རྟོགས་བརྗོད་བློ་བཟང་འཛུམ་པའི་མེ་ཏོག་ཅེས་བྱ་བ་བཞུགས་སོ།།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2021-02-17 13:18:26     རྩོམ་པ་པོ།   ངྷཱི་ཚ། ཚུལ་ཁྲིམས་རྒྱ་མཚོ།    ཀློག་ཐེངས།  

རྨད་བྱུང་རྟེན་འབྱུང་གཏམ་གྱི་སྤྲིན་དབྱངས་ཀྱིས།།

ས་གསུམ་བརྟན་གཡོ་སྐད་ཅིག་འདར་བྱེད་པའི།།

ཐུབ་པ་དགྱེས་པའི་འོད་ཀྱི་ཕུང་པོ་ཡིས།།

བྱིན་རླབས་དྲོད་བཅས་ཁྱེད་ལ་འཁྱུད་གྱུར་ཅིག།

མ་འདྲིས་འགྲོ་བའི་གཉེན་གཅིག་ཙོང་ཁ་པའི།།

ངོ་མཚར་རྟོགས་བརྗོད་གཱང་གའི་བྱེ་སྙེད་ལས།།

སྒྲོ་སྐུར་ཚིག་གི་དྲི་མས་མ་བསླད་པར།།

ཆ་ཙམ་སྲོང་བོར་བརྗོད་ལ་གུས་པས་ཉོན།།

འཁྲུངས་པའི་ཡུལ་དང་དུས་དང་རིགས་རུས་དང་།།

ཐོས་བསམ་སྒོམ་གསུམ་རྒྱ་ཆེར་གནང་ཚུལ་དང་།།

བསྟན་འགྲོར་གཅིག་ཏུ་སྨན་པའི་མཛད་བཟང་སོགས།།

དུས་གསུམ་དགེ་བའི་གཏམ་འདིའི་གླེང་གཞི་ཡིན།།

དེ་ཡང་ཆེན་པོ་བོད་ཀྱི་ཞིང་ཁམས་འདིར།།

སྔོན་བྱོན་རྒྱལ་བློན་ལོ་པཎ་དུ་མ་ཡིས།།

སྲོག་བསྡོས་དཀའ་བས་རྒྱལ་བསྟན་སྤེལ་བྱས་ཀྱང་།།

ཆེར་སྙིགས་ལས་ཀྱིས་ཡང་ཡང་ཉམས་པར་གྱུར།།

འོན་ཀྱང་སྙིང་རྗེའི་དབང་གྱུར་སེམས་དཔའ་རྣམས།།

རྒྱུན་མི་འཆད་པར་བྱོན་པའི་བཀའ་དྲིན་ལས།།

གངས་ལྗོངས་དམ་ཆོས་འོད་ཀྱི་འཁོར་ལོ་ནི།།

འགལ་རྐྱེན་སྤྲིན་ལས་ཡང་ཡང་རྒྱལ་བར་བྱས།།

ཉམས་བཞེས་བཀའ་སྲོལ་མཁའ་དང་མཉམ་བརྡལ་བའི།།

ཨ་ཏི་ཤ་ཡི་ཐུགས་བསྐྱེད་གོ་ཆ་ལས།།

རྒྱལ་བསྟན་དྲི་མའི་གཡུལ་ངོ་བཟློག་བྱས་ཀྱང་།།

སླར་ཡང་ལྟར་སྣང་ཆོས་ཀྱི་དཔུང་རྒྱས་ཏེ།།

ཐུབ་བསྟན་རྒྱུ་སྐར་སྨག་དང་འགྲོགས་པའི་དུས།།

ཆོལ་གསུམ་སྨད་ཀྱི་ཙོང་ཁའི་འཛིན་མ་རུ།།

འདབ་བརྒྱད་པད་མའི་ས་བཀྲ་ལེགས་པའི་གཞིར།།

རིགས་རུས་ཕུན་ཚོགས་མལ་གྱི་གདུང་རྒྱུད་དུ།།

ཡབ་ནི་ད་ར་ཁ་ཆེ་ཀླུ་འབུམ་དགེ།

ཡུམ་མཆོག་ཤིང་བཟའ་ཨ་ཆོས་ཞེས་བྱ་ལས།།

བསོད་ནམས་མཐུ་ལས་ངོ་མཚར་ལྟས་དང་བཅས།།

རིགས་སྲས་དྲུག་གི་བཞི་པར་འཁྲུངས་སོ་སྐད།།

ཕྱི་ཡི་བགྲང་བྱ་གཅིག་གསུམ་ང་བདུན་ལོར།།

གང་གི་ལྟེ་མཚལ་ས་ལ་འཕོས་པ་ལས།།

བྱང་ཆུབ་ཤིང་ལྟར་ཙན་དན་ལྗོན་བཟང་ནི།།

འབུམ་ཕྲག་སྐུ་བཅས་འགྲོ་བའི་དཔལ་དུ་ལྷམ།།

༡༠ རྒྱལ་ཀུན་ཡེ་ཤེས་འགྲོ་བའི་དད་རྟེན་དུ།།

དཔལ་གྱི་དུམ་བུའི་གཟུགས་སུ་ཉེར་སྨིན་པས།།

བྱང་རྒྱུད་ལུམ་བུའི་ཚལ་ཞེས་ལྷ་རྣམས་ཀྱང་།།

སྤྲིན་དཀར་ཟོལ་གྱིས་མཆོད་དང་སྐོར་ལ་བྲེལ།།

༡༡མངོན་ཤེས་སྤྱན་ལྡན་དོན་གྲུབ་རིན་ཆེན་གྱིས།།

ཆུ་དཀར་གནས་སུ་རྡོ་རྗེ་འཇིགས་བྱེད་ཀྱི།།

བསྙེན་སྒྲུབ་མཛད་དུས་ལྷག་ལྷས་རྨི་ལམ་དུ།།

སང་ལོར་ལུང་མདར་མཇལ་བར་བཀའ་སྩལ་བཞིན།།

༡༢ཉིད་ཀྱི་ཉེ་གནས་ཚུལ་ཁྲིམས་ལྡན་པ་ལ།།

རིག་པ་རྒྱས་བྱེད་འཇམ་དབྱངས་རིལ་བུ་དང་།།

སྲུང་རྟེན་བྱིན་ཅན་འཕྲིན་བཅས་བསྐུར་མཛད་དེ།།

གཙང་སྦྲའི་འོད་ཀྱིས་སྒེག་པ་གལ་བར་གདམས།།

༡༣ཕྱེད་གསུམ་བཞེས་ཚེ་ཤར་རྫོང་རི་ཁྲོད་དུ།།

ཆོས་རྗེ་ཀརྨ་རོལ་བའི་རྡོ་རྗེ་ལས།།

དགེ་བསྙེན་སྡོམ་མནོས་ཀུན་དགའ་སྙིང་པོར་གསོལ།།

དབུ་སྐྲ་དོར་བའི་ཤུལ་དུའང་ལྗོན་པ་འཁྲུངས།།

༡༤ ལོ་གསུམ་ཕེབས་དུས་དོན་གྲུབ་རིན་ཆེན་རྗེས།།

ཡབ་ཡུམ་རྣམ་གཉིས་ནོར་གྱིས་མཉེས་བྱས་ཏེ།།

བུ་འདི་ང་ལ་ཕུལ་ཞེས་བཀའ་བསྒོས་ལྟར།།

རྒྱལ་སྲས་གཞོན་ནུ་རངས་པས་ཕུལ་བར་མཛད།།

༡༥ དྲུག་སྟེང་བྱ་ཁྱུང་གནས་སུ་ཆོས་རྗེ་ཡིས།།

བདེ་མཆོག་ཀྱཻ་རྡོར་ཕྱག་ན་རྡོ་རྗེ་ཡི།།

དཀྱིལ་འཁོར་དུ་མར་བཅུག་ཅིང་དབང་བསྐུར་ཏེ།།

གསང་མཚན་དོན་ཡོད་རྡོ་རྗེ་ཞེས་སུ་བཏགས།།

༡༦ སྦྱོར་ཀློག་ཉིད་ཀྱིས་དཔྱད་པ་ཙམ་གྱིས་བྱང་།།

བདེ་དགྱེས་ཀུན་རིག་གཤིན་རྗེའི་གཤེད་སོགས་ཀྱི།།

ཆོ་ག་མང་བཟུང་བདེ་མཆོག་བདག་འཇུག་ཀྱང་།།

ལན་མང་མཛད་ཅིང་སྒོམ་བཟླས་བྱེད་ལ་འགྲུས།།

༡༧ བདུན་སྟེང་ཕྱག་ན་རྡོ་རྗེ་ཨ་ཏི་ཤ།

རྨི་ལམ་ཚུལ་གྱིས་རྒྱུན་པར་ཞལ་གཟིགས་པ།།

འགལ་རྐྱེན་དཔུང་གིས་མི་ཚུགས་བོད་ཡུལ་དུ།།

ཕུལ་བྱུང་ཞབས་བཞིན་བསྟན་པ་སྤེལ་བའི་བརྡ།།

༡༨བྱ་ཁྱུང་ཆོས་ཀྱི་དགའ་ཚལ་དམ་པ་རུ།།

ཆོས་རྗེ་ཉིད་དང་གཞོན་ནུ་བྱང་ཆུབ་དྲུང་།།

སྲིད་གསུམ་འདར་བྱེད་ངེས་འབྱུང་བརླན་དང་བཅས།།

ཡིད་འོང་དགེ་ཚུལ་ཁྲིམས་ཀྱི་མེ་ཏོག་མནོས།།

༡༩ཆོས་རྗེའི་བླ་མ་མཆིམས་ཀྱི་ཞལ་སྔ་ནས།།

སྔོན་དུས་མ་འོངས་ལུང་བསྟན་བཀའ་བསྩལ་བཞིན།།

བློ་བཟང་གྲགས་པའི་དཔལ་ཞེས་བྱ་བ་ཡི།།

མཚན་གྱི་རོལ་མོས་ས་ཆེན་རྣམ་དྲུག་གཡོས།།

༢༠ དེ་ཡང་ཆོས་རྗེ་དོན་འགྲུབ་རིན་ཆེན་ནི།།

རྨད་བྱུང་ལྟས་བཅས་རེབ་གོང་ཡུལ་དུ་འཁྲུངས།།

ཆུང་དུས་རབ་བྱུང་དབུས་གཙང་གནས་སུ་བྱོན།།

མདོ་སྔགས་གཞུང་ལ་ཐོས་པ་རྒྱ་མཚོ་བསྐྱིལ།།

༢༡ སྙེ་ཐང་མཁས་པ་བཀྲ་ཤིས་སེང་གེ་ལས།།

ཕར་ཕྱིན་བྱམས་ཆོས་ཀུན་ལ་བྱང་བར་སྦྱངས།།

སྣར་ཐང་ལྡོང་སྟོན་རིགས་པའི་སེང་གེ་ལས།།

ཚད་མ་རྣམ་ངེས་གསན་སྦྱོང་མཐར་ཕྱིན་མཛད།།

༢༢ དེའི་ཚེ་རིགས་པ་ཅུང་ཟད་འཆར་དཀའ་ནས།།

ཞ་ལུར་ཕེབས་ཏེ་འཕགས་པ་རང་བྱོན་དྲུང་།།

ཞབས་ལ་ཁྲག་རྡོལ་བར་དུ་སྐོར་ཕྱག་མཛད།།

བསགས་སྦྱངས་སྟོབས་ཀྱིས་རིག་པ་ཀློང་དུ་རྡོལ།།

༢༣ མཐུན་རྐྱེན་དཀོན་པས་སྐྱོ་ཚུལ་ཙམ་ལ་བརྟེན།།

ཞ་ལུ་ཆོས་སྡེར་གྲྭ་སྐོར་མཛད་པའི་ཚེ།།

ཆོས་རྗེ་བུ་སྟོན་ཞབས་དང་རྩོད་བྱས་པས།།

ཤར་ཕྱོགས་རིགས་པའི་དཔའ་བོ་ཞེས་སུ་གྲགས།།

༢༤ ཤིང་ཀུན་ཆོས་སྡེ་ཆེན་པོའི་མཁན་པོ་མཛད།།

ཕྱག་རྫས་གང་ཡོད་ཆོས་ཀྱི་ཕྱོགས་སུ་བཏང་།།

སྐྱེས་མཆོག་རྟོགས་ལྡན་པ་ཡི་ཞབས་དྲུང་དུ།།

སྒོ་གསུམ་ཕུལ་ནས་སྒྲུབ་ལ་རྩེ་གཅིག་གཞོལ།།

༢༥ཚད་ལྡན་གཞུང་ལྟར་ཞི་གནས་མྱོང་བ་ཐོན།།

བླ་མའི་བཀའ་བཞིན་མདོ་ཁམས་སྨད་དུ་བྱོན།།

ཤར་པང་དགོན་བཏབ་འཆད་ཉན་ལེགས་བཙུགས་ཀྱང་།།

བཞེད་ལྟར་མ་གྲུབ་ཤཱཀྱ་བཟང་པོར་གཏད།།

༢༦ གདན་ས་ཆེན་པོ་བྱ་ཁྱུང་ཆོས་སྡེ་བཏབ།།

མདོ་སྔགས་འཆད་ཉན་དབུས་དང་མཉམ་པར་བྱས།།

ལྷག་ལྷས་རྗེས་བཟུང་གྲུབ་པ་མཆོག་བརྙེས་པས།།

ཞི་བར་མནལ་ཚེ་ལྷ་ཡིས་སིལ་སྙན་དང་།།

༢༧ མེ་ཏོག་ཆར་གྱི་མཆོད་པས་མཉེས་བྱས་ཤིང་།།

