དྲང་ངེས་རྣམ་འབྱེད་ལ་བསྟོད་པ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2022-10-31 14:47:11     རྩོམ་པ་པོ།   སྙན་དགོན་སྤྲུལ་སྐུ་གསུང་རབ།    ཀློག་ཐེངས།  

༄༅། །སུ བྷཱ ཥི ཏཾ དྷུ བྷྱཱཾ ཏྟ སྱ བཱ རྟྟ ནོ བྷྲྀ ངྒ ལཱི ལཱ༄༅། །དྲང་ངེས་རྣམ་འབྱེད་ལ་བསྟོད་པ་ལེགས་བཤད་སྦྲང་རྩིས་མྱོས་པའི་ནཱ་མ་ནིཤྩ་ཡཤྩ་ནེ་ཡཱརྠ་པ་ཊ་ལཾ་སྟོ་ཏྲཾ་བི་ཛ་ཧ་ར་ཏིསྨ༎ནཱ ནི ཤྩ ཤྩ ནེ ཡཱ རྠ ལཾ སྟོ ཏྲཾ བི ཏི སྨ། །གཏམ་ཡིད་འཕྲོག་བུང་བའི་རྩེད་འཇོ་ཞེས་བྱ་བ་བཞུགས་སོ། སུ་དྷཱིཉྤཎྜི་ཏ་ཤྩཱ་བྷི་མ་ཧཱ་རཾ་ཥ་བྷེ༎སུ དྷཱི ཉྤ ཎྜི ཤྩཱ བྷི ཧཱ རཾ བྷེ། །བློ་བཟང་མཁས་དང་བཙུན་པའི་ཁྱུ་མཆོག་ཆེ། དུར་དྷྭེ་ཥུ་ཙིཏྟོཏྤཱ་དཻརྨུ་ནི་ཡཱ་ཏྲཱ༎དུར དྷྭེ ཥུ ཙི ཏྟོ ཏྤཱ དཻ རྨུ ནི ཡཱ ཏྲཱ། །སྙིགས་དུས་ཐུགས་བསྐྱེད་ཟབ་མོས་ཐུབ་པའི་བསྟན། གྲཱ་ཧ་ཀ་རོ་ཛནྟུརྦྱནྟསྶུ་ཏཱ་ར་ཀོ༎གྲཱ རོ ནྟུ རྦྱ ནྟ སྶུ ཏཱ ཀོ །འཛིན་མཛད་འགྲོ་ཁམས་རྒྱ་མཚོ་སྒྲོལ་བའི་མགོན། ན་མོ་ཤ་ཏཱ་ནི་ཨ་ཏུ་ལྱཉྤྲ་སཱ་དོ་ཏྱ༎ མོ ཏཱ ནི ཏུ ལྱ ཉྤྲསཱ དོ ཏྱ། །བཀའ་དྲིན་མཚུངས་མེད་དེ་ལ་ལན་བརྒྱར་འདུད། །ཤིན་ཏུ་རྟོགས་པར་དཀའ་བ་རྡོ་རྗེའི་ཚིག། །རྟོགས་ན་གསུང་རབ་བྱེ་བའི་མཛོད་ཕྱེས་ཏེ། །ངེས་དོན་ནོར་བུ་ལག་རྩེར་གཏོད་པ་ཡི། །འཇམ་མགོན་ཐུགས་བཅུད་ལེགས་བཤད་འདི་ལ་གུས། །ཐེག་མཆོག་ཆོས་མཛོད་ནམ་མཁའི་ཟ་མ་ཏོག། །ཀུན་ནས་འགེང་བའི་བརྗོད་དོན་སྙིང་པོའི་ཕུལ། །སྟོང་ཉིད་གཏམ་གྱི་བདུད་རྩི་བདེ་བླག་ཏུ། །བཏུང་བའི་སྙན་དངགས་འདི་ལ་ཅིས་མི་སྤྲོ། །གསུང་རབ་རིན་ཆེན་སྒྲོམ་གྱི་དྲང་ངེས་ཀྱི། །ཕྲ་ཟབ་རྒྱལ་བའི་དགོངས་པའི་ནོར་སྣ་འབུམ། །མ་མཐོང་དེ་སྲིད་

