འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་ལ་བསྟོད་པ་ཡིད་འཕྲོག་བུང་བའི་གླུ་དབྱངས་ཞེས་བྱ་བ་བཞུགས་སོ། །

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2022-10-31 14:45:37     རྩོམ་པ་པོ།   སྙན་དགོན་སྤྲུལ་སྐུ་གསུང་རབ།    ཀློག་ཐེངས།  

༄༅། འཇམ་པའི་རྡོ་རྗེ་གདུལ་བྱའི་སྤྱི་དཔལ་དུ།

མཁས་བཙུན་བཟང་ལྡན་བླ་མའི་རྣམ་རོལ་པའི། །

ལྔ་རིག་མཁྱེན་པའི་བློ་གྲོས་འགྲན་བྲལ་པ། །

ཁྱོད་ཞབས་བཏུད་དེ་ཡབ་རྗེའི་ཞབས་ལ་བསྟོད། །

ལྟ་བ་སྙིགས་མའི་མཚན་མོའི་རུམ་དུ་ལོག་རྟོག་མུན་པ་བདོ་བའི་ཚེ། །

བློ་བཟང་གསུང་གི་འོད་དཀར་བརྡལ་བའི་མཁས་ལས་ཆེས་མཁས་ཟླ་བ་ཁྱོད། །

ཐུབ་བསྟན་མཆོད་སྡོང་གཞི་ནས་སློང་པའི་གྲགས་པའི་ཡལ་ག་འཛིངས་པ་ཡི། །

སྨོན་ལམ་འཁྲི་ཤིང་དུས་སུ་འཁྲུངས་འདི་ཡབ་རྗེ་རྗེས་དྲན་སྒོ་གཅིག་ལགས། །

དེ་ཚེ་རབ་ཏུ་མི་གནས་བཞིན་ཡང་གྲུབ་མཐའ་གང་ལ་གནས་འཆའ་པ། །

ཡང་དག་རིགས་ཚུལ་རྡོ་རྗེའི་རྡུལ་ཕྲན་བྱེ་བ་ཁྲག་ཁྲིག་ལས་བསྐྲུན་པའི། །

མཐའ་བཞིའི་སྤྲོས་པ་ཤིན་ཏུ་སྤངས་པའི་བརྗོད་མེད་མེད་དགག་ཆོས་ཀྱི་ཁྲིར། །

ཡབ་རྗེ་ཁྱོད་དང་འཕགས་མཆོག་ཀླུ་སྒྲུབ་རྡོ་རྗེའི་གདན་གཅིག་ཉིད་དུ་གྱུར། །

རང་བཞིན་གྱིས་དག་དག་པའི་གཤིས་དེ་དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་། །