འདི་ནས་བྱང་ཕྱོགས་འདས་པའི་ཕ་རོལ་ཏུ།།

བདེ་གཤེགས་རྔ་སྒྲ་སྒྲོགས་པའི་ཞིང་ཁམས་སུ།།

འབྱོན་པར་འགྱུར་ཞེས་མཁའ་ལས་སྒྲ་ཆེན་གྲགས།།

༢༨ དེ་ལྟར་བླ་མ་ཐམས་ཅད་མཁྱེན་པ་དེས།།

བྱང་སེམས་གཞོན་ནུ་གང་དེ་མ་འོངས་པར།།

མདོ་སྔགས་བསྟན་པའི་བདག་པོར་འགྱུར་གཟིགས་ནས།།

སྨན་གྱི་མྱུ་གུ་བཞིན་དུ་གཅེས་པར་བསྐྱངས།།

༢༩ འཇམ་དབྱངས་ཨ་ར་པ་ཙའི་བསྙེན་སྒྲུབ་ཚེ།།

གཟུངས་སྔགས་ཡི་གེས་གཟིམ་ཁང་ཁྱབ་པར་གྱུར།།

རྡོར་དབྱིངས་རྩེ་མོ་དཔལ་མཆོག་གྲྭ་ལྔ་དང་།།

འཁོར་ཆེན་ལ་སོགས་གོང་འོག་ཀུན་ལ་སྦྱངས།།

༣༠ དེའི་ཚེ་དབུས་གཙང་གཏམ་གྱིས་ཐུགས་དྲངས་ཏེ།།

ཕེབས་འདུན་ཟླ་བའི་འཕེལ་ཀ་རྫོགས་པ་ན།།

བཅུ་དྲུག་ལོན་ཚེ་བླ་མས་སྐྱེས་དང་བཅས།།

དབུས་སུ་ཕེབས་པའི་ཞལ་གདམས་འདི་ལྟར་སྩལ།།

༣༡དང་པོར་ཐོས་པ་རྒྱ་ཆེན་འཚོལ་ཚུལ་དང།།

བར་དུ་བསམ་དང་སྒོམ་པའི་རིམ་པ་དང་།།

ཐ་མར་གདུལ་བྱ་སྐྱོང་བའི་ངང་ཚུལ་རྣམས།།

ཡེ་ཤེས་སྤྱན་གྱིས་འབྱུང་འགྱུར་ཚུལ་དུ་གསུངས།།

༣༢བར་ཆད་སྲུང་བའི་ལྷ་མཆོག་འཁོར་ཆེན་དང་།།

ཤེས་རབ་སྐྱེད་པའི་ལྷག་ལྷ་འཇམ་དཔལ་དབྱངས།།

སྐུ་ཚེ་སྲིང་བའི་ལྷ་མཆོག་ཚེ་དཔག་མེད།།

མཐུན་རྐྱེན་སྒྲུབ་པའི་གྲོགས་བཟང་རྣམ་ཐོས་སྲས།།

༣༣མི་དང་མི་མིན་གནོད་འཇོམས་ཡེ་ཤེས་མགོན།།

ང་ཡི་ལྷ་ཡིན་ཁྱེད་ལ་སྟེར་བ་ཡིན།།

འདི་རྣམས་བསྙེན་སྒྲུབ་གཏོར་མ་མ་ཆག་གྱིས།།

གསུངས་ཤིང་རྒྱལ་སྲས་གཞོན་ནུའི་ཕེབས་རྫོང་དུ།།

༣༤ཚོགས་འཁོར་བཤམས་ཤིང་མཁའ་འགྲོར་གསོལ་བཏབ་སྟེ།།

མཎྜལ་ཚོམ་བུ་སྤར་གང་བཅས་ཕུལ་བ།།

རིན་ཆེན་འབར་བའི་རྣམ་པར་དོད་གྱུར་པས།།

བསྟན་པའི་བདག་པོར་དགྱེས་བཞིན་ལུང་བསྟན་གནང་།།

༣༥འགྲོ་བའི་མིག་གཅིག་མཚན་ལྡན་བླ་སློབ་ཟུང་།།

དད་དང་བྱམས་བརྩེས་ཡུད་ཙམ་འབྲལ་ཕངས་ཏེ།།

གཞོན་ནུས་མཆི་མའི་ཤལ་བ་འཐེན་བཞིན་དུ།།

འཇམ་དཔལ་མཚན་བརྗོད་གསུང་གིན་གསུང་གིན་ཕེབས།།

༣༦ གློ་བུར་བླ་མའི་དྲིན་དྲན་ཕྱིར་ཕྱོགས་པས།།

ཕྱིར་མི་ལྡོག་པ་ཅེས་པའི་ཚིག་དང་མཉམ།།

ཚེ་འདིར་སླར་ཡང་ཡུལ་དུ་མི་ལྡོག་པའི།།

རྟེན་འབྲེལ་ཉིད་དུ་འདུག་ཅེས་ཕྱིས་སུ་གསུངས།།

༣༧ལྡན་མ་རིན་ཆེན་དཔལ་གྱིས་གདན་དྲངས་ཏེ།།

གྲོགས་མཆོག་འཕྲིན་ལས་པ་དང་ལྷན་ཅིག་ཏུ།།

བཅུ་བདུན་ལོན་ཚེ་འབྲི་གུང་ནགས་ཁྲོད་དུ།།

སྤྱན་སྔ་ཆེན་པོ་ཆོས་ཀྱི་རྒྱལ་པོར་མཇལ།།

༣༨དེ་ཡི་དྲུང་དུ་སེམས་བསྐྱེད་ཆོ་ག་དང་།།

ཕྱག་ཆེན་ལྔ་ལྡན་ལ་སོགས་མང་གསན་ཞིང་།།

ཐོག་མཐའ་བར་དུ་དགེ་བའི་སྨོན་ལམ་མཆོག།

དྲང་སྲོང་བདེན་པའི་དབྱངས་ཀྱིས་སྤེལ་བར་མཛད།།

༣༩ དོན་གཉེར་ཆེ་བའི་གྲོགས་ཀྱི་གཞན་དབང་ལས།།

ཚལ་བའི་ལྷ་རྗེ་དཀོན་མཆོག་སྐྱབས་ཀྱི་དྲུང་།།

སྨན་གྱི་གཞུང་ལ་ཐོས་པ་མང་བསགས་ཤིང་།།

གསོ་དཔྱད་ཡན་ལག་བརྒྱད་པ་ཐུགས་འཛིན་གནང་།།

༤༠དབུས་ཀྱི་གདན་ས་དྲུག་གི་ཡ་གྱལ་ཏེ།།

སྙེ་ཐང་བདེ་བ་ཅན་གྱི་གྲྭར་ཞུགས་ནས།།

མཁས་པ་ཆེན་པོ་བཀྲ་ཤིས་སེང་གེ་དང་།།

དགོན་དེའི་དགེ་སྐོས་གཉིས་ལ་ཆོས་འབྲེལ་གསན།།

༤༡ཀློག་པའི་སློབ་དཔོན་ཡོན་ཏན་རྒྱ་མཚོ་དང་།།

ཞར་ཆོས་སློབ་དཔོན་ཨུ་རྒྱན་པས་མཛད་ནས།།

ཡུམ་གསུམ་རྒྱན་གྱི་རྩ་འགྲེལ་ལ་སྦྱངས་པས།།

བཅོ་བརྒྱད་ཉིན་གྱིས་ཚིག་དོན་ཐུགས་སུ་ཆུད།།

༤༢ མཁས་པ་འཇམ་སྐྱའི་འགྲེལ་བ་ལ་བརྟེན་ནས།།

ཕར་ཕྱིན་གཞུང་ལ་བློ་གྲོས་སྤྱན་རྒྱས་པས།།

སློབ་དཔོན་གྲོགས་མཆེད་ཀུན་གྱི་ཡིད་དྲངས་ཏེ།།

རྣམ་དཔྱོད་རྩལ་ལ་བསྔགས་བརྗོད་མེ་ཏོག་གཏོར།།

༤༣ བྱམས་ཆོས་ཀུན་ལ་མཁས་པའི་སྤྱན་མངའ་བའི།།

དགེ་བཤེས་འཇམ་རིན་པ་ཞེས་བྱ་བའི་དྲུང་།།

མ་ཕམ་གཞུང་རྣམས་ཞིབ་ཏུ་གསན་པ་ཡིས།།

ལེགས་བཤད་གཏམ་གྱིས་ཐུགས་རྒྱུད་གང་བར་གྱུར།།

༤༤ ས་སྐྱོང་མི་ཡི་དབང་པོའི་ཅོད་པན་ཏེ།།

བླ་མ་དམ་པ་བསོད་ནམས་རྒྱལ་མཚན་ལས།།

བདེ་མཆོག་དྲིལ་བའི་དབང་དང་འཇམ་དབྱངས་དང་།།

གུར་གྱི་མགོན་པོ་གཉིས་ཀྱི་རྗེས་གནང་ཐོབ།།

༤༥ བཅུ་དགུར་སོན་ཚེ་གསང་ཕུ་བདེ་བ་ཅན།།

ས་སྐྱ་དགོན་དང་འདར་གྱི་བཟང་ལྡན་དང་།།

ངམ་རིང་འགའ་རོང་ཨེར་གྱི་ཆོས་གྲྭ་ཆེ།།

གནས་རྙིང་རྣམས་སུ་ཕར་ཕྱིན་གྲྭ་སྐོར་མཛད།།

༤༦ན་ཚོད་ཕྲ་ཡང་ལུང་རིགས་གཏེར་གྱུར་པས།།

གཟུར་གནས་མཁས་རྒུའི་ཡིད་ཀྱི་བརྟན་པ་འཕྲོག།

དོན་གྱི་གྲགས་པ་ས་འཛིན་རྩེར་བརྒལ་ཏེ།།

ཕྱོགས་ཀྱི་བུ་མོའི་རྣ་བའི་རྒྱན་དུ་ཆས།།

༤༧ཞ་ལུར་ཕེབས་ནས་བུ་ཡི་ཐུགས་ཀྱི་སྲས།།

སྒྲ་ཚད་རིན་ཆེན་རྣམ་རྒྱལ་ཞེས་བྱའི་དྲུང་།།

བདེ་མཆོག་མཻ་ཏྲི་བཅུ་གསུམ་དབང་ཐོབ་ཅིང་།།

ས་བཟང་མ་ཏི་མཆོག་ལའང་ཆོས་འབྲེལ་གསན།།

༤༨ཇོ་མོ་ནང་དུ་ཆོས་རྗེ་ཕྱོགས་རྒྱལ་ལས།།

དུས་འཁོར་སྦྱོར་དྲུག་ལ་སོགས་ཆོས་མང་གསན།།

སྤྱི་བོ་ལྷས་སུ་དེ་གའི་མཁན་ཆེན་ལས།།

བཀའ་གདམས་ལམ་གྱི་རིམ་པའི་ལུང་ཡང་ཐོབ།།

༤༩སྣར་ཐང་མཁས་པ་ཆེན་པོ་དོན་བཟང་ལས།།

བསམ་བཟང་མཛོད་ཊཱིཀ་གསན་ཡང་ཐུགས་མ་ཚིམ།།

ཉ་ཊཱིཀ་ཡིད་ཀྱི་མུན་སེལ་ལ་གཟིགས་པས།།

གཞུང་འགྲེལ་གསལ་བས་སྙིང་ལ་དགའ་བ་རྒྱས།།

༥༠ གཞུང་དེར་མཛོད་རྩ་དྲངས་རྣམས་ལེགས་བཀྲོལ་བས།།

ཕ་རོལ་ཕྱིན་དང་མཛོད་ལ་མཁས་དགོངས་ཏེ།།

རྩེ་ཆེན་གནས་སུ་ཉ་དཔོན་ཆེན་པོར་མཇལ།།

ཕར་ཕྱིན་གསན་པས་འཆད་པའི་རྩལ་གྱིས་བཀུག།

༥༡ མངོན་པ་ཞུས་པས་བགྲེས་དང་ལོང་མེད་པས།།

ངེད་ཀྱི་སློབ་མ་གཞོན་ནུ་རེད་མདའ་བར།།

ཞུས་དང་གསུངས་བཞིན་རང་འགྲེལ་ཚར་གཅིག་གསན།།

མཁས་པའི་ཚུལ་ལ་མི་ལྡོག་དད་པ་ཐོབ།།

༥༢བླ་མ་རྗེ་བཙུན་ཆེན་པོའི་ཞལ་ནས་ཀྱང་།།

ཁྱེད་ལ་མཛུབ་ཁྲིད་བྱེད་པར་བསྒྲིམ་དགོས་གསུངས།།

ཉང་སྟོད་བསམ་འགྲུབ་གླིང་དུ་རྗེ་བཙུན་ལ།།

དབུ་མ་འཇུག་པའི་དཔེ་ཁྲིད་ཚར་གཅིག་གསན།།

༥༣ ལོ་ཆེན་བྱང་ཆུབ་རྩེ་མོས་པོ་ཏ་ལར།།

ཀུན་བཏུས་གསུངས་ཞེས་ཐོས་ནས་དབུས་སུ་བཏེགས།།

མངོན་པ་ཞུས་ཀྱང་བགྲེས་དང་བྲེལ་སོགས་ཀྱིས།།

བཞེད་ལྟར་མ་གྲུབ་ཆོས་འབྲེལ་ཙམ་ཞིག་གསན།།

༥༤ཉི་ཤུར་སླེབས་དུས་སྦལ་ཏི་དགྲ་བཅོམ་པའི།།

བཤད་རྒྱུད་འཛིན་པའི་དཀའ་བཞི་བློ་གསལ་དྲུང་།།

འདུལ་བ་མདོ་རྩ་འགྲེལ་བཅས་རྫོགས་པར་གསན།།

ལག་ལེན་བཤད་སྲོལ་ལྷག་ལུས་མེད་པར་མཁྱེན།།