མངོན་རྟོགས་ཁྱད་ནོར་ལ། །བློ་གྲོས་འཇུག་པ་ཞིབ་མོ་ཇི་ལྟར་རྙེད། །དེ་སླད་ཀླུ་དབང་ཐོགས་མེད་རྣམ་གཉིས་ཞེས། །རྒྱལ་བ་རང་གིས་ཆོས་མཛོད་ཕྱེ་བ་པོར། །བདེན་པའི་ལུང་བསྟན་དུས་ལས་མ་བསྙེལ་པའི། །བསྟན་པའི་ཕྱག་རྗེས་ཕྱོགས་འདིར་འདི་ལས་སྣང་། །དོན་ཟབ་དགོངས་པ་འགྲེལ་བའི་གྲུ་བོ་ཆེས། །ངོ་བོ་ཉིད་མེད་གསུང་རབ་རྒྱ་མཚོའི་རླབས། །བདེ་བླག་གཅོད་པའི་ཐེག་མཆོག་ལྟ་བའི་འགྲོས། །གངས་ཅན་འདི་ན་འདི་འདྲ་སུ་ལ་མཆིས། །སྐྱེ་བ་མེད་པའི་སྒྱུ་མ་སྣ་ཚོགས་གཞིར། །མཚན་ཉིད་མེད་པ་ནམ་མཁའི་མེ་ཏོག་གིས། །སྟོང་བ་དོན་དམ་ངོ་བོ་ཉིད་མེད་མཁའ། །གསལ་བྱེད་ལེགས་བཤད་ཉིན་མོར་བྱེད་པ་ཡིན། །དངོས་འཛིན་ཟུག་རྔུ་ཁད་ཀྱིས་འཇོམ་པ་ཡི། །རྣམ་རིག་སྨན་གྱི་ལྗོན་པ་བསྟེན་པའི་ཚུལ། །རྒྱལ་བའི་ཐབས་མཁས་མཛད་པ་ཇི་ 1བཞིན་དུ། །རིགས་ཚུལ་མེ་ཏོག་བཀྲམ་འདིས་བདག་ཡིད་འཕྲོག། །ཤིང་རྟ་ཆེན་པོའི་རྗེས་འབྲང་ཆེན་པོ་བརྒྱའི། །ལེགས་གསུང་གཏམ་གྱི་དྲི་བཟང་འབུམ་ཕྲག་གིས། །ཀུན་ནས་སྤུངས་པའི་ངོ་མཚར་གཟིགས་མོ་བརྒྱས། །བློ་གྲོས་མཛངས་ལ་དགའ་བ་ཆེས་ཆེར་སྟེར། །ཀུན་བྱང་ཆོས་ཀུན་ཀུན་ནས་རོ་གཅིག་པའི། །གནས་ལུགས་ཟབ་མོར་གནས་སྐབས་བཀྲི་བའི་སྟེགས། །ལེགས་བྱས་ཆོས་འཁོར་ལེགས་པར་ཕྱེས་བས་ཀྱང་། །རྒྱལ་བའི་བསྟན་ལ་རྒྱལ་བ་གཉིས་པར་མཛད། །དགོངས་འགྲེལ་སྐྱ་རེངས་འཕྲུལ་གྱིས་མ་དྲངས་པར། །ཤེར་ཕྱིན་རིག་སྔགས་ནམ་མཁའི་ནོར་བུ་ཆེ། །བློ་གྲོས་གོ་ལའི་ལམ་དུ་འདྲེན་པ་ཡི། །དཔལ་ལྡན་ཀླུ་དབང་ཁྱད་ནོར་འདི་ན་བདོག། །སྣང་ཙམ་འོད་དཀར་བདལ་བའི་ཆོས་ཅན་གཞིར། །སྟོང་ཉིད་བསིལ་ཟེར་འགོད་པ་བྷ་བྱའི་སྲོལ། །ཤར་གསུམ་གཞུང་གི་འོད་ཟེར་འབུམ་དང་བཅས། །ཆོས་འདིའི་མཁའ་