན་དུ་གང་། །འགྲོ་འདུལ་དུས་བབས་འཕྲིན་ལས་སླད། །པདྨས་ཕྱག་རྒྱས་བཏབ་པ་ཡི། །མི་ཟད་ཆོས་ཀྱི་གཏེར་འདིས་ཀྱང་། །མི་མཉམ་ཆེ་བའི་ཁྱད་པར་འདོན། །བདེ་ཆེན་རྟོགས་པས་རྩེན་པ་ཡི། །རིག་འཛིན་ཚོགས་ཀྱི་བགོ་སྐལ་དུ། །ཆོས་ཀྱི་ཆུ་གཏེར་ཆེས་འཕྱུར་ཏེ། །ལུགས་འདིས་གསང་བའི་སྒོ་བརྒྱ་འཛིན། །སྤྲོས་མེད་སེམས་ཀྱི་རྡོ་རྗེ་ལ། །སྤྲོས་པ་མེད་པར་འཇུག་རྣམས་ཀྱི། །འཇུག་ངོགས་མཆོག་ནི་ལུགས་འདི་ཉིད། །གང་གིས་རབ་ཏུ་ཕྱེ་བའི་སྒོ། །དེ་ཕྱིར་བསྟན་པའི་ཉིན་བྱེད་འདི། །རྡོ་རྗེའི་གྲྭ་ཟུར་མ་ཉམས་པ། །མཐོན་པོའི་མཁའ་དབྱིངས་ལ་བརྒྱུད་དེ། །འཕགས་བློ་གོ་ལ་ཁོ་ནའི་རྒྱན། །དེ་ལྟ་ན་ཡང་རིག་འཛིན་ཚོགས། །ཐེག་པ་མཆོག་གི་རྒྱལ་ཐབས་སུ། །གསང་བསྟན་དབྱར་གྱི་རྔ་གསང་འདི། །བདུད་སྡེའི་མགོ་བོ་འགེམ་སླད་བརྡུང་། །གྲུབ་བརྒྱའི་ཐུགས་གསང་རིན་ཆེན་སྒྲོམ། །ངོ་མཚར་ཆོས་ཀྱི་གཟི་འོད་བརྒྱས། །ཆོས་འདོད་སྐལ་ལྡན་བྱེ་བའི་ཚོགས། །དངོས་བརྒྱུད་གྲུབ་པ་མཆོག་ལ་དཀྲི། །གཞི་རིག་གདོད་ནས་དག་པའི་ཆར། །རྩོལ་མེད་བཞག་ཐབས་ཀྱིས་བསྣུན་ཏེ། །ཀུན་རྟོག་གཅོད་པའི་འོད་གསལ་ལམ། །མྱུར་ལམ་ཀུན་གྱི་མཐར་ཐུག་ཉིད། །རིག་གདངས་ལྷུན་གྲུབ་གཡོ་བའི་ཆ། །བཞུགས་གཟིགས་ཐབས་ཀྱི་ཡེ་ཤེས་སྐུར། །མངོན་དུ་བྱེད་པའི་གསང་ཆེན་འཕྲུལ། །ངོ་མཚར་ལས་ཀྱང་ངོ་མཚར་གནས། གསང་བ་མཆོག་གི་བདེན་གཉིས་ཀྱི། །ཆོས་ཀྱི་རྔ་ཆེན་འདི་རྡུང་ཚེ། །ཟུང་འཇུག་གཏམ་གྱི་རོལ་མོ་ཕལ། །གུད་དུ་བློ་ལྡན་སུ་ཞིག་ཐོས། །རྩོལ་མེད་ཐབས་ཀྱིས་ཆེ་བ་ཡིས། །བསྟན་འདི་ཁྱད་པར་འཕགས་པའི་དབྱངས། །ཉམས་མྱོང་རྒྱུད་དུ་ལེགས་བཀུགས་ཏེ། །བློ་ཆེན་སོར་མོས་བརྡུང་བའི་སྒྲས། །མུ་མེད་ཕྱོགས་དང་དུས་རྣམས་སུ། །སྐལ་བཟང་རིག་འཛིན་ཚོགས་དགྱེས་ཏེ། །རྡོ་རྗེའི་གླུ་དང་ལྷན་ཅིག་པར། །གསང་ཆེན་ཐེག་དགུའི་རྩེ་མོར་བཏེགས། །ཨེ་མའོ་ཟབ་ཡངས་ཆོས་ཀྱི་མཚོ། །འདོད་