བདུད་རྩིའི་བསྒོ་སྐལ་སྐལ་བས་ཐོབ་བཞིན་བཞིན་མཛེས་བཙུན་མོ་ལ་རོལ་བཞིན། །

གཏན་དུ་ལོངས་སྤྱོད་སྤྱོད་པ་མི་མཉམ་མཉམ་མེད་འདྲེན་པའི་རང་བཞིན་ན། །

མགོན་ཁྱོད་ལ་ ཡང་ཡང་ཡང་བསྟོད་བྱེད་བྱེད་པ་འདིར་མཚུངས་གཞན་ལ་མེད། །

མེད་ཅེས་དགག་པ་འཁྲུལ་བའི་འཛིན་སྟངས་རིགས་པས་སུན་ཕྱུང་ཉིད་ལགས་ན། །

ན་རྒ་འཆི་བ་མི་བཞེད་ཕྱིན་ཆད་འཁོར་ལོ་གཉིས་ཀྱི་སྙིང་པོ་མཆོག། །

མཆོག་དམན་ཐེག་པ་ཀུན་གྱི་སྲོག་སྟེ་འདི་ལ་ཡབ་རྗེ་ཁྱོད་ལས་གཞན། །

གཞན་ཕན་སྤྱོད་པས་འགྲོ་འདྲེན་མང་ཡང་ཟབ་དོན་བལྟ་བའི་མིག་འབྱེད་དཀོན། །

དཀོན་པ་ལས་ཀྱང་ཆེས་ཆེར་དཀོན་པ་སྤྲོས་པའི་རང་བཞིན་སྤངས་པའི་འོག། །

འཁོར་འདས་སྤང་བླང་རྣམ་པར་བཀྲ་བའི་རྟེན་འབྱུང་ཚོན་རིས་བརྒྱ་འཛིན་པ། །

འདི་ཀོ་ལགས་ཞེས་ཀླུ་དབང་གསུང་གི་པདྨོའི་ཟེའུ་འབྲུར་སྣང་ལགས་ཏེ། །

མགོན་པོ་ཁྱོད་ལ་མིང་རྐྱང་ཙམ་གྱི་རོལ་རྩེད་ཉིད་དུ་བསྙོན་མེད་གྲུབ། །

དེ་ལྟ་བས་ན་ལས་དང་འབྲས་བུ་རྣམ་པར་ཆད་པའི་གྲང་རེག་གིས། །

གདུང་བ་སྐྱོབ་པའི་ཞི་བའི་གོས་སུ་ཀུན་གཞིའི་རེ་ལྡེ་སོགས་སྤངས་ཏེ། །

འགག་པ་མེད་ལ་ཤིན་ཏུ་འོས་པའི་ཞིག་པ་པཉྩ་ལི་ཀའི་དངོས། །

བཏགས་ཡོད་སེན་དངོས་པང་དུ་ཤོང་པའི་ལྷ་བརྒྱའི་གོས་ལ་ཅི་ཕྱིར་བཤུང་། །

འགལ་བ་ལྟར་སྣང་སྣང་ཕྱོགས་ཕྲ་མོའི་འཇོག་ཚུལ་ཚུལ་བཞིན་མཛད་པ་ཡི། །

ཀླུ་སྒྲུབ་སྲོལ་འཛིན་འཛིན་མའི་རྒྱན་གྱུར་མཁས་མཆོག་མཆོག་གསུམ་གྲངས་འཛིན་པའི། །

ཟབ་མོའི་གསུང་ངག་ངག་གི་དབང་ཕྱུག་གིས་བསྟན་བསྟན་པའི་ཉིང་ཁུ་འདིར། །

འཇུག་པར་རིགས་སོ་སོ་སོ་རང་རིག་ཡུལ་དེ་དེ་ལྟར་ཤིན་ཏུ་གྲུབ། །

གྲུབ་མཐའ་བཞི་དང་ཐེག་པ་གསུམ་གྱི་རྒྱལ་བསྟན་ནོར་བུ་ཇི་སྙེད་ཀུན། །

ཀུན་བཟང་སྤྱོད་པའི་དགའ་སྟོན་གཅིག་ཏུ་འགལ་མེད་གདམས་པར་ཤར་བའི་ལམ། །

ལམ་རིམ་གཉིས་ཀྱིས་གངས་ཅན་འདིས་མཚོན་རྣམ་དཔྱོད་ལྡན་པ་འབུམ་གྱི་ཡིད། །

ཡིད་བཞིན་འདོད་པ་འཇོ་བའི་ནོར་བུས་ཆགས་ལྡན་དགའ་བར་བྱེད་པ་བཞིན། །

དེ་ལྟ་ལགས་ན་རང་གི་བློ། །

ཤིང་རྟ་ཆེན་པོའི་གཞུང་ལུགས་ཀྱི། །

ཡང་ཡང་བྱི་དོར་བྱས་པ་ན། །

ད་གདོད་ཁྱོད་གསུང་ངོ་མཚར་ཆར། །

གླིང་འདིར་དམ་ཆོས་ཉིན་བྱེད་ཁྱོད། །

དུས་རིང་ཉིད་ནས་ཤར་ན་ཡང་། །

ད་དུང་རྨོངས་པ་བྱང་བསྟན་ཕུག། །

མུན་པའི་ཁུང་བུར་གྱུར་འདི་ཅི། །

ཕྱོགས་སུ་ལྷུང་བའི་སེམས་གདུང་བས། །

ཞི་བ་ནམ་ཡང་མི་མཐོང་ཞེས། །

བདག་ཉིད་ཆེན་པོའི་གསུང་པ་འདི། །

འདི་ལྟར་བདེན་པའི་ཚིག་དུ་གྱུར། །

ལེགས་པར་བཤད་པའི་བདུད་རྩི་ཆེས་མངར་ཀྱང་། །

ལོག་པའི་དུག་དུ་མཐོང་ནས་དོར་བ་ཡི། །

རིས་ཆད་བློ་ཡི་དྲི་མ་དེ་ལྟ་བུ། །

ནམ་ཡང་ཡིད་ལ་འཇུག་པར་མ་གྱུར་ཅིག། །

ངེས་དོན་ལུང་གི་ཚོན་བརྒྱས་རྣམ་ཕྱེ་བ། །

ཡང་དག་རིགས་པའི་པིར་གྱིས་ལེགས་བཅད་པའི། །

ཡབ་རྗེའི་ལུགས་བཟང་བདེ་གཤེགས་སྐུ་གཟུགས་ཀྱི། །

ངོ་མཚར་བལྟད་མོ་རྟག་ཏུ་བལྟ་བར་ཤོག། །

སྐྱེ་བ་ཀུན་ཏུ་ཚུལ་ཁྲིམས་རྣམ་དག་པའི། །

ཚངས་སྤྱོད་རྟེན་ལ་ཐེག་པ་ཆེན་པོའི་ཆོས། །

ཚངས་ལ་མ་ནོར་བཀའ་གདམས་གསར་རྙིང་ལུགས། །

ཐོས་བསམ་སྒོམ་པས་རྟག་ཏུ་འཛིན་པར་ཤོག། །

དེ་ཚེ་འཇིགས་ཚོགས་ལྟ་བའི་ཀུན་བཏགས་པ། །

མེད་པར་དགག་པའི་འཁྲུལ་བ་སུན་ཕྱུང་དོན། །

དོན་གྱི་དམ་པར་སྙིང་ནས་ངེས་འདྲོངས་ཏེ། །

ལྟ་བ་མཆོག་འཛིན་རབ་ཏུ་སྤང་ནུས་ཤོག། །

རང་མཚན་གྲུབ་པ་རྡུལ་ཙམ་མེད་ན་ཡང་། །

ལས་ཀྱི་ཞིག་པའི་འབྲས་བུ་སྐྱེད་ནུས་པ། །

སྣུམ་ཟད་པ་ཡིས་མར་མེ་ཤི་བ་ལྟར། །

ལས་འབྲས་འཇོག་ཚུལ་ཕྲ་མོར་ངེས་རྙེད་ཤོག། །

ལས་མ་ཞིག་པར་འབྲས་བུ་མི་འབྱུང་ན། །

ཆུད་མི་ཟ་དང་ཐོབ་པ་མི་དགོས་པར། །

ཞིག་པ་རང་གིས་འབྲས་བུ་ངེས་འབྱིན་པའི། །

རྟེནའབྲེལ་བསླུ་མེད་ཚུལ་ལ་མཁས་པར་ཤོག། །

ནམ་ཡང་སྙིང་བརྩེས་ཡང་དག་རིགས་ལམ་ཀྱིས། །

གཞན་དག་ཚར་གཅོད་བྱེད་པ་མ་གཏོགས་པར། །

སུ་ལའང་སུན་འབྱིན་ཚིག་དང་སྨོད་པའི་ཚིག། །

རྣམ་པ་ཀུན་ཏུ་བྱེད་པར་མ་གྱུར་ཅིག། །

དམ་པ་རྣམས་ལ་ནམ་ཡང་དགོས་མེད་དུ། །

ཀླན་ཀ་འཚོལ་བའི་བསམ་པ་མི་སྐྱེ་ཞིང་། །

ཐེག་པ་ཆེན་པོས་འགྲོ་བ་མཐའ་དག་ལ། །

དགེ་བའི་བཤེས་ཀྱི་འདུ་ཤེས་རྙེད་པར་ཤོག། །

གཡོ་དང་སྒྱུ་ཡིས་ཆ་ཙམ་མ་བསླད་པར། །

གཞན་སེམས་བསྲུང་བའི་ཐབས་ལ་རབ་གོམས་ཏེ། །

ཡིད་དང་མཐུན་པའི་སྤྱོད་པ་ཁོ་ནའི་སྒོས། །

རྒྱལ་སྲས་སྤྱོད་པ་མཐའ་དག་རྫོགས་པར་ཤོག། །

ཅེས་ཡབ་རྗེ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་ལ་བསྟོད་པ་ཡིད་འཕྲོག་བུང་བའི་གླུ་དབྱངས་ཞེས་བྱ་བ་འདི་ནི། སྙིགས་མའི་དུས་འདིར་རྒྱལ་བའི་གསུང་རབ་ལ་དཔྱོད་པའི་སྒོ་མ་དོད་བཞིན་ཡུལ་དམ་པ་འདི་འདྲ་ལ། སྟོང་ཉིད་མེད་དགག་གི་ཁྲི་ལ་བཞུགས་ནས། ཞིག་པ་དངོས་པོའི་ཆོས་འཁོར་ཞིག་བསྐོར་ཏེ་སོགས་ཀྱི་སུན་འབྱིན་པ་ཐོས་ནས། སྨད་པ་བསྟོད་པའི་དོན་དུ་སོང་ངོ་སྙམ་དུ་ཡང་དག་པའི་རིགས་པའི་དགའ་སྟོན་ཉམས་སུ་མྱོང་སྟེ། འཇམ་དབྱངས་དངོས་ཀྱི་དགེ་བའི་བཤེས་གཉེན་གྱིས་རྗེས་སུ་བཟུང་བའི་བཀའ་དྲིན་ལས། ཡབ་རྗེའི་རང་ལུགས་མགོན་པོ་ཀླུ་སྒྲུབ་ཡབ་སྲས་ཀྱི་བཀའ་སྲོལ་དུ་ཡིད་ཆེས་རྙེད་པ་དྷརྨ་སཱ་ར་ཞེས་བྱ་བས་སྙན་མོ་རིའི་གཙུག་ལག་ཁང་ནས་བྲིས་པའི་རྒྱལ་བསྟན་སྙིང་པོ་འདི་ཉིད་ཕྱོགས་དུས་ཀུན་ཏུ་རྒྱས་པའི་རྒྱུར་གྱུར་ཅིག། ། །།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།