ལ་རྫོགས་པར་ཤར་བ་ལགས། །སྣང་བ་ཙམ་ཡང་གཉིས་སྣང་བག་ཆགས་འཕྲུལ། །སྣང་མེད་ཁོ་ན་འཁྲུལ་སྣང་ཟད་པའི་གཤིས། །སྣང་དང་མི་སྣང་བདེན་པ་དབྱེར་མེད་པའི། །སྣང་སྟོང་ཆོས་ལ་ཆོས་འདི་མིག་གཅིག་གྱུར། །དེ་སླད་འཕགས་པ་ཡབ་སྲས་རྣམ་པ་ལྔས། །བྱིན་རླབས་མེ་ཏོག་སྤྱི་བོར་བཅིངས་པའི་གཏམ། །བསླུ་བ་མེད་པ་དུ་བས་མེ་བཞིན་ཏེ། །ངེས་པའི་དོན་ལ་ཟབ་མོའི་བཀའ་བབས་ལགས། །གང་ལ་རིགས་ཚུལ་རྡོ་རྗེའི་མཚོན་བསྣུན་པའི། །མ་རིག་དགྲ་བོའི་ལོག་པའི་སྟངས་ཀ་ཡང་། །འདི་ན་དང་པོར་རྗེན་པར་ཕྱུངས་བ་འདིས། །རྣམ་དཔྱོད་རལ་ག་འགྱེད་ལ་ཤིན་ཏུ་བཟོ། །དེ་ལ་རིགས་ལམ་རྣོན་པོའི་མཚོན་རྩེ་འབུམ། །ཤགས་ཙམ་མིན་པར་འདེབས་ པའི་གཡུལ་གྱི་ལས། །ལྟག་ཆོད་སྐྱོན་གྱིས་ཚུར་ལ་མི་བརྫི་བའི། །ཉོན་མོངས་འཇོམ་པའི་དགྲ་ཐབས་འདི་འདྲ་རྨད། །ཨེ་མ་འགྲེལ་ཆེན་བཞི་ཡི་ལྡེའུ་མིག་གིས། །ཀླུ་སྒྲུབ་སྟོང་ཉིད་གཏམ་གྱི་མཛོད་ཕྱེས་པས། །མ་ཚིམ་ད་དུང་དྲང་ངེས་འོད་དཀར་བརྒྱས། །ཟབ་དོན་གསལ་བྱེད་ཟླ་བ་སླར་ཡང་ཤར། །ཡུལ་གྱི་ངོས་ན་དམིགས་གཏད་འཆེལ་བའི་གནས། །རང་བཞིན་དེ་ལ་དམིགས་ཀྱིས་ཕྱེ་བ་ཡི། །ལུང་རིགས་འགལ་བའི་ལྷུན་པོ་བཞི་བཀལ་བ། །དངོས་འཛིན་གླང་པོ་བརྗིད་ཀྱང་ཇི་ལྟར་ལྕོག། །དེ་སླད་རང་ཕྱོགས་སྒྲུབ་པའི་སྐབས་སུ་ཡང་། །རབ་རིབ་སྣང་བ་ལྟ་བུར་འཐས་པ་ཡིས། །བློ་མིག་ལྡོངས་དང་མཐུན་པའི་སྐབས་བྲལ་ཏེ། །ཐལ་འགྱུར་མཚོན་གྱིས་རྒོལ་ངན་བྱེ་མར་བཏགས། །དེ་ཚེ་རྟོག་གེའི་ཐོ་བས་ཅི་བྱེད་ཅེས། །སྨྲ་བའི་སེང་གེ་རྣམ་པར་བསྒྱིངས་བ་ཡིས། །འཕགས་ཡུལ་གྲུབ་མཐའི་རྩེ་མོའི་ངོ་མཚར་ཕུལ། །ལག་མཐིལ་རྫས་བཞིན་གསུང་ངག་འདི་ཡིས་མཛད། །རང་བཞིན་མེད་ལ་མེད་པའི་གཡའ་མེད་པར། །རྟེན