དགུའི་ནོར་བུའི་གཡུར་ཟ་བ། །སྐལ་བཟང་ཀླུ་ཚོགས་ཀུན་གྱི་གནས། །འདི་ལ་སེམས་ཤེས་སུ་མི་དད། །ཇི་སྲིད་ལུགས་བཟང་ཆུ་གཏེར་འདི། །བསོད་ནམས་འཛིན་མར་འཁྱིལ་དེ་སྲིད། །གངས་ཅན་བསྟན་པའི་ཀླུང་བརྒྱ་ཡང་། །མི་ཉམས་འབབ་པའི་གསོས་སྨིན་ཏེ། །དེ་ཕྱིར་སྲས་བཅས་རྒྱལ་ཀུན་གྱིས། །འགྲོ་ལ་དགོངས་པའི་བྱིན་རླབས་དང་། །རྟག་དུ་དཔའ་བོ་ཌཱ་ཀི་ཡིས། །བསྟན་འདིར་སྤྱན་རས་ཀྱིས་བཙའ་བའི། །བདེན་པའི་གཟི་འོད་སྟོང་འབར་ཏེ། །སྒྲོ་སྐུར་འདམ་གྱིས་མ་སྦགས་པར། །འཇིག་རྟེན་བསོད་ནམས་རྒྱན་གཅིག་ཏུ། །བདག་ཉིད་ཁོ་ནས་འཛིན་གྱུར་ཅིག། ཅེས་གསང་ཆེན་སྔ་འགྱུར་གྱི་བསྟན་པ་རིན་པོ་ཆེ་ལ་རང་བཞིན་བརྗོད་པའི་སྒོ་ནས་ཅུང་ཟད་བསྟོད་པ་ལོག་རྟོག་མུན་སེལ་དད་པའི་གཟི་བརྒྱ་འབར་བའི་ཉི་མ་ཞེས་བྱ་བ་འདི་ནི། རྒྱལ་དབང་པདྨ་སམ་བྷ་ཝ་དང་དབྱེར་མེད་པའི་རྗེ་བཙུན་ཆོས་ཀྱི་རྒྱལ་བོ༧མཁའ་ཀློང་ཡངས་པ་རྩལ་གྱི་ཞལ་སྔ་ནས་དང་། གྲུབ་དབང་གཏེར་ཆེན་རིན་པོ་ཆེ༧ཨོ་རྒྱན་ལས་རབ་གླིང་པའི་ཞབས་སོགས་པདྨའི་རིགས་སྔགས་འཆང་བའི་མཆོག་གཟིགས་ཀྱི་རྡོ་རྗེ་སློབ་དཔོན་དུ་མ་ལས་གསང་བ་མཆོག་གི་ཆོས་ཀྱི་བཀའ་དྲིན་མང་དུ་ཐོབ་པའི་རིག་པ་འཛིན་པའི་གཟུགས་བརྙན་ཐེག་པ་མཆོག་གི་སྤྲོས་མེད་ཀྱི་དཀྱིལ་འཁོར་ཆེན་པོར་སྨིན་པའི་ལུང་གིས༧ཀུནབཟང་བཞད་པའི་རྡོ་རྗེ་ཞེས་འབོད་པའི་རྣམ་རྒྱལ་དགེ་ལྡན་དུ་བསྒྲིགས་པ་འདིས་ཀྱང་བསྟན་པའི་སྙིང་པོ་འདི་ཉིད་སྒྲོ་སྐུར་དང་བྲལ་ཏེ་ཕྱོགས་དུས་ཀུན་ཏུ་རྒྱས་པར་གྱུར་ཅིག། །དགེ་ལེགས་འཕེལ།།

 རྩོམ་སྒྲིག་པ། མང་ར་བ།

                   གསལ་འདེབས།

                           རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                                                                            དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།