༥༥སྐྱོར་ལུང་ཚོགས་སུ་ཤེར་སྙིང་གསུངས་པའི་དུས།།

ཀུན་རྫོབ་སྣང་བ་མཐར་གྱིས་འགག་གྱུར་ཅིང་།།

གསལ་སྟོང་འཛིན་མེད་ཀློང་ལ་ཐུགས་ཡན་ཏེ།།

མང་ཇའི་མགོ་མཇུག་འཁྱོངས་པའི་ངོ་མཚར་བསྟན།།

༥༦ ཚོགས་མང་གྲོལ་ཡང་གཅིག་པུར་བཞུགས་མཐོང་ནས།།

དགེ་སྐོས་ཕྱག་གིས་ན་བཟས་འཐེན་པ་ན།།

རྒྱབ་ཀྱི་ཀ་བ་གཞུ་ལྟར་གུག་སྣང་སྟེ།།

དངངས་དང་དད་པ་འགྲན་བཞིན་གུས་ཕྱག་འཚལ།།

༥༧དེའི་ཚེ་ཆོས་བཤེས་རྒྱ་ཆེར་འགྲེལ་བ་ལས།།

ཤོག་ལྡེབ་བཅུ་བདུན་ཉིན་རེར་ཆག་མེད་བཟུང་།།

བམ་པོ་བཞི་བཅུ་ཙམ་ཞིག་ཟིན་མཚམས་སུ།།

བར་གཅོད་སྙུན་གྱིས་སྐུ་སྟོད་སྙུང་པར་གྱུར།།

༥༨སྟོད་ལུང་ཕུ་རུ་ཨུ་རྒྱན་བསྙེན་སྒྲུབ་པས།།

མན་ངག་གནང་ལྟར་བསྒོམས་ཀྱང་ཕན་མ་བྱུང་།།

བདེ་བ་ཅན་དུ་ཁ་མཆུ་འཁྲུག་ལོང་གིས།།

ཚད་མེད་སྐྱོ་སྟེ་གནས་རྙིང་ཆོས་སྡེར་ཐེགས།།

༥༩དེ་རུ་དོན་གཉེར་ཅན་འགས་བསྐུལ་པའི་ངོར།།

མངོན་པ་ཀུན་བཏུས་རྩལ་བཤད་ཐེངས་གཅིག་གནང་།།

ཉེར་གཉིས་སོན་ཚེ་ས་སྐྱར་རྗེ་བཙུན་ལ།།

མངོན་པ་ཀུན་ལས་བཏུས་པ་ཚར་གཅིག་དང་།།

༦༠ འཇུག་པ་འདུལ་ལུང་རིམ་ལྔའི་ཁྲིད་སོགས་གསན།།

བླ་མ་རྡོ་རྗེ་རིན་ཆེན་ཞེས་བྱའི་དྲུང་།།

བརྟག་གཉིས་ལུགས་ཀྱི་བཤད་པ་ཚར་གཅིག་ཐོབ།།

བླ་མ་རྗེ་བཙུན་ཆེན་པོས་མཚམས་སྦྱར་ཏེ།།

༦༡ས་སྐྱའི་བླ་བྲང་རིན་ཆེན་སྒང་རྒྱབ་ཏུ།།

མན་ངག་གཏེར་གྱུར་དགེ་བཤེས་བགྲེས་པོ་ལས།།

མ་ནིང་ཧ་འདོན་མནོས་ལྟར་ཉམས་བཞེས་པས།།

སྔར་གྱི་སྙུན་གཞི་ལྷག་མ་མེད་པར་དྭངས།།

༦༢ ངམ་རིང་ཆོས་སྡེར་བླ་མ་རེད་མདའ་བར།།

ཀུན་བཏུས་རེད་ཊཱིཀ་རྣམ་འགྲེལ་རང་འགྲེལ་གསན།།

ཕ་ཡུལ་ཕྱོགས་ནས་ཡུམ་གྱིས་དབུ་སྐྲ་དང་།།

འཕྲིན་སོགས་བསྐུར་པའི་ཕོ་ཉ་འབྱོར་བ་ལྟར།།

༦༣རི་ཆུ་མང་པོ་བརྒལ་ནས་ལྷ་སར་ཕེབས།།

དེ་རུ་གྲོགས་དང་སློབ་འབྲེལ་དུ་མ་ཡིས།།

མ་ཡི་ནན་ཞུའི་གཏམ་རྣམས་སྙན་བསྒྲོན་ནས།།

ལན་གཅིག་ཡུལ་དུ་བྱོན་ན་ལེགས་ཞེས་བསྐུལ།།

༦༤ དེ་ཚེ་ཉིད་ཀྱི་ཐུགས་ལའང་ཕེབས་དགོངས་ཏེ།།

མལ་གྲོ་ལྷ་ཡི་ལུང་བར་ཞབས་བཅགས་ནས།།

མཁོ་བའི་མན་ངག་འགའ་ལ་སྦྱོང་བརྩམས་ཚེ།།

བསམ་གྱིན་སྐྱོ་བའི་ཤུགས་ཀྱིས་ཕེབས་འདུན་ལྡོག།

༦༥ ཀུན་འབྱུང་འཁོར་བའི་མཚང་རྣམས་སྔོག་བྱེད་པའི།།

ཡེ་ཤེས་རྩལ་དང་འགྲོགས་པའི་ངེས་འབྱུང་གིས།།

སྲིད་པའི་དོང་ཆེན་རྩད་ནས་སྤྲུགས་དང་ལྷན།།

ཉེ་འབྲེལ་འཁྲི་བའི་རྨུ་ཐག་ངང་གིས་རལ།།

༦༦ གཞན་གྱིས་བསྙེན་བཀུར་ཚུལ་གྱིས་གདན་ཁྲི་དང་།།

སྒྱུ་མའི་ནོར་གྱིས་ཇི་ལྟར་མཉེས་བྱས་ཀྱང་།།

ངེས་འབྱུང་ངང་གིས་འདྲེན་པའི་རྐྱེན་ཙམ་ལས།།

སྲེད་པའི་ཐབས་སུ་སོང་བ་མེད་ཅེས་གསུངས།།

༦༧རྗེ་ཡིས་མ་ཡི་དྲན་གདུང་སེལ་སླད་དུ།།

ཉིད་ཀྱི་སྐུ་རིས་རྟེན་བཅས་བསྐུར་གནང་བ།།

ཕོ་ཉས་ཞལ་ཐང་བརྗེས་ཀྱང་ཞལ་ཕྱེས་ཚེ།།

མ་ཞེས་གསུང་བྱོན་སྐྱོ་བ་དབྱིངས་སུ་དེངས།།

༦༨ མལ་གྲོ་ལྷ་ལུང་བླ་མ་བསོད་གྲགས་ལས།།

ཆོས་མང་གསན་ཞིང་སྐུ་མཚམས་དམ་བྱས་ཏེ།།

འུ་ཡུག་རིགས་པའི་སེང་གེས་མཛད་པ་ཡི།།

རྣམ་འགྲེལ་འགྲེལ་བ་རིགས་པའི་མཛོད་ལ་གཟིགས།།

༦༩ ལེའུ་གཉིས་པར་ཚད་མའི་རིགས་ལམ་ནས།།

ལུགས་འབྱུང་ལུགས་ལྡོག་གསུངས་ལ་ངེས་རྙེད་དེ།།

རིགས་པའི་དབང་ཕྱུག་ཆོས་ཀྱི་གྲགས་པའི་གཞུང་།།

མཇལ་ཙམ་ཉིད་ནས་སྤྱན་ཆབ་དབང་མེད་འཁྲུག།

༧༠ བདེ་བ་ཅན་དུ་སྐལ་ལྡན་དུ་མ་ཡིས།།

བསྐུལ་ངོར་དཔེ་ཡི་དགེ་འདུན་ལས་བརྩམས་ཏེ།།

མངོན་པ་གོང་འོག་ལུགས་གཉིས་གསལ་བྱེད་པའི།།

བསྟན་བཅོས་བློ་གསལ་བགྲོད་པའི་ཐེམ་སྐས་མཛད།།

༧༡ ཉེར་གསུམ་བཞེས་ཚེ་གྲྭ་སྐོར་བྱེད་འདུན་གྱིས།།

གཞུང་ཆེན་མང་པོར་ཞིབ་གཟིགས་དཔེ་མེད་གནང་།།

བླ་མ་དོན་བཟང་བ་ཡིས་བསྐུལ་པ་ལྟར།།

ཉིད་ཀྱིས་མཛད་པའི་ཚད་ཊཱིཀ་རྫོགས་པར་གསན།།

༧༢ དབྱར་ཆོས་སྐབས་སུ་སྣར་ཐང་ཆོས་སྡེ་རུ།།

མངོན་པ་གོང་འོག་གཉིས་དང་རྣམ་འགྲེལ་དང་།།

མདོ་རྩ་བཞི་ལ་བཀའ་བཞིའི་གྲྭ་སྐོར་གནང་།།

གནས་དེར་གཞུང་བསྒྱུར་བཙུགས་པའི་ཐོག་མར་གྲགས།།

༧༣ ཆེན་པོ་རེད་མདའ་བ་ཡི་བླ་མ་སྟེ།།

ཐེག་ཆེན་ཆོས་རྗེ་ཀུན་དགའ་བཀྲ་ཤིས་ལ།།

ས་སྐྱའི་ལུགས་ཀྱི་བླ་མའི་རྣལ་འབྱོར་དང་།།

འབིར་སྲུང་ཟབ་མོ་རྣམ་གཉིས་ལེགས་པར་གསན།།

༧༤མཉམ་མེད་ནམ་མཁའི་རྣལ་འབྱོར་ཆེན་པོ་ལས།།

སུ་ཀ་སིདྡྷིའི་ཆོས་སྐོར་མ་ལུས་ཐོབ།།

ཨེར་དུ་ལོ་ཆེན་ནམ་མཁའ་བཟང་པོ་ལ།།

སྙན་ངག་མེ་ལོང་ལ་སོགས་དུ་མ་གསན།།

༧༥ མཁས་པའི་མཁས་པ་ཆེན་པོ་རེད་མདའ་བར།།

དབུ་ཚད་མངོན་པ་ལ་སོགས་མང་གསན་ཞིང་།།

རྟེན་འབྲེལ་གནད་ཀྱིས་ཕར་ཕྱིན་འདུལ་བ་ཡང་།།

ལན་རེ་ཉན་ཞིང་བླ་མའི་མཆོག་ཏུ་བཀུར།།

༧༦ རིགས་ཚོགས་དྲུག་གི་ལུང་རྒྱུན་དཀོན་གྱུར་ཏེ།།

སྣར་ཐང་མཁན་པོ་ཀུན་དགའ་རྒྱལ་མཚན་དང་།།

བདེ་བ་ཅན་གྱི་མཁས་པ་འཇམ་རིན་དྲུང་།།

ལུང་ཙམ་ལན་གཅིག་ཙམ་ཞིག་ཐོབ་པོ་སྐད།

༧༧ ས་སྐྱའི་གནས་སུ་བཀའ་བཞིའི་གྲྭ་སྐོར་མཛད།།

ལེགས་བཤད་སྐྱེས་ཀྱིས་མཁས་རྣམས་མགུ་བར་བྱས།།

པོ་ཏི་མང་པོའི་གྲྭ་སྐོར་བྱེད་དགོངས་ཀྱང་།།

དེ་འདྲའི་ལུགས་སྲོལ་མེད་པས་མ་གནང་གསུངས།།

༧༨ ཨེར་དུ་དབྱངས་ཅན་བསྙེན་ཅིང་བསྟོད་པ་བརྩམས།།

གསང་ཕུར་ཚངས་སྲས་མ་ཡི་བསྙེན་མཛད་དེ།།

གཟུངས་སྔགས་བྱེ་བ་ལྔ་ཙམ་བཟླས་པ་ན།།

སྒྲ་དབྱངས་ལྷ་མོའི་ཞལ་གཟིགས་བྱིན་གྱིས་བརླབས།།

༧༩ ཉེར་བཞིར་བསླེབས་དུས་གསང་ཕུ་རྩེ་ཐང་སོགས།།

ཆོས་སྡེ་རྣམས་སུའང་བཀའ་བཞིའི་གྲྭ་སྐོར་མཛད།།

མཁྱེན་པའི་ལྕགས་ཀྱུས་མཁས་རྒུའི་ཡིད་དྲངས་ཏེ།།

དོན་གྱི་གྲགས་པས་གངས་ཅན་འདར་བར་བྱས།།

༨༠ སྔར་གྱི་སྙུང་རྣམས་ཡི་དམ་ཆོས་སྲུང་ལ།།

སྒྲུབ་དང་གཏོར་མ་ཆག་པའི་མཐུར་ངེས་ནས།།

དེ་ནས་བཟུང་སྟེ་དོན་འགྲུབ་རིན་ཆེན་རྗེའི།།

བཀའ་བཞིན་བསྙེན་སྒྲུབ་མཆོད་གཏོར་ཆག་མེད་གནང་།།

༨༡ ས་ཡི་ཐིག་ལེ་ཡར་ལུང་རྣམ་རྒྱལ་དུ།།

སྟོད་འདུལ་པཎ་ཆེན་ལུགས་ཀྱི་མཁས་པ་ཆེ།།

བཀའ་བཞི་ཚུལ་ཁྲིམས་རིན་ཆེན་ཞེས་བྱ་བའི།།

གནས་བརྟན་ཆེན་པོས་མཁན་པོ་མཛད་པ་དང་།།

༨༢ བྱེ་རྫིང་མཁན་པོ་འདུལ་འཛིན་ཤེར་མགོན་པས།།

ལས་སློབ་མཛད་ཅིང་བྱེ་རྫིང་བྱིང་འདྲེན་ཆེ།།