་འབྲེལ་འོད་བརྒྱ་བཀྲག་ཏུ་འབར་བ་དང་། །ལྟོས་ནས་གྲུབ་པར་རང་བཞིན་གྱིས་ཡོད་པའི། །གནས་མེད་སྣང་སྟོང་གྲོགས་སུ་ཤར་བའི་གཏམ། །དམ་ཆོས་དགའ་བའི་ཚལ་ཆེན་དབུས་འགྱུར་དུའང་། །བློ་གྲོས་ལྗགས་ཀྱིས་བརྗོད་ནུས་དཀོན་མོད་དེ། །འདི་ན་ཟབ་མོའི་རིག་སྔགས་དེ་ཁོ་ནས། །ལྟ་ངན་གདོན་ཚོགས་གཟིར་བའི་འཕྲུལ་ཆེན་ངོམས། །ཀྱེ་མ་གངས་ཅན་འདི་ན་མང་པོ་ཞིག། །ཕྱོགས་སུ་ལྷུང་བའི་ལིང་ཏོག་གིས་བསྒྲིབས་ཏེ། །ངེས་དོན་བལྟ་སླད་ཉིན་བྱེད་འདི་སྤངས་ནས། །མུན་ཁྲོད་ལག་ནོམས་བྱེད་པ་ལས་ཀྱིས་ནོངས། །ཀྱེ་ཧུད་སྟོང་ཉིད་གཏམ་གྱི་ནོར་བུ་བརྒྱ། །ཉིན་རེ་བཞིན་ ཡང་ལྷུག་པར་བརྩལ་གྱུར་ཏེ། །གླིང་འདིའི་ཆོས་ཀྱི་མུ་གེ་སོལ་ཅིག་ཅེས། །འཇམ་པའི་རྡོ་རྗེས་མངོན་པར་དབང་བསྐུར་བས། །ལེགས་བཤད་རིན་ཐང་བྲལ་བའི་ཀ་ལ་ཤས། །དྲང་ངེས་རྣམ་པར་དབྱེ་བའི་བདུད་རྩིའི་རྒྱུན། །འདི་ལྟར་སྦྲེང་ཏེ་ཀུན་ལ་མཆོག་སྦྱིན་ཀྱང་། །སྐལ་མེད་བློ་གྲོས་ཁ་རུ་འགྲོ་བ་དཀའ། །ཐལ་རང་གཞུང་ཤན་འབྱེད་ལ་མངོན་ཕྱོགས་ཚེ། །ལྔ་རིགས་སྨྲ་བའི་རྒྱ་གར་མཁས་པས་༼ཛ་ཡ་ཨ་ནནྟ༽ཀྱང་། །མ་ཁྲོལ་པཎ་ཆེན་རྣམས་ཀྱི་རྩོད་པའི་ཚུལ། །འདི་ན་ཉིན་མོའི་གཟུགས་བཞིན་གསལ་བར་གྱུར། །སེམས་ལས་བྱེར་བའི་དོན་ལྔ་མི་འགོག་ཀྱང་། །སེམས་ཙམ་གསུངས་པའི་མདོ་སྡེ་མི་འགལ་བར། །སེམས་དང་སེམས་བྱུང་རྒྱུ་བ་འགོག་བྱེད་པའི། །སེམས་བསྐྱེད་ཟབ་མོ་ཤིན་ཏུ་གསལ་བར་ཕྱེ། །རེ་ཞིག་རྟེན་འབྲེལ་ཚོན་རིས་འཛིན་པའི་གཞིར། །བདེན་པ་སྒྲུབ་པའི་རང་རིག་ཆོ་ག་ཡང་། །མི་འཐད་དོགས་པ་མེད་པའི་མཛངས་པའི་གཏམ། །འདི་ལ་བློ་གྲོས་ལྡན་པ་སུ་མི་མགུ། ལས་འབྲས་རྣམ་པར་འཇོག་པའི་འབབ་སྟེགས་སུ། །ཀུན་གཞིའི་རྡོ་གཅལ་སྟུག་པོ་མི་དགྲམ་པར། །ལས་ཀྱི་ཞིག་པ་དངོས་པོས་བསྐྱེད་པའི་ཚུལ། །རིགས་ལམ་ཕྲ་མོས་བླང་དོར་ངེས་སྟེར་བ། །ཨ་ཧོ་གཏམ་འདི་མགོན་པོ་ཀླུ་སྒྲུབ་དང། །དཔལ་ལྡན་ཟླ་བའི་ཞབས་ཀྱི་གསང་གཏམ་སྟེ། །འདི་ལ་འཕགས་བོད་མཁས་པ་མང་བཤུངས་ཀྱང་། །བློ་གྲོས་ཕྲ་ལ་དགའ་བ་བསྐྱེད་པའི་རྒྱན། །བདེན་གཉིས་དཔྱོད་མཚམས་ཕྲ་རགས་ཟ་འོག་རིས། །མ་མཐོང་ལོང་བའི་ཅ་ཅོ་སྒྲོགས་པ་དག། །ཞིག་པས་འབྲས་བུ་བསྐྱེད་པའི་ལེགས་བཤད་གསེར། །བཏགས་དོན་འཚོལ་བའི་ར་གན་དུ་འཁྲུལ་ཏེ། །རང་གི་བློ་ གྲོས་ངན་རྟོག་གིས་རུལ་བ། །ལྷུག་པར་སྟོན་པའི་སུན་འབྱིན་དྲི་ངན་བརྒྱས། །ཀླན་ཀ་བཙལ་འདིས་མཁས་མང་ཁྲེལ་བའི་གཏམ། །མཁའ་ལ་མི་གཙང་གཏོར་ལྟར་སྤྱི་བོས་མནོས། །མི་ཕམ་དྲིས་ལན་མཚན་ཉིད་གསུམ་གྱི་ཆུས། །སེམས་ཙམ་སྒྲུབ་པའི་རྒྱ་གར་པཎ་ཆེན་༼ཤནྟི་བ་མཆན༽ཀྱང་། །ཡང་དག་རིགས་པས་བྱེ་མར་བཏགས་གྱུར་ན། །ལྗོངས་འདིའི་རྒོལ་ངན་འཇོམས་ལ་ལྟ་ཅི་སྨྲོས། །མཉམ་བཞག་སྤྲོས་བྲལ་ང་རོ་ཆེར་སྒྲོགས་ཀྱང་། །དགག་བྱ་བཀག་ཙམ་བློ་ལ་མི་ཤར་པའི། །བྱེ་སྨྲའི་བློ་ཅན་དབུ་མའི་མིང་འཛིན་ལ། །དགག་པ་གཉིས་ཀྱི་གདམས་པའི་ཆོས་ཆར་འཇོ། །འཁྲུལ་བའི་ཞེན་སྟངས་བཀག་ཙམ་བསྒྲུབ་པ་ཉིད། །མ་རྟོག་བསྒྲུབ་བྱ་མེད་པའི་བློ་གྲོས་མཚངས། །བརྡོལ་བའི་རིགས་ལམ་ཕྲ་མོ་འདི་ཁོ་ནའི། །བཀའ་དྲིན་སྟོང་གསུམ་ནོར་གྱིས་ཇི་ལྟར་འཇལ། །བྱུང་དང་འབྱུང་འགྱུར་ལོག་རྟོག་རབ་རིབ་ནད། །འབྱིན་བྱེད་རིགས་ལམ་དྲང་པོའི་གསེར་ཐུར་གྱིས། །རྒོལ་ངན་ཀུན་ལ་བརྩེ་བའི་མིག་སྦྱིན་པའི། །གཏམ་འདི་གཞན་གྱི་ཕྱོགས་ཞེས་སྒྲོགས་ཕོད་དམ། །མ་རིག་མུན་པས་ཤིན་ཏུ་གཡོགས་པའི་ཁྲོད། །ཕྱོགས་ཞེན་གདོན་གྱི་ཇི་དགར་བརླམ་གྱུར་ཏེ། །རིགས་བྲལ་ལྟར་སྣང་ཚིག་གི་བླ་བརྡོལ་བརྒྱས། །མཁས་པའི་སྤངས་པའི་ཡུལ་དུ་བཤུང་ལ་ཁྲེལ། །བཀའ་བརྒྱུད་འདི་ལ་རྣམ་དཔྱོད་ཀུ་ཤའི་རྩེར། །རྒྱ་གར་མཁས་པའི་གཞུང་བཟང་ཆུ་བོ་བཞི། །མ་འདྲེས་འཛིན་པར་ནུས་པ་བགྲང་ཡས་མོད། །ཆོས་བསྲུང་རིགས་པའི་མཚོན་ཆའང་འདི་ཁོ་ན། །ཀྱེ་མ་བློ་གྲོས་དྲང་པོས་གཏམ་འདི་ཀུན། །རྒྱལ་བའི་དགོངས་པར་གྱུར་མིན་དོགས་པ་ན། །འདིར་འབྱུང་ལུང་རིགས་རྩེ་དགའ་འགྲོ་བ་བཞི། །སྤངས་ཏེ་གཡོ་ བར་ནུས་མིན་དཔྱོད་འཚལ་ལོ། །ཨ་ཧོ་མཁས་པ་གསེར་གྱི་རི་བོ་འབུམ། །ཚར་དུ་དངར་བའི་དགེ་ལྡན་བདུད་རྩིའི་མཚོ། །ཅིར་ཡང་མཛེས་བྱེད་གཙུག་ལག་ཟབ་མོའི་ནོར། །འགྲན་ཟླ་བྲལ་བ་ལེགས་བཤད་སྙིང་པོ་ཉིད། །ལྔ་རིགས་ནོར་བུའི་གདེངས་ཀ་མང་མཛེས་པའི། །མང་ཐོས་ཀླུ་དབང་བྱེ་བ་རོལ་བའི་མཚོ། །རིགས་པའི་རླབས་ཕྲེང་འཕྱོ་བའི་རྩེ་དགའི་གནས། །འདི་འདྲར་ངན་རྟོག་དྲི་མ་ཅེས་མི་བཀྲུ། །མདོ་དང་དགོངས་འགྲེལ་ལུང་གི་མེ་ཏོག་ཚོགས། །ཤིན་ཏུ་བཀྲ་བའི་ལེགས་བཤད་སྐྱེད་ཚལ་འདིར། །ཐུབ་བསྟན་དགའ་སྟོན་ཉམས་སུ་མི་མྱོང་ན། །དེ་ལ་ལས་ཀྱི་ཟུག་ངུས་མ་མནར་རམ། །ཟབ་ཅིང་རྒྱ་ཆེའི་ཤིང་རྟ་ཆེན་པོའི་གཞུང་། །ལེགས་བཤད་ནོར་བུ་ཕྱུར་བུར་སྤུངས་པ་ཡི། །སྙིང་པོ་རིན་ཆེན་རིན་ཐང་བྲལ་བ་འདིར། །དད་གསུམ་སོར་མོས་རྒྱུད་མངས་འདི་བརྡུང་དགེས། །བློ་གྲོས་ལུས་ལ་ཀུན་ལྷན་མི་གཙང་བས། །མངོན་དུ་སྦགས་བཞིན་ཕྱག་རྫོགས་ཆོས་ཀྱི་བཟོ། །བྱེད་མདོག་ཆོས་དང་གང་ཟག་འཛོལ་བའི་ལས། །བཞག་ཏེ་རིགས་ཚུལ་འདི་འདྲས་འཁྲུད་པར་ཤོག། །མ་རྟོགས་མུན་པ་སྒྲོན་མེ་འདིས་སེལ་ཞིང་། །ལོག་རྟོག་དུད་ནད་སྨན་འདིས་བཅོམ་པ་དང་། །ཐེ་ཚོམ་སྒྲོག་ཀྱང་རལ་གྲི་འདིས་བཅད་དེ། །གསུང་རབ་དགའ་སྟོན་ཅིར་ཡང་མྱོང་བར་ཤོག། །མཐོང་བའི་ཆོས་འདིར་དྲང་ངེས་རྣམ་འབྱེད་ཀྱི། །ལེགས་བཤད་ཉི་མ་སྙིང་གི་པདྨོ་རུ། །ཉིན་མཚན་ཀུན་ཏུ་བསྟེན་པའི་སྐལ་བཟང་གིས། །དམ་ཆོས་དྲི་བཟང་ཕྱོགས་བརྒྱར་འཕྲོ་བར་ཤོག། །དེ་ཚེ་དབུ་སེམས་རིགས་པའི་དཀའ་གནད་བརྒྱ། །བློ་གྲོས་བཅུད་དུ་ཐོབ་པའི་ཤེས་རབ་རྩལ། །མི་དམན་སྟོང་ཉིད་མཁའ་དབྱིངས་བགྲོད་པ་ལ། །བློ་ཆེན་རྒྱལ་ སྲས་རྣམས་དང་སྐལ་མཉམ་ཤོག། །བདེན་གཉིས་གཏམ་གྱིས་མ་རིག་གཉིད་སློང་བའི། །རྒྱལ་སྲས་སྤྱོད་པའི་གོ་ཆ་ཆེར་བགོས་ནས། །སངས་རྒྱས་ཞིང་ཀུན་ཀུན་ནས་ཉུལ་བ་ཡི། །འཇམ་དཔལ་དཔའ་བོའི་རྣམ་ཐར་མཐར་ཕྱིན་ཤོག། །གྲངས་མེད་གསུམ་གྱི་ལྷག་མཐོང་རིགས་པའི་དཔུང། །ཡོངས་རྗོགས་གསང་བ་མཆོག་གི་ཐབས་མཁས་ཀྱིས། །སྒྲིབ་གཉིས་མུན་པ་མཐའ་དག་སངས་བ་དང་། །ལྷན་ཅིག་མཁྱེན་གཉིས་མཐའ་མེད་རྒྱས་པར་ཤོག། ཅེས་དྲང་ངེས་རྣམ་འབྱེད་ལ་བསྟོད་པ་ལེགས་བཤད་སྦྲང་རྩིས་མྱོས་པའི་གཏམ་ཡིད་འཕྲོག་བུང་བའི་རྩེད་འཇོ་ཞེས་བྱ་བ་འདི་ནི། རྒྱལ་དབང་པད་དཀར་འཛིན་པ་བཅུ་གསུམ་པ་ཆེན་པོའི་ཞལ་སྔ་ནས་མ་ཧཱ་པཎྜི་ཏ་ཞེས་བསྔགས་པའི་འཇམ་མགོན་བླ་མའི་བསྟན་པའི་མངའ་བདག་ཆེན་པོ་དོན་གྱི་སླད་དུ་མཚན་ནས་སྨྲོས་ཏེ། རྡོ་རྗེ་འཆང༧བློ་བཟང་མཁས་བཙུན་བསྟན་འཛིན་རྒྱ་མཚོའི་ཞབས་ཀྱི་བཀའ་དྲིན་ལས་ཆོས་ཚུལ་འདི་ལ་ཅུང་ཟད་མོས་པ་ཐོབ་པའི་དགེ་སློང་རིགས་པར་སྨྲ་བའི་གཟུགས་བརྙན༧བློ་བཟང་མདོ་སྔགས་ཆོས་ཀྱི་རྒྱ་མཚོ་ཞེས་བྱ་བས་རང་གི་བློ་གྲོས་འཕེལ་བའི་ཆེད་དུ་དཔལ་སྙན་མོ་རིའི་གཙུག་ལག་ཁང་གི་ཉེ་ལོག་རང་ཤག་དཀོན་མཆོག་གསུམ་གྱི་ལྷ་ཁང་དུ་བྲིས་པ་དགེ་ལེགས་འཕེལ།། །།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།