སྡོམ་བརྩོན་བསོད་ནམས་རྡོ་རྗེ་ཞེས་བྱ་བས།།

གསང་སྟོན་མཛད་དེ་དགུང་ལོ་ཉེར་བཞིའི་སྟེང་།།

༨༣ ཁ་སྐོང་འོས་པའི་དགེ་འདུན་གྲངས་ཚང་དབུས།།

ད་ཆོག་ཉེས་མེད་ཕུན་ཚོགས་ཀྱི་སྒོ་ནས།།

བསྙེན་རྫོགས་སྡོམ་གྱི་རིན་ཆེན་བླངས་པ་ན།།

གངས་ལྗོངས་བསྟན་པའི་རྒྱལ་མཚན་མཐོ་བར་བྱས།།

༨༤གདན་ས་མཐིལ་དུ་སྤྱན་སྔ་ཆེན་པོའི་དྲུང་།།

གང་གིས་ལེགས་བཤད་ཆོས་ཀྱི་སྐྱེས་ཕུལ་ཚེ།།

ཆོས་ཀྱི་རྒྱལ་པོ་གྲགས་པ་བྱང་ཆུབ་མཆོག།

དད་པའི་ཤུགས་ཀྱིས་སྤྱན་ཆབ་དབང་མེད་ཤོར།།

༨༥སྤྱན་སྔ་ཆེན་པོ་གྲགས་པ་བྱང་ཆུབ་ལས།།

ལམ་དང་འབྲས་བུའི་མན་ངག་ཡོངས་རྫོགས་དང་།།

ནཱ་རོ་ཆོས་དྲུག་འགྲོ་མགོན་ཕག་གྲུ་དང་།།

སྐྱོབ་པ་མགོན་པོའི་བཀའ་འབུམ་རྫོགས་པར་གསན།།

༨༦ དེ་རུ་ལོ་ཆེན་ནམ་མཁའ་བཟང་པོ་ལས།།

སྒྲ་ཡི་ས་རིས་རྫོགས་པར་བསླབ་དགོངས་ཀྱང་།།

སྐབས་དེར་མ་གྲུབ་ཕྱིས་སུ་ལེགས་པར་གྲུབ།།

འོན་གྱི་ལྷ་ཁང་ཀེ་རུའི་གནས་སུ་བྱོན།།

༨༧ ཚ་གོ་ངག་དབང་གྲགས་པ་ལ་སོགས་པའི།།

སྡེ་སྣོད་འཛིན་པའི་མཁས་པ་མང་པོ་ལ།།

ཕར་ཚད་དབུ་མས་མཚོན་པའི་གཞུང་ཆེན་གྱི།།

ཆོས་ཀྱི་ཆར་ཕབ་ཐུགས་རྒྱུད་བརླན་པར་བྱས།།

༨༨ ཉེར་ལྔ་ནས་བཟུང་ལོ་ལྔར་གུང་ཐང་དུ།།

བཀའ་བསྟན་འགྱུར་རོ་ཅོག་ལ་ཞིབ་མཇལ་ནས།།

ཉེར་དགུར་མི་ཕམ་ཐུགས་བཅུད་འཁྱིལ་བ་ཡི།།

ལེགས་བཤད་གསེར་གྱི་ཕྲེང་བ་རྩོམ་འགོ་ཚུགས།།

༨༩ གཞུང་ཆེན་འཛིན་བཟང་གྲགས་པ་གླིང་མཚུངས་མེད།།

མདོ་སྨད་འཇམ་དཔལ་བཀྲ་ཤིས་ཤཱཀྱ་གྲུབ།།

རྗེ་དང་བཞི་ཡིས་ཐུགས་འཛིན་རྩལ་འགྲན་དུས།།

ནམ་ལངས་ཚལ་དབུས་ཏོག་ལ་ཉི་ཤར་བར།།

༩༠ རྗེ་ཡིས་མདའ་ཚད་ཕྲེང་དགུའི་ཤོག་ལྡེབ་བཞི།།

དག་པར་ཐོན་ཞིང་གླིང་གིས་ཕྱེད་གསུམ་ཙམ།།

གཞན་གཉིས་ལྡེབ་གཅིག་ཙམ་ལས་མ་ཟིན་པས།།

ཐུགས་འཛིན་དཔལ་ལ་ཀུན་གྱིས་ངོ་མཚར་འཛིན།།

༩༡ཚ་ཁོ་དཔོན་པོ་ཕྱག་ཕྱིར་ཁྲིད་གནང་ནས།།

རང་བྱུང་ལྔ་ལྡན་དྲུང་དུ་སྨྱུང་གནས་ཀྱི།།

ཉམས་བཞེས་མང་པོ་མཛད་དུས་ཡབ་སྲས་གཉིས།།

རྨི་ལྟས་དོན་དུ་གསོལ་བ་དྲག་བཏབ་པས།།

༩༢ཆོས་རྗེ་ངག་དབང་གྲགས་པའི་རྨི་ལམ་དུ།།

དུང་དཀར་ཆེ་གཉིས་མཁའ་ལས་ཐུ་བར་ལྷུང་།།

གཅིག་ཏུ་སོང་བ་བུས་པས་སྒྲ་ཆེན་པོ།།

གྲགས་པ་རྨིས་པ་འཕྲིན་ལས་དར་བའི་བརྡ།།

༩༣རྗེ་ཡི་མནལ་དུ་བྲག་རིའི་རྩེར་ཕེབས་དུས།།

རྡོ་ལེབ་དཀར་འཇམ་སྟེང་དུ་ཨུཏྤལ་སྔོན།།

འདབ་མ་མ་རྙིང་མདོག་གསལ་ཡུ་བ་བཅས།།

ཕྱག་ཏུ་བསྣམས་ནས་ཐུགས་ལ་རྒྱལ་བའི་ཡུམ།།

༩༤ རྗེ་བཙུན་སྒྲོལ་མས་རྗེས་སུ་འཛིན་པའི་བརྡར།།

དགོངས་ཀྱང་གཟུགས་མེད་སྒྲ་ལས་འདི་སྐད་དུ།།

ད་ལན་དེ་ལྟ་མ་ཡིན་ཚེ་ལྟས་ཡིན།།

ཟེར་བ་རྨིས་པ་སྐུ་ཚེའི་ལྟས་སུ་ངེས།།

༩༥ཉེར་དགུར་བདེ་བ་ཅན་དུ་མཁས་མང་ལ།།

སྡེ་སྣོད་གསུམ་གྱི་བཀའ་ཁྲིད་མང་དུ་གནང་།།

རྡོ་རྗེ་རྣལ་འབྱོར་མ་ནི་མངོན་སུམ་དུ།།

བྱོན་ནས་པཎ་ཞྭ་སེར་པོ་མནབས་པར་བསྐུལ།།

༩༦དགུང་ལོ་སུམ་ཅུ་བཞེས་ཚེ་བྱ་ཡུལ་དུ།།

དགེ་བའི་བཤེས་གཉེན་བདུན་ཅུ་ལྷག་ཙམ་ལ།།

ཕར་ཕྱིན་ཚད་མ་དབུ་མ་འཇུག་པ་དང་།།

མངོན་པ་ཀུན་བཏུས་རྣམས་ཀྱི་ཆོས་ཆར་ཕབ།།

༩༧སླར་ཡང་ཚལ་དུ་ཕེབས་ནས་ཕར་ཕྱིན་གྱི།།

སྤྱི་དོན་ཆེན་མོ་མཛད་པའི་འཕྲོ་བསྐྱངས་ཤིང་།།

སྐྱོར་མོ་ལུང་དུ་མདོ་རྒྱུད་གཏེར་ཆེན་པོ།།

རྟོགས་ལྡན་ཡེ་ཤེས་རྒྱལ་མཚན་ཞེས་བྱའི་དྲུང་།།

༩༨ དུས་འཁོར་འགྲེལ་ཆེན་ཞིབ་པར་གསན་པ་ཡིས།།

ལག་ལེན་རྩིས་དང་བཅས་ལ་བྱང་གྱུར་ཅིང་།།

དེ་རུ་སྡེ་སྣོད་འཛིན་པ་མང་པོ་ལ།།

ཆེ་ཆུང་གཞུང་གི་བཤད་པ་མང་དུ་གནང་།།

༩༩ སོ་གཅིག་བཞེས་ཚེ་བདེ་བ་ཅན་ཉིད་དུ།།

འཕགས་བོད་མཁས་པའི་གཞུང་བཟང་འབུམ་ཕྲག་གི།

ཆུ་བོ་འཁྱིལ་བའི་ལེགས་བཤད་རྒྱ་མཚོ་ཆེ།།

གསེར་གྱི་ཕྲེང་བ་ཡོངས་སུ་རྫོགས་པར་མཛད།།

༡༠༠གོང་དཀར་གནས་སུ་སྒོམ་པ་ཆོས་རྒྱལ་གྱིས།།

ཞུས་ངོར་མཁས་པ་བདུན་ཅུ་ལྷག་ཙམ་ལ།།

མངོན་པ་གོང་འོག་འདུལ་བ་མདོ་རྩ་དང་།།

དབུ་མ་འཇུག་པ་སོགས་ཀྱི་གཞུང་མང་གསུངས།།

༡༠༡རྫོང་ཇིའི་དཔོན་པོ་གྲགས་པ་རིན་ཆེན་གྱིས།།

དད་པས་སྤྱན་དྲངས་ཡར་ལུང་སྨོན་མཁར་དུ།།

སྔ་ཕྱིར་གཞུང་དང་དབང་ལུང་མན་ངག་སོགས།།

ཆོས་ཀྱི་བདུད་རྩིས་སྐལ་ལྡན་གྲོལ་བར་མཛད།།

༡༠༢ཁྱད་པར་ངག་གི་ལྷ་མཆོག་དབྱངས་ཅན་མས།།

རྗེས་བཟུང་བྱིན་གྱིས་བརླབས་པའི་གྲགས་སྙན་གྱིས།།

མཁས་ཀུན་ཡིད་རབ་དྲངས་པས་མཚོ་བྱུང་མའི།།

རྗེས་གནང་ཞུ་བ་མཁའ་ཡི་རྡུལ་བཞིན་དཀྲིགས།།

༡༠༣སོ་གཉིས་ཚེ་ན་མོན་མཁར་ཞུགས་མེར་བརྟེན།།

བོད་ཀྱི་མཁས་གྲུབ་དུ་མའི་རྣམ་ཐར་གསུངས།།

སྔོན་དུས་ཤེས་རབ་སེང་གེས་ཐུགས་ཐོག་ནས།།

ཆོས་ཐོག་གཅིག་ལ་པོ་ཏི་བཅུ་གཅིག་ཁྲིད།།

༡༠༤འཆད་ཉན་རྒྱས་སླད་ཕྱིས་ཀྱང་དུ་མ་ཡིས།།

གསུངས་ཀྱང་དེ་ལས་ལྷག་པ་མ་བྱུང་སྐད།།

དེར་བརྟེན་དགེ་བཤེས་ཤ་སྟོན་ལ་སོགས་པས།།

ནན་གྱིས་ཞུས་པས་རྗེས་ཀྱང་ཞལ་བཞེས་ཏེ།།

༡༠༥ཟླ་དེའི་ཚེས་བཅུ་ནས་བཟུང་གནམ་གང་བར།།

སྐུ་མཚམས་བཅད་དེ་རྒྱ་དཔེ་མང་པོར་གཟིགས།།

ཚེས་གཅིག་ཉིན་ནས་གསུངས་བཞེད་དཔེ་རྣམས་ལ།།

ན་བཟའ་ཕུལ་ཞིང་སྐ་རགས་ཚུལ་དུ་བཅིངས།།

༡༠༦སྣོད་ལྡན་འགའ་ལ་སྒུག་ཆེད་ཉིན་གསུམ་རིང་།།

མར་པ་མི་ལའི་གསུང་རྒྱུན་ཐོར་བུ་གསུངས།།

ཚེས་ལྔར་ཐོ་རངས་ནས་ནི་སྲོད་ཀྱི་བར།།

ཆོས་ཐུན་བཅོ་ལྔར་བགོས་ཏེ་ཉིན་གཅིག་ལ།།

༡༠༧རྒྱ་གར་སྐད་ཅན་བཅོ་ལྔ་དབུ་བཙུགས་ཏེ།།

ཕྱིས་སུ་གཉིས་བསྣན་བཅུ་བདུན་ཐུགས་ཐོག་ནས།།

འགྲེལ་བཤད་རྒྱས་སྤྲོས་ཟླ་བ་གསུམ་ཡུན་ལ།།

རྫོགས་པར་མཛད་པའི་གཞུང་རྣམས་འདི་ལྟ་སྟེ།།

༡༠༨ཚད་མ་རྣམ་འགྲེལ་བྱམས་ཆོས་སྡེ་ལྔ་དང་།།

མངོན་པ་གོང་འོག་འདུལ་བ་མདོ་རྩ་དང་།།

རིགས་ཚོགས་ལྔ་དང་བཞི་འཇུག་རྣམ་གཉིས་དང་།།

སྤྱོད་འཇུག་དང་བཅས་རྒྱ་གཞུང་བཅུ་བདུན་ནོ།།

༡༠༩ དེ་ཡི་སྐབས་ཀྱང་འཇིགས་བྱེད་བདག་འཇུག་དང་།།

རིམ་གཉིས་རྣལ་འབྱོར་ཉམས་བཞེས་མ་ཆག་མཛད།།

དེའི་ཚེ་ཀུན་གྱིས་ལྷག་ལྷས་བྱིན་བརླབས་པའི།།

གཟུངས་ཐོབ་སེམས་དཔའ་ཞེས་བསྟོད་མགྲིན་གཅིག་ཏུ།།

༡༡༠ གསང་སྔགས་རྒྱུད་སྡེ་འཆད་ན་རྡོ་རྗེ་འཆང་།།

མདོ་ཕྱོགས་གསུངས་ན་འདྲེན་མཆོག་ཤཱཀྱའི་རྒྱལ།།

མདོ་སྔགས་ཀུན་མཁྱེན་ཆོས་རྒྱལ་ཙོང་ཁ་པ།།

སུས་ཀྱང་བསྒྲུན་དུ་མེད་པ་མཁས་པའི་མཆོག།

༡༡༢ཅེས་པའི་བསྔགས་བརྗོད་ངེས་དོན་ཚངས་དབྱངས་ཀྱིས།།

མཁས་ཀུན་རང་རློམ་ཏིང་འཛིན་འཇིག་པར་བྱས།།

སོ་གསུམ་བཞེས་ཚེ་ཡར་ལུང་ཨོ་ཀར་གྱི།།

བྲག་ཏུ་བཞུགས་ནས་སྐུ་མཚམས་དམ་མཛད་དེ།།

༡༡༣ བདེ་མཆོག་བདག་འཇུག་ཐུན་བཞིའི་རྣལ་འབྱོར་དང་།།

ནི་གུའི་ཆོས་དྲུག་དམིགས་སྐོར་ཉམས་བཞེས་ཏེ།།

ཞག་རེར་གཏུམ་མོའི་རླུང་སྦྱོར་བརྒྱད་བརྒྱ་རེ།།

མ་ཆག་མཛད་པས་ཉམས་རྟོགས་བཟང་པོ་འཁྲུངས།།

༡༡༤ རྗེ་བཙུན་རེད་མདའ་བ་དང་རྗེ་གཉིས་ཀྱིས།།

པོ་ཏ་ལ་རུ་བགྲོ་བ་མང་མཛད་ཅིང་།།

སྣོད་ལྡན་མང་པོར་ཆོས་ཀྱི་སྐྱེས་སྩལ་ཏེ།།

རྗེ་བཙུན་ཆེན་པོ་གཙང་གི་ཕྱོགས་སུ་ཐེགས།།

༡༡༥རྗེ་ཡིས་སྐྱོར་ལུང་བྲག་ཏུ་མཁས་མང་ལ།།

དུས་འཁོར་ཕར་ཚད་མངོན་པའི་བཤད་པ་གནང་།།

སོ་བཞིའི་དཔྱིད་དུས་རྒྱུད་སྡེའི་མཁས་འཚོལ་དང།།

རེད་མདའ་ཆེན་པོར་མཇལ་ཕྱིར་གཙང་ལ་ཕེབས།།

༡༡༦རོང་སྣུབས་ཆོས་ལུང་གནས་སུ་མཁས་པ་ཆེ།།

གྲགས་པ་བཤེས་གཉེན་མཆོག་ལ་རིམ་ལྔ་སོགས།།

ཆོས་བཀའ་ཅི་རིགས་གསན་ཞིང་རྗེ་ཉིད་ཀྱི།།

ཞབས་ཕྱིར་འབྲངས་པ་དཔོན་པོ་བསོད་གྲགས་དང་།།

༡༡༧མདོ་སྨད་དགེ་བཤེས་ཤེས་རབ་གྲགས་དང་བཅས།།

དབེན་གནས་བདེ་མཆོག་སྟེང་དུ་དབུ་མ་བ།།

བརྩོན་འགྲུས་སེང་གེར་མཇལ་ཞིང་རྗེ་ཉིད་ཀྱིས།།

ལྷ་མོ་དབྱངས་ཅན་མ་ཡི་རྗེས་གནང་སྩལ།།

༡༡༨ བླ་མ་དབུ་མ་པ་ཡིས་རྗེ་ཉིད་ལ།།

ཁོ་བོ་ཆུང་ངུའི་དུས་ནས་འཇམ་དབྱངས་ཀྱི།།

ཞལ་གཟིགས་ནར་མར་འོངས་པ་བརྟགས་བྱས་ཀྱང་།།

མཐའ་མ་ཆོད་པས་ཁྱེད་ཀྱིས་རྟོགས་ཞེས་བསྐུལ།།

༡༡༩ དེར་བརྟེན་དབུ་མ་པ་ཡིས་བར་བརྒྱུད་དེ།།

ཟབ་གནད་དྲི་གཏུགས་སྒོ་ནས་བརྟགས་པའི་མཐར།།

དོན་ལ་གནས་པས་ཡིད་གཉིས་མི་ཟ་བར།།

གསོལ་འདེབས་དྲག་པོའི་ལས་ལ་བརྩོན་ཅེས་གདམས།།

༡༢༠འོན་ཀྱང་ད་ལྟའི་དེ་ནི་འཇམ་དབྱངས་ཀྱི།།

སྐུ་གསུང་རང་མཚན་པ་ཉིད་དབང་ཤེས་ལ།།

དངོས་སུ་སྣང་དེ་མིན་ལ་རྗེ་བཙུན་གྱིས།།

གཟུགས་སྐུ་ཚུར་གཏད་ཡིད་བློར་སྣང་ཞེས་གསུངས།།

༡༢༡རྗེ་ཡི་ཞལ་ནས་བླ་མ་དབུ་མ་བར།།

བདག་ཀྱང་འཇམ་དབྱངས་ཆོས་སྐོར་མན་ངག་ལ།།

ཤེས་འདོད་ཆེ་ཡང་ད་ལྟ་ལོང་མེད་པས།།

རྗེས་སུ་རྟེན་འབྲེལ་ཅིས་ཀྱང་སྒྲིག་འཚལ་གསུངས།།

༡༢༢ སྟག་ཚང་རྫོང་དུ་མཁན་ཆེན་གྲགས་རྒྱན་དང་།།

རྗེ་བཙུན་རེད་མདའ་བ་དང་དོན་བཟང་བ།།

རྗེ་དང་ལྷན་འཛོམས་འདུས་སྡེ་ཆེན་པོ་ལ།།

ལོ་ཆེན་ཆོས་སྐྱབས་བཟང་པོས་མཁོ་ཆས་བསྟབས།།

༡༢༣རྗེ་བཙུན་གྲགས་རྒྱན་པ་ཡིས་ཕར་ཕྱིན་དང་།།

མཁས་མཆོག་ཆོས་སྐྱབས་བཟང་པོས་བརྟག་གཉིས་དང་།།

རེད་མདའ་ཆེན་པོས་ཉིད་ཀྱིས་མཛད་པ་ཡི།།

རྣམ་འགྲེལ་རྒྱན་གྱི་འགྲེལ་བཤད་གསུངས་རྣམས་གསན།།

༡༢༤ འབའ་འུ་འབའ་གཉེར་གནས་སུ་རྗེ་བཙུན་པར།།

གསང་འདུས་རྩ་རྒྱུད་བཤད་པ་ཚར་གཅིག་གསན།།

དེའི་ཚེ་བདེ་ཆེན་གོང་གསུམ་པ་ཡི་དྲུང་།།

དུས་འཁོར་གསན་ཕེབས་བཞེད་དུས་མནལ་ལམ་དུ།།

༡༢༥ཆོས་ཀྱི་དཔལ་བས་བུ་སྟོན་རིན་པོ་ཆེར།།

དུས་འཁོར་འགྲེལ་ཆེན་ལན་གྲངས་བཅུ་བདུན་དུ།།

མཉན་ནོ་གསུངས་བཞིན་ཕྱིས་སུ་དངོས་དྲིས་པས།།

བཅུ་བདུན་མཉན་པ་ཡིན་ཞེས་ཞལ་ནས་གསུངས།།

༡༢༦ རེད་མདའ་ཆེན་པོའི་ཞལ་ནས་རྗེ་ཉིད་ལ།།

སྔགས་ཀྱི་རྩད་གཅོད་མཛད་པས་ཡུན་རིང་འགྱངས།།

གཞན་ལ་བཤད་པས་ཕན་ཐོགས་སྔོན་ཉིད་ལ།།

བཤད་པ་འཐད་ཅེས་བྱོལ་ཡང་ཞལ་མ་བཞེས།།

༡༢༧ ལ་ལ་མདོ་ལ་མོས་ཀྱང་སྔགས་ལ་མིན།།

རྒྱུད་ལ་མོས་པ་འགའ་ཞིག་མདོ་ལ་མིན།།

མོས་པ་གཉིས་པོ་ཕན་ཚུན་གྲོགས་འགྲོ་བ།།

གསུང་རབ་གདམས་པར་ཤར་བའི་འབྲས་རྟགས་ཉིད།།

༡༢༨ རྗེ་ཡི་ཞལ་ནས་ང་ལ་སྔགས་ཕྱོགས་སུ།།

གཞན་གྱིས་བསྐུལ་དགོས་མེད་པར་ཆུང་ངུ་ནས།།

ཤེས་འདོད་ཆེ་ཞིང་རྒྱུད་སྡེ་མཐའ་དག་ལ།།

སྦྱང་དགོས་སྙམ་པ་ཡེ་ནས་ཡོད་ཅེས་གསུངས།།

༡༢༩ རྗེ་བཙུན་ས་སྐྱར་ཐེགས་ཤིང་རྗེ་ཉིད་ནི།།

རོང་གི་ཆོས་ལུང་གནས་སུ་དབུ་མ་བར།།

མཇལ་ཞིང་ཆོས་ཀྱི་བགྲོ་བ་མང་མཛད་དེ།།

འཇམ་དབྱངས་ཆོས་སྐོར་མན་ངག་མང་དུ་གསན།།

༡༣༠དེ་ཡང་དབུ་མ་བརྩོན་འགྲུས་སེང་གེ་ནི།།

ངོ་མཚར་ལྟས་བཅས་མདོ་ཁམས་ཡུལ་དུ་འཁྲུངས།།

གཞོན་དུས་ཕྱུག་རྫི་མཛད་ཚེ་སྙིང་ག་ནས།།

ཨ་ར་པ་ཙའི་སྔགས་སྒྲ་འུར་འུར་གྲགས།།

༡༣༡དེ་ལྟར་བྱུང་ཐེངས་རེ་ལ་བཟོད་མི་ཚུགས།།

ལན་གཅིག་དེ་ལྟར་གྲགས་པས་བརྒྱལ་གྱུར་ཅིང་།།

སད་ཚེ་མདུན་དུ་རྗེ་བཙུན་འཇམ་དཔལ་དབྱངས།།

སྐུ་མདོག་ནག་པོ་ཅན་ཞིག་སྣང་བར་གྱུར།།

༡༣༢དེར་བརྟེན་འཇམ་དབྱངས་རྗེས་གནང་སྒྲུབ་ཐབས་སོགས།།

གསན་ཏེ་བསྙེན་སྒྲུབ་ལས་ལ་འགྲུས་མཛད་པས།།

རིང་པོར་མ་ཐོགས་གསུང་གི་སྣང་བ་ནི།།

ལན་མང་བྱུང་ཡང་ཐུགས་ངེས་ཆེར་མ་མཛད།།

༡༣༣དབུས་སུ་བྱོན་ནས་གསང་ཕུར་ཕར་ཕྱིན་སྦྱངས།།

མཁྱེན་པ་རྒྱས་པས་གྲྭ་སྐོར་བྱེད་དགོངས་དུས།།

ཡི་དམ་ཞལ་ནས་ཡོ་བྱད་ཅི་ཡོད་རྣམས།།

ཚོགས་སུ་ཐོངས་གསུངས་ཁོང་གིས་ཡི་དམ་ལ།།

༡༣༤སློབ་གཉེར་བྱེད་པའི་ཡོ་བྱད་མི་འོང་ཞུས།།

ཡི་དམ་ཞལ་ནས་གཏེར་ཞིག་གདོན་དགོས་གསུངས།།

ཆས་རྣམས་བཏང་ནས་གཏེར་འདོན་ཞུས་པའི་ཚེ།།

བྱ་བྲལ་ཐག་ཆོད་དགེ་སྦྱོར་གྱིས་ཞེས་བསྐུལ།།

༡༣༥ ཀུན་སྤངས་མཛད་ནས་ཀོང་པོའི་ཕྱོགས་སུ་བྱོན།།

ཀརྨ་ཀམ་ཚང་ཆོས་སྐོར་ཕྱག་ཆེན་གསན།།

ཐུགས་དམ་མཛད་པས་འཇམ་དབྱངས་སྐུ་གསུང་གི།

སྣང་བ་ཆེས་ཆེར་གསལ་ཞིང་བརྟན་པར་གྱུར།།

༡༣༦ བསམ་ཡས་གནས་སུ་རྟོགས་ལྡན་མཚོ་དཀར་བར།།

སྦྱོར་དྲུག་གསན་པས་ཡི་དམ་སྣང་བ་རྒྱས།།

འཇམ་དབྱངས་བཀའ་བཞིན་དཔལ་རི་གཞོན་རྒྱལ་བས།།

ལྷག་ལྷར་ལམ་འབྲས་ལས་བྱུང་བརྡ་ལན་ཞུས།།

༡༣༧ ཁྱོད་ཀྱི་གཟིགས་སྣང་འདི་ནི་ངེས་ཞེས་གསུངས།།

ཡི་དམ་ཞལ་ནས་བླ་མ་དབུ་མ་བར།།

བརྡ་ལན་བྱེད་ལ་ཕྱག་རྒྱ་བསམས་པས་ཆོག།

ཁོང་གིས་དེ་རྣམས་ཤེས་ཀྱི་མི་འདུག་གསུངས།།

༡༣༨གཙང་ལ་འབྱོན་བཞེད་འབར་འཇག་རྣམ་གཉིས་ལས།།

སུ་ཞིག་བསྟེན་ན་བཟང་ཞེས་ལྷར་ཞུས་པས།།

ཁྱོད་རང་ཆས་དང་འབུམ་ཚོ་གདོང་འཕྲང་དུ།།

མིར་འཕྲད་དེ་ཡིས་བསྒོས་ལྟར་གྱིས་ཤིག་གསུངས།།

༡༣༩འཕྲང་དེར་བཙུན་པ་ཞིག་དང་ཕྲད་གྱུར་ཏེ།།

དྲིས་པས་འབའ་ཡི་ཐད་དུ་སོང་ཞེས་བསྐུལ།།

མཁས་མཆོག་འབའ་ར་བ་ལ་ཕྱག་ཆེན་ཞུས།།

སྐྱོ་ཤས་ཆེ་བས་ངེས་འབྱུང་དྲག་པོ་འཁྲུངས།།

༡༤༠ཚེ་འདིའི་སྣང་ཤས་ཆུང་དུ་ཕྱིན་པ་ཡིས།།

ཡི་དམ་ལྷ་ཡིས་བསྐུལ་པའི་མཐིལ་དེའང་རྟོགས།།

དེ་སྐབས་འབར་གྱིས་བསྟན་པའི་ལྷག་མཐོང་དེ།།

དག་མིན་དྲིས་པས་ལྷ་ཡིས་དག་ཅེས་གསུངས།།

༡༤༡ལྷ་ཡིས་བསྐུལ་བཞིན་ས་སྐྱའི་གནས་སུ་བྱོན།།

རྗེ་བཙུན་རེད་མདའ་བ་ལ་དབུ་འདུལ་གསན།།

རོང་ཆོས་ལུང་དུ་རྗེ་བཙུན་ཙོང་ཁ་པར།།

དབུ་མ་འཇུག་པའི་རང་འགྲེལ་ཚར་གཅིག་ཉན།།

༡༤༢རྟག་ཏུ་འཇམ་པའི་དབྱངས་ཀྱིས་བཤེས་མཛད་དེ།།

ཐོ་རངས་སྐབས་སུ་མནལ་ལས་སད་ཐེངས་རེར།།

ཚིགས་བཅད་ཆོས་རེ་གསུངས་པར་ཞལ་གྱིས་བཞེས།།

ངེས་འབྱུང་བྱང་སེམས་ལྟ་བ་སྒོམ་ཚུལ་རྣམས།།

༡༤༣དངོས་སུ་གསུངས་ཤིང་ཉོན་མོངས་གང་ཆེ་ཡི།།

གཉེན་པོ་སྟོན་ཞིང་འཕྲལ་གྱི་ལས་ཀུན་གྱི།།

འཇུག་ལྡོག་ཐམས་ཅད་ཡི་དམ་ལྷ་ཉིད་ཀྱིས།།

འདོམས་པ་མ་གཏོགས་རང་དགར་འཇུག་མི་སྟེར།།

༡༤༤ཐུགས་དམ་ཀུན་ལ་བརྩོན་པ་དཔག་མེད་དང།།

ས་ལམ་རྟོགས་པ་ཅི་ཙམ་མངའ་བ་སོགས།།

ཡེ་ཤེས་སྤྱན་གྱིས་གཟིགས་པས་མི་ལང་ན།།

ཕལ་བས་གཞལ་འདོད་བྱིས་པའི་རྩེད་མོར་ཟད།།

༡༤༥གཤེགས་ནས་སྐུ་གདུང་ཞུགས་ལ་ཕུལ་བའི་ཚེ།།

མེ་ལྕེ་དུ་བ་རལ་གྲི་ཨུད་པ་ལའི།།

རྣམ་པར་འོངས་ཤིང་རིང་བསྲེལ་གུར་གུམ་མདོག།

རྩུབ་དྲུག་འཁོར་ལོའི་གཟུགས་སོགས་ངོ་མཚར་འབར།།

༡༤༦དེ་ལྟར་འཇམ་དཔལ་དབྱངས་དང་དབྱེར་མེད་པའི།།

བླ་མ་དབུ་མ་པ་ཡིས་ལོ་ཙཱ་མཛད།།

རྗེ་ཡིས་ཐུགས་ལ་བརྣགས་པའི་ཟབ་མོའི་དོན།།

བརྒལ་བརྟགས་ཚུལ་གྱིས་དྲི་གཏུགས་ཡང་ཡང་གནང་།།

༡༤༧རྗེ་ཡི་ཐུགས་ལའང་ཁས་ལེན་གཏན་མེད་ཅིང་།།

གང་དུའང་གཟུང་མི་རུང་བའི་ལྟ་བ་དེ།།

བདེ་བར་ཡོད་གཤིས་ལྟ་དེ་ཐལ་རང་གཉིས།།

གང་ཡིན་དྲིས་ཚེ་གང་ཡང་མིན་ཞེས་གསུངས།།

༡༤༨དེའི་ཚེ་འཇམ་དཔལ་དབྱངས་ཀྱི་ཞལ་སྔ་ནས།།

སྣང་སྟོང་གཉིས་ལ་ཉེ་རིང་མི་བྱ་ཞིང་།།

ཁྱད་པར་སྣང་བ་རྩིས་སུ་བྱེད་དགོས་ཞེས།།

འཁྲུལ་ངོར་སྣང་ཙམ་མིན་པའི་ཚད་གྲུབ་གསུངས།།

༡༤༩ མདོར་ན་ཐལ་རང་གཉིས་ཀྱི་ཁྱད་པར་དང་།།

ཀུན་ལྷན་བཟུང་ལྟར་གྲུབ་པའི་བདག་གི་ཚད།།

རྟགས་ཀྱི་དགག་བྱའི་ཕྲ་རགས་ལྟ་རྟོགས་ཚད།།

ཐལ་འགྱུར་ལྟ་བ་ཀུན་རྫོབ་འཇོག་ཚུལ་རྣམས།།

༡༥༠ཞིབ་ཏུ་དཔྱད་དེ་ས་བོན་ཚུལ་དུ་སྩལ།།

གཞན་ཡང་མདོ་སྔགས་ཐུན་མོང་ཡིན་མིན་ཁྱད།།

འདུས་པའི་རིམ་ལྔའི་ངོ་བོ་གོ་རིམ་དང་།།

གྲངས་ངེས་སོགས་ཀྱི་དཀའ་གནད་དྲིལ་ཏེ་གསུངས།

༡༥༡རྗེ་ཡིས་མི་གོ་བར་འདུག་ཅེས་གསོལ་བས།།

འདི་རྣམས་མ་བརྗེད་གྱིས་ལ་ཟིན་བྲིས་ཐོབས།།

བླ་མ་ཡི་དམ་ཐ་མི་དད་བྱས་ཏེ།།

གསོལ་བ་འདེབས་ཤིང་བསྙེན་སྒྲུབ་བྱེད་པ་དང་།།

༡༥༢བསགས་སྦྱངས་གཉིས་ལ་ལེགས་པར་འབད་པ་དང་།།

གཞུང་ལུགས་དོན་ལ་ཞིབ་ཏུ་དཔྱོད་པ་རྣམས།།

སུམ་སྒྲིལ་གྱིས་ལ་ཚིམ་པ་མི་སླ་བར།།

ཉམས་ལེན་རྒྱུན་བསྲིངས་བྱས་ཏེ་དཔྱོད་ཅིག་དང་།།

༡༥༣སྐབས་སུ་བབས་ན་ད་ལྟ་ཁོ་བོ་ཡིས།།

བཤད་པ་འདི་དག་གིས་ཀྱང་རྐྱེན་བྱས་ཏེ།།

ལྟ་བ་རྣམ་དག་ལེགས་པར་གོ་བ་ཞིག།

མྱུར་དུ་འོང་བར་འདུག་ཅེས་བཀའ་སྩལ་ཏོ།།

༡༥༤སླར་ཡང་རྗེ་ཡི་ཞལ་ནས་འདི་སྐད་དུ།།

ཀླུ་སྒྲུབ་ཡབ་སྲས་ལུགས་ཀྱི་དབུ་མ་དང་།།

གསང་བ་འདུས་པ་ཤེས་འདོད་ཆེ་བས་ན།།

དེ་ལ་མཁས་པ་བོད་ན་སུ་དྲག་ཞུས།།

༡༥༥ཞལ་ནས་རེད་མདའ་བ་ལས་དྲག་མེད་ཀྱང་།།

དེས་ཀྱང་ཁྱོད་ལ་མཐའ་རྣམས་མ་ལུས་པ།།

ཆོད་པའི་གོ་བ་རྫོགས་པར་བསྐྱེད་མི་ཐུབ།།

བླ་མ་དབུ་མ་པ་ཡིས་ལོ་ཙཱ་བྱས།།

༡༥༦ང་ཡིས་བཤད་ན་དེ་ག་དྲག་འོང་ཡང་།།

དབུ་མ་པ་ཡང་མྱུར་དུ་མདོ་ཁམས་སུ།།

འགྲོ་དགོས་སྣང་བས་སྔར་ལྟར་གྱིས་དང་གསུངས།།

རྗེ་ཡི་ཞལ་ནས་རྒྱ་གར་མཁས་པའི་གཞུང་།།

༡༥༧འགའ་ལ་འཁྲུལ་བ་མངོན་སུམ་སྣང་བས་ན།།

ཀླུ་སྒྲུབ་དགོངས་པ་འགྲེལ་ལ་ཟླ་བ་གྲགས།།

འཁྲུལ་མེད་ཉིད་དུ་བཟུང་བས་ཨེ་ཆོག་ཞུས།།

ལན་དུ་ཟླ་བའི་ཞབས་ནི་སྟེང་ཕྱོགས་ཀྱི།།

༡༥༨འཇིག་རྟེན་ཁམས་ཀྱི་བདེ་བར་གཤེགས་པའི་དྲུང་།།

རྣམ་དཔྱོད་སྙིང་སྟོབས་མཆོག་གྱུར་སེམས་དཔའ་ཞིག།

ཞིང་འདིར་ཀླུ་སྒྲུབ་ལུགས་བཟང་གསལ་བའི་ཕྱིར།།

བསམ་བཞིན་སྐྱེ་བ་བཟུང་བ་ཡིན་པས་ན།།

༡༥༩སྔགས་དང་མཚན་ཉིད་གང་གི་སྐབས་སུ་ཡང་།།

འཁྲུལ་བ་ཕྲ་མོ་ཙམ་ཡང་མི་མངའ་བས།།

འདི་ལ་རྣམ་པ་ཀུན་ཏུ་ཡིད་ཆེས་གནས།།

ཁོ་ནར་ངེས་པར་གཟུང་དགོས་ཡིན་ཞེས་གསུངས།།

༡༦༠བླ་མ་དབུ་མ་པ་ཡིས་འཇམ་དབྱངས་ལ།།

རྗེ་ཡི་སྐུའི་སྐྱེ་སྔ་ཕྱི་དྲིས་པ་ན།།

ཞལ་ནས་སྔོན་དུས་ཐུབ་དབང་བཞུགས་དུས་སུ།།

རྒྱ་གར་ཡུལ་དུ་བྲམ་ཟེའི་ཁྱེའུར་འཁྲུངས།།

༡༦༡དགེ་སློང་ཆ་བྱད་འཛིན་པའི་སེམས་དཔའ་ཆེ།།

མོས་པའི་བློ་གྲོས་ཞེས་བྱ་མཉེས་བྱས་ནས།།

དེ་ཡི་འཁོར་གྱུར་དམ་ཆོས་མང་དུ་གསན།།

སྟོན་པར་མཇལ་ཞིང་བྱང་ཆུབ་སེམས་བསྐྱེད་དེ།།

༡༦༢དྲི་མེད་ཤེལ་དཀར་ཕྲེང་བ་བརྒྱ་རྩ་གཅིག།

ཕུལ་ནས་སྨོན་ལམ་རྣམ་དག་བཏབ་པ་ཡིས།།

ཡང་དག་ལྟ་བ་རྟོགས་པའི་ས་བོན་བཞག།

ཕྱི་མར་མི་ཕམ་རྒྱལ་བའི་མདུན་ས་རུ།།

༡༦༣དཔག་མེད་ཐེག་ཆེན་ཆོས་ལ་ལོངས་སྤྱོད་ཅིང་།།

འཇམ་དཔལ་སྙིང་པོ་ཞེས་བྱའི་སེམས་དཔའ་རུ།།

འགྱུར་བར་ལུང་དུ་བསྟན་ཅིང་རྗེ་བླ་མ།།

འཆད་ཉན་དག་ལ་ཐུགས་བཞེད་ཅུང་ཆེ་བས།།

༡༦༤དེ་དང་མཐུན་པར་བླ་མ་དབུ་མ་བས།

རྗེ་འདི་ན་ཚོད་གཞོན་ཞིང་མཁྱེན་རབ་ཆེ།།

འཆད་ཉན་མཛད་ན་བསྟན་ལ་ཕན་ཐོགས་ཆེ།།

འཆད་ཉན་འཕེལ་བོ་འདི་འདྲའི་འཕྲོ་ཉིད་ལ།།

༡༦༥བྱ་བྲལ་བྱས་ན་གཞན་གྱིས་ཁ་ཟེར་བས།།

རེ་ཞིག་འཆད་ཉན་མཛད་པས་ཆོག་པ་ཞིག།

འཚལ་ཞེས་འཇམ་དཔལ་དབྱངས་ལ་ཞུས་པ་ན།།

ཡི་དམ་ལྷ་ཡི་ཞལ་ནས་འདི་སྐད་དུ།།

༡༦༦བསྟན་འགྲོར་གང་ཕན་ཁྱོད་ཀྱིས་མི་ཤེས་པས།།

གཞན་གྱིས་ཁ་ཟེར་བ་ལ་བཟོད་པ་བསྒོམ།།

དབེན་པ་བསྟེན་ནས་ཐུགས་དམ་མ་བྱས་ན།།

སྐུ་ཚེ་རིང་པོ་མི་ཐུབ་ཕན་ཐོགས་ཀྱང་།།

༡༦༧ལྟར་སྣང་ཞིག་ལས་མི་འོང་བྱ་བྲལ་ལ།།

ཕྱིན་པ་འཐད་ཅེས་ནན་གྱིས་གསུངས་ནས་བསྐུལ།།

དེ་ནས་ཉང་སྟོད་གོང་གསུམ་བདེ་ཆེན་དུ།།

འབྱོན་པར་བཞེད་ཀྱང་ཕག་མོ་གྲུ་བའི་དམག།

༡༦༨ ལ་སྟོད་ཕྱོགས་ལ་ཆས་པ་འོང་གསན་ནས།།

དམག་ཐག་ཆོད་བར་རོང་རིང་ཕུག་ཏུ་བཞུགས།།

བུ་སྟོན་ཐུགས་སྲས་ཆོས་ཀྱི་དཔལ་བ་ལ།།

དགོང་མོར་མཇལ་དུས་གོས་དར་སེར་པོ་ཕུལ།།

༡༦༩ སང་ཉིན་ནེ་ཙོའི་གོས་ཡུག་གཅིག་ཕུལ་ཏེ།།

དུས་འཁོར་འགྲེལ་ཆེན་ཆ་ལག་དང་བཅས་ཞུས།།

ཞལ་ནས་མདང་གི་གོས་ཆེན་སེར་པོ་དེ།།

ས་ཡི་ཁམས རྣམས་སྡུད་རིམ་དང་མཐུན་པས།།

༡༧༠རྫོགས་རིམ་ཡོངས་སུ་རྫོགས་པ་འོང་བར་འདུག།

ད་ནངས་གོས་འདི་ལྗང་ཁུ་ནམ་མཁའི་ཁམས།།

བསྐྱེད་རིམ་དང་མཐུན་བསྐྱེད་རིམ་ཡོངས་རྫོགས་པ།།

འོང་བར་འདུག་ཅིང་བཤད་པའི་ཆོས་མཚམས་ནི།།

༡༧༡ལེའུ་དང་པོ་རྫོགས་ཤིང་གཉིས་པའི་དབུའི།།

ཆེན་པོའི་མི་རྣམས་སྨིན་པར་བྱ་བའི་དོན།།

ཞེས་པའི་ཐད་དང་འགྲིགས་པས་ཤིན་ཏུ་ལེགས།།

གསུངས་ནས་དགྱེས་བཞིན་ཞལ་གྱིས་བཞེས་པར་གྱུར།།

༡༧༢ལེའུ་གཉིས་པ་ནས་ནི་དབུ་བཙུགས་ཤིང་།།

དང་པོ་བསྐྱར་ནས་གསུངས་ཤིང་རྫོགས་བྱས་ཏེ།།

རྒྱུད་འགྲེལ་བཤད་པ་ལག་ལེན་མཛུབ་ཁྲིད་དང་།།

སྦྱོར་དྲུག་ཉམས་ཁྲིད་ལ་སོགས་ཐམས་ཅད་གསན།།

༡༧༣སོ་ལྔར་ཉང་སྟོད་རྩ་འཁྲིས་ཁང་ཞེས་པར།།

བུ་སྟོན་ཆེན་པོའི་མཆོད་གཡོག་ཡོ་ག་པ།།

ཚེ་དབང་ཞེས་བྱའི་སློབ་མ་མགོན་བཟང་ལས།།

རྡོ་རྗེ་དབྱིངས་དང་དཔལ་མཆོག་རྩེ་མོས་མཚོན།།

༡༧༤ཡོ་གའི་དཀྱིལ་འཁོར་ཆེན་པོ་མཐའ་དག་གི།

བྲི་ཐིག་གར་དང་དབྱངས་དང་ཆོག་ཁྲིགས་དང་།།

ཕྱག་རྒྱ་འཆིང་བ་སོགས་ལ་བྱང་བར་སྦྱངས།།

དེའི་ཚེ་ནུབ་གཅིག་གཟིམས་པའི་རྨི་ལམ་དུ།།

༡༧༥ཁྲིའི་སྟེང་ཁྱུང་པོ་ལྷས་པ་ཞེས་བྱ་བའི།།

བླ་མ་བགྲེས་པོ་དབུ་རྒྱན་གསོལ་བ་ཡིས།།

རྡོར་དྲིལ་ཕྱག་ཏུ་བསྣམས་ཤིང་བཞུགས་པ་ལ།།

བཞེངས་ནས་རྡོ་རྗེའི་འགྲོས་དང་དྲིལ་སྟབས་བཅས།།

༡༧༦རྗེ་ལ་གཡས་སུ་སྐོར་བ་གསུམ་མཛད་ཅིང་།།

ཕྲེང་བར་གསུངས་པའི་ཨེ་ཀ་ཙི་ཀ་སོགས།།

སྔགས་སྒྲ་བསྒྲགས་ཤིང་རྗེ་ཡི་དབུའི་སྟེང་དུ།།

རྡོར་དྲིལ་བཟུང་སྟེ་ཀརྨ་བཛྲ་ཞེས།།

༡༧༧དེ་སྐད་གསུངས་ནས་ཁྲི་ལ་བཞུགས་པ་རྨིས།།

མནལ་ལམ་སད་ནས་སྔར་གྱི་གསང་མཚན་དང་།།

ལས་ཀྱི་རྡོ་རྗེ་གཉིས་ནི་དོན་གྲུབ་ཀྱི།།

རིགས་ཀྱི་མིང་ཉིད་དུ་ནི་འདྲ་བར་དགོངས།།

༡༧༨ སྡེ་ཆེན་གནས་སུ་ཆོས་ཀྱི་དཔལ་བའི་དྲུང་།།

རྡོར་ཕྲེང་དབང་ལུང་མཛུབ་ཁྲིད་བཤད་པ་དང།།

གར་ཐིག་དབྱངས་གསུམ་ཕྱག་ལེན་ཁྲིད་བཅས་སྒོས།།

ཕྲེང་བ་སྐོར་གསུམ་ལ་ནི་མཁས་པར་སྦྱངས།།

༡༧༩ གཞན་ཡང་འཁོར་ཆེན་སོགས་ཀྱི་དབང་ལུང་དང་།།

མན་ངག་ཟབ་ཅིང་རྒྱ་ཆེ་མང་དུ་གསན།།

དེ་ནས་ཞ་ལུར་ཁྱུང་པོ་ལྷས་པའི་དྲུང་།།

ཡོ་ག་གསན་ཕེབས་བཞེད་དུས་མནལ་ལམ་དུ།།

༡༨༠ ཁྲིའི་སྟེང་ཁྱུང་པོ་ལྷས་པ་ཡིན་ཟེར་བའི།།

བླ་མ་བགྲེས་པོས་བཟང་པོའི་འདུག་སྟངས་མཛད།།

རྗེ་ཡང་དྲུང་ན་འཁོད་པར་བླ་མ་དེས།།

ཕྱག་གིས་རང་གི་ཐུགས་ཀའི་གོས་བསལ་ནས།།

༡༨༡བསྟན་པར་གཟིགས་པས་ཐུགས་ཀར་སྔགས་ཕྲེང་གི།

རིམ་པ་མང་པོས་བསྐོར་ཅིང་ཡིག་འབྲུ་རྣམས།།

ཧྲམ་མེར་འདུག་པ་ཕལ་ཆེར་བཀླགས་པ་རྨིས།།

ཕྱིས་མཇལ་སྐུའི་རྣམ་རྨི་ལམ་དང་མཐུན་གསུངས།།

༡༨༢དེ་ཡི་དྲུང་དུ་རྒྱུད་སྡེ་འོག་གསུམ་གྱི།།

རྣམ་དག་དབང་གི་རྒྱུན་རྣམས་ཕལ་ཆེར་དང།།

བདེ་མཆོག་ལཱུ་དང་ནག་པོའི་ལུགས་ཀྱིས་མཚོན།།

བླ་མེད་ལུགས་ཀྱི་ལུང་ཡང་དཔག་མེད་གསན།།

༡༨༣འབུལ་བའི་མཆོད་པ་ཚོགས་ཀྱི་འཁོར་ལོ་དང་།།

ཞབས་ཏོག་ནར་མ་སོགས་ཀྱིས་མཉེས་པར་མཛད།།

དེའི་ཚེ་བླ་མ་ཆེན་པོའི་ཞལ་སྔ་ནས།།

དབང་རེའི་མཇུག་ཏུ་འདི་ཡང་བླ་མ་ཡིས།།

༡༨༤ང་ལ་དགྱེས་བཞིན་གནང་ཞེས་ཅིས་ཀྱང་གསུངས།།

དབང་རྣམས་རྫོགས་རྗེས་ད་ནི་ཆོས་འདི་ཀུན།།

བདག་པོར་འཕྲོད་པས་འགྱོད་པ་མེད་ཅེས་པའི།།

ཚད་མའི་དབྱངས་ཀྱིས་བསྟན་པའི་བདག་པོར་གསོལ།།

༡༨༥སྔགས་ཀྱི་དངོས་གྲུབ་ཀུན་གྱི་རྩ་བ་ནི།།

མཚན་ལྡན་བླ་མ་དམ་པ་མཉེས་པ་ལས།།

གཞན་ཡོད་མིན་པའི་ཚུལ་འདིར་ངེས་རྙེད་པའི།།

ཉམས་རྟོགས་འདི་ཉིད་རྒྱལ་ཀུན་མཆོད་པའི་ཕུལ།།

༡༨༦ སོ་དྲུག་བཞེས་ཚེ་ཕག་རིར་ཆོས་དཔལ་དྲུང་།།

སླར་ཡང་སྙིང་འགྲེལ་སྟོད་འགྲེལ་ནཱ་རོ་པའི།།

འགྲེལ་ཆེན་ལ་སོགས་དུས་འཁོར་ཆ་ལག་དང་།།

གསང་འདུས་སྐོར་གྱི་བུ་ཡི་བཀའ་འབུམ་གསན།།

༡༨༧ ཞ་ལུའི་མཁས་པ་རྒྱལ་མཚན་གྲགས་པ་མཆོག།

ཕག་རིར་སྤྱན་དྲངས་ཡོ་གའི་གར་དབྱངས་དང་།།

ཕྱག་ལེན་སོགས་ལ་དག་ཐེར་ཡང་དག་མཛད།།

དེ་ལས་ཆོས་བཀའ་གསན་ཞིང་ཁྱད་པར་བུའི།།

༡༨༩རྡོ་རྗེ་འབྱུང་བའི་རྣམ་བཤད་ཆེན་མོ་དང་།།

ཡོ་གའི་རྩ་རྒྱུད་དེ་ཉིད་བསྡུས་པ་དང་།།

བཤད་རྒྱུད་རྡོ་རྗེ་རྩེ་དང་དཔལ་མཆོག་དང།།

ངན་སོང་སྦྱོང་རྒྱུད་དེ་ཉིད་སྣང་བ་དང་།།

༡༩༠ཀོ་ས་ལའི་རྒྱན་དཔལ་མཆོག་འགྲེལ་ཆེན་སོགས།།

རྒྱུད་དང་རྒྱ་འགྲེལ་རྣམས་ཀྱི་ལུང་ཡང་གསན།།

བླ་མ་དབུ་མ་བ་དང་ལྷན་གཅིག་ཏུ།།

ཇོ་བོར་མཇལ་ནས་དགའ་བ་གདོང་དུ་ཕེབས།།

༡༩༡ དཔོན་སློབ་གཉིས་ཀ་སྐུ་མཚམས་སོ་སོར་བཞུགས།།

གསོལ་ཇ་མཉམ་བཞེས་སྐབས་སུ་དབུ་མ་བས།།

ལོ་ཙཱ་མཛད་ནས་རྗེ་བཙུན་འཇམ་དབྱངས་ལ།།

ཆོས་མང་གསན་ཞིང་ཟབ་གནད་དྲི་གཏུགས་མཛད།།

༡༩༢ བླ་མ་དབུ་མ་པ་ལ་འཇམ་དབྱངས་ཀྱིས།།

གནང་བའི་ཞི་གནས་གསན་ཏེ་སྒོམ་དུས་སུ།།

རྗེ་ཡི་ཐུགས་ལ་འདི་ལྟར་བྱེད་པ་ལས།།

བརྟན་པའི་འཁོར་ལོ་བསྙེན་ན་ཕན་དགོངས་ཏེ།།

༡༩༣དེ་དོན་དབུ་མ་པ་ལ་ཞུར་བཅུག་པས།།

ལྷ་ཡིས་དེ་བཞིན་མཛད་ན་ལེགས་གསུངས་ལྟར།།

བླ་མ་ཡི་དམ་ཐ་མི་དད་བྱས་ཏེ།།

ཉིན་མཚན་སྦྲེལ་ནས་བསྙེན་སྒྲུབ་གསོལ་བཏབ་མཐར།།

༡༩༤མཐའ་ཡི་མུ་ཁྱུད་འོད་ཟེར་ལྔས་བརྒྱན་པའི།།

དྭངས་གསལ་ཡིད་འོང་དཀྱིལ་འཁོར་སྔོ་ཟླུམ་དབུས།།

དཀྱིལ་ཀྲུང་གིས་བཞུགས་གུར་གུམ་མདངས་ལྡན་གྱི།།

འཇམ་དཔལ་དབྱངས་དངོས་མངོན་སུམ་སྣང་བར་གྱུར།།

༡༩༥དེ་ནས་བཟུང་སྟེ་རྗེ་བཙུན་ཡེ་ཤེས་གཏེར།།

ནམ་འདོད་གཟིགས་ཤིང་བླ་མ་དབུ་མ་བར།།

འཇམ་དཔལ་དབྱངས་དང་བཀའ་སྡོད་ཆོས་རྒྱལ་གྱི།།

ཕྱི་ནང་གསང་གསུམ་ལས་ཚོགས་ལུང་རྣམས་གསན།།

༡༩༦ཡི་དམ་ལྷ་ཡིས་སྔ་ཕྱི་དུ་མ་རུ།།

ཡང་ཡང་ནན་གྱིས་བསྐུལ་ལྟར་རྗེ་ཉིད་ཀྱང་།།

འཆད་ཉན་མཛད་པ་རེ་ཞིག་ཉེར་བསྡུས་ཏེ།།

བསེ་རུ་བཞིན་དུ་དབེན་པ་བསྟེན་ལ་རངས།།

༡༩༧བླ་མ་དབུ་མ་པ་ཉིད་མདོ་ཁམས་སུ།།

འབྱོན་པའི་སྐྱེལ་མར་རྗེ་ཡང་ལྷ་སར་ཕེབས།།

དཔོན་སློབ་གཉིས་ཀས་ཐུགས་སྨོན་མང་མཛད་ཅིང་།

འཇམ་དཔལ་དབྱངས་ཀྱིས་ཉམས་ལེན་གནད་བསྡུས་སྩལ།།

༡༩༨ རྗེ་ཡིས་སྒོ་ཁང་སྟེང་དུ་དབུ་མ་པར།།

གསང་འདུས་མི་བསྐྱོད་པ་ཡི་དབང་བཞི་གནང་།།

དེ་ནས་རྗེ་ཉིད་སྐྱོར་མོ་ལུང་དུ་ཕེབས།།

སྟོན་འཇུག་བར་དུ་སྡེ་སྣོད་དཔག་མེད་གསུངས།།

༡༩༩སོ་དྲུག་དུས་ཀྱི་དགུན་ཟླ་བཅུ་པ་རུ།།

ཡི་དམ་བཀས་གནང་དཔལ་ལྡན་བཟང་པོ་དང་།།

རྟོགས་ལྡན་བྱང་སེང་གནས་བརྟན་རིན་རྒྱལ་དང་།།

གནས་བརྟན་བཟང་སྐྱོང་བ་སྟེ་དབུས་པ་བཞི།།

༢༠༠བླ་མ་རྟོགས་ལྡན་འཇམ་དཔལ་རྒྱ་མཚོ་དང་།།

ཤེས་རབ་གྲགས་དང་འཇམ་དཔལ་བཀྲ་ཤིས་དང་།།

དགེ་བཤེས་དཔལ་སྐྱོང་དང་བཅས་ཨ་མདོ་བཞི།།

དེ་ལྟར་དག་པ་རྣམ་བརྒྱད་འཁོར་དང་བཅས།།

༢༠༡ཀུན་སྤངས་མཛད་དེ་སློབ་བུ་སྟོང་ཕྲག་དག།

སྤྱན་ཆབ་དང་བཅས་བཞག་སྟེ་འོལ་ཁར་བྱོན།།

ཆོས་ལུང་གནས་སུ་ཡབ་སྲས་དགུ་བོ་ཡིས།།

སྟོབས་བཞིའི་བསགས་སྦྱངས་ལས་ལ་འགྲུས་པར་བྱས།།

༢༠༢བདུན་གྱིས་ཤུག་འབྲུའི་ཟས་ཀྱི་དཀའ་ཐུབ་མཛད།།

རྗེ་ཡིས་ལྟུང་བཤགས་དང་འབྲེལ་བརྒྱ་ཕྱག་དང་།།

རྡོ་ཡི་མཎྜལ་མང་དུ་ཕུལ་བ་ཡིས།།

སོར་རྩེ་གས་ཤིང་ཕྱག་ངར་ཤ་རྣམས་བརྡོལ།།

༢༠༣དེར་བརྟེན་བདེ་ཤེགས་སོ་ལྔ་མངོན་སུམ་དུ།།

གཟིགས་ཤིང་མདོ་སྡེ་ཕལ་ཆེན་ལ་སོགས་པའི།།

རྒྱལ་སྲས་སྤྱོད་པ་སྟོན་པའི་མདོ་རྣམས་ལ།།

ཞིབ་མཇལ་རླབས་ཆེན་སྤྱོད་ལ་འདྲིས་པར་མཛད།།

༢༠༤སེམས་དཔའི་སྙིང་སྟོབས་སྤྱོད་པ་མདོ་བཞིན་དུ།།

དང་པོ་འབྱུང་བར་དཀའ་ཡང་རེ་ཞིག་ནས།།

གོམས་པའི་ཤུགས་ཀྱིས་འབད་རྩོལ་མི་དགོས་པར།།

རྨད་བྱུང་སྤྲོ་བས་ངང་གིས་འབྱུང་ཞེས་གསུངས།།

༢༠༥གཞན་ཡང་ཤཱཀྱའི་རྒྱལ་དང་བྱམས་པ་མགོན།།

སྨན་གྱི་བླ་དང་རྒྱལ་བ་ཚེ་མཐའ་ཡས།།

འཁོར་དབུས་ལྷམ་མེར་བཞུགས་པ་དངོས་གཟིགས་ཀྱང་།།

ཉམས་སྣང་ཡིན་ཞེས་ངེས་པ་ཆེར་མ་མཛད།།

༢༠༦གྲུབ་དབང་རྟོགས་ལྡན་པ་ལ་འཇམ་དབྱངས་ཀྱི།།

སྐུ་དང་གསུང་གི་སྣང་བ་བྱུང་བ་ལ།།

རྗེ་ཡིས་བརྟགས་པས་ཚད་ལྡན་ཡིད་ཆེས་ཐོབ།།

མཁྱེན་པའི་གཏེར་གྱིས་བླ་མ་རྟོགས་ལྡན་པར།།

༢༠༧རྗེ་བཙུན་ཙོང་ཁ་པ་ལ་འཇམ་དབྱངས་ཀྱི།།

སྐུ་ཡི་སྣང་བ་བྱུང་བ་རང་ག་མིན།།

གསོལ་བ་དྲག་ཏུ་བཏབ་ན་ཕྱིས་འབྱུང་གི།

རྟེན་འབྲེལ་གནད་ཡོད་གསུངས་ཏེ་སྐུལ་མ་བྱས།།

༢༠༨སོ་བདུན་དུས་ཀྱི་དཔྱིད་དུས་འོལ་ཁ་རུ།།

བསགས་སྦྱངས་རྩེ་གཅིག་མཛད་སྐབས་དད་ལྡན་འགས།།

ཡང་ཡང་བསྐུལ་ངོར་ཆོས་འཆད་དགོངས་པའི་ཚེ།།

ཡབ་རྗེ་ཟུར་ཕུད་ལྔ་བས་འདི་སྐད་དུ།།

༢༠༩དམུ་རྒོད་གདུལ་དཀའི་སེམས་ཅན་འདི་རྣམས་ལ།།

བཤད་པས་ཕན་ཐོགས་ཆེན་པོར་ག་ལ་འགྱུར།།

དེ་བས་སྒྲུབ་པ་ལྷུར་བླངས་དབེན་པ་བསྟེན།།

རང་གཞན་གཉིས་ཀ་འཚེངས་པའི་ལམ་རྙེད་འགྱུར།།

༢༡༠དེ་སྐད་གདམས་ཤིང་སྒྲུབ་ལ་བསྐུལ་པར་མཛད།།

སོ་བདུན་དབྱར་དུས་རྫིང་ཕྱིའི་བྱམས་པར་མཇལ།།

མཆོད་དང་སྨོན་ལམ་རླབས་ཆེན་མང་དུ་མཛད།།

སོ་བདུན་དགུན་དུས་སྨན་ལུང་རྒྱ་སོག་ཕུར།།

༢༡༡ཉམས་བཞེས་མཛད་པས་ཐུགས་དམ་ཤིན་ཏུ་འཕེལ།།

སངས་རྒྱས་སྲས་ཀྱིས་བསྐོར་པའི་འཇམ་དབྱངས་དང་།།

རྒྱལ་ཡུམ་སྒྲོལ་མ་གཙུག་ཏོར་རྣམ་པར་རྒྱལ།།

འཕགས་མ་འོད་ཟེར་ཅན་དང་གདུགས་དཀར་སོགས།།

༢༡༢ ལྷག་ལྷ་དུ་མའི་ཞལ་གཟིགས་བྱིན་རླབས་ཐོབ།།

ཀླུ་སྒྲུབ་ཨརྱ་དེ་ཝ་སངས་རྒྱས་བསྐྱངས།།

ཀླུ་ཡི་བྱང་ཆུབ་དཔལ་ལྡན་ཟླ་བ་དང་།།

ཐོགས་མེད་སྐུ་མཆེད་ཕྱོགས་གླང་ཆོས་གྲགས་དང་།།

༢༡༣ ཡོན་ཤཱཀ་གཉིས་དང་སློབ་དཔོན་ལྷ་དབང་བློ།།

ཤེར་འབྱུང་སྦས་པ་པདྨའི་ངང་ཚུལ་དང་།།

ཨ་བྷ་ཡ་དང་ཨིནྡྲ་བོ་དྷི་དང་།།

ལཱུ་དྲིལ་རྣམ་གཉིས་ནག་པོ་སྤྱོད་པ་སོགས།།

༢༡༤པཎ་གྲུབ་དུ་མ་མངོན་སུམ་གསལ་བར་གཟིགས།།

ཉམས་སྣང་ཡིན་ཞེས་ཐུགས་གཙིགས་མ་མཛད་པས།།

ཡི་དམ་ཞལ་ནས་སྣང་བ་རང་ག་མིན།།

གསོལ་འདེབས་གྱིས་དང་འདི་རྣམས་གཞུང་ལ་བརྟེན།།

༢༡༥ ཕན་པ་འབྱུང་བའི་རྟེན་འབྲེལ་ཡོད་ཅེས་གདམས།།

ཉམས་རྟོགས་ཏིང་འཛིན་འཕེལ་བའི་སྐབས་ཤིག་ཏུ།།

གཟི་བརྗིད་རབ་འབར་ཞལ་ཕྱག་ཡོངས་རྫོགས་པའི།།

བཅོམ་ལྡན་རྡོ་རྗེ་འཇིགས་བྱེད་མངོན་སུམ་གཟིགས།།

༢༡༦ དེ་ནས་བཟུང་སྟེ་བདག་འཇུག་ཆག་མེད་གནང་།།

གཞན་ཡང་འཇམ་དཔལ་འཁོར་བཅས་དངོས་གཟིགས་ནས།།

གཙོ་བོའི་ཐུགས་ཀའི་ཤེས་རབ་རལ་གྲིའི་རྩེ།།

རྗེ་ཡི་ཐུགས་ཀར་ཟུག་ཅིང་སྦྲེལ་བ་ལས།།

༢༡༧ དཀར་སེར་སྣུམ་པའི་བདུད་རྩིའི་རྒྱུན་བབས་པས།།

ཟག་མེད་བདེ་བས་ཐུགས་རྒྱུད་ཡོངས་སུ་གང་།།

ཆ་རྒྱུས་ཡོད་མེད་འཁོར་རྣམས་ཁ་གདངས་ཏེ།།

བདུད་རྩིར་བཟེད་པས་ལ་ལས་མང་རོལ་ཅིང་།།

༢༡༨ ལ་ལས་ཉུང་རོལ་འགའ་ལ་ཐོབ་མ་གྱུར།།

དེ་ཡང་གདུལ་བྱ་རང་རང་བསོད་ནམས་ཀྱི།།

མཐུ་དང་མཐུན་པ་ཡིན་གྱི་གཞན་དུ་མིན།།

དེ་དོན་ཡི་གེར་མཛད་པ་འདི་ལྟ་སྟེ།།

༢༡༩ཀ་ཏ་ར་ཡི་གྲོང་ཁྱེར་དུ།།

སྐྱེད་མོས་ཚལ་ནི་རྒྱས་པར་གྱུར།།

བུང་བ་མང་པོ་དེ་ལ་རོལ།།

བདུད་རྩི་མཆོག་ཀྱང་འཐུང་བར་སྣང་།།

༢༢༠ཞེས་ཏེ་ངེས་དོན་སྦས་པའི་ཚིག་སྦྱོར་འདི།།

ཉམས་རྟོགས་བརྗོད་པའི་དོན་གྱི་སྙན་ངག་གོ།

དགུང་ལོ་སོ་བརྒྱད་ཕེབས་དུས་རྒྱ་སོག་ཕུར།།

ཆོ་འཕྲུལ་དུས་སུ་མཆོད་འབུལ་རྒྱ་ཆེར་མཛད།།

༢༢༡ཤུགས་དྲག་དད་པས་མཆོད་ཡུལ་སྤྱན་དྲངས་ཚེ།།

རྡུལ་སྙེད་སངས་རྒྱས་རིགས་ལྔའི་རྣམ་པར་གཟིགས།།

རྗེ་བཙུན་བརྟན་པའི་འཁོར་ལོས་བསྐུལ་པ་ཡིས།།

རྫིང་ཕྱིའི་བྱམས་སྐུ་ཞིག་གསོ་བྱེད་པར་ཕེབས།།

༢༢༢ སྔོན་དུས་གར་མི་ཡོན་ཏན་གཡུང་དྲུང་གིས།།

རྫིང་ཕྱིར་བཞེངས་པའི་བྱམས་སྐུ་མི་ཚད་ཙམ།།

བསྙེན་བཀུར་དཔལ་བཅས་བཞུགས་ཀྱང་སྐབས་ཤིག་ནས།།

ཁང་བཟང་རལ་ཞིང་སྐུ་བརྙན་རྡུལ་གྱིས་གོས།།

༢༢༣རྗེ་ཡིས་གཟིགས་འཕྲལ་མ་བཟོད་སྤྱན་ཆབ་ཤོར།།

ཕྱི་ཡི་ཞིག་གསོ་འོལ་ཁ་སྟག་རྩེར་གཏད།།

ནང་གི་ལྡེབ་རིས་ནས་བཟུང་བཞེངས་བརྩམས་ཤིང་།།

དཔོན་སློབ་བཅུ་གཉིས་ཕྱག་རྫས་ཀུན་བསྡོམས་ཏེ།།

༢༢༤ རིན་ལ་ཕབ་པས་ཞོ་ནི་བཅུ་གཉིས་ལས།།

མ་ལོངས་པས་ན་རྣམ་སྲས་བསྐུལ་དགོངས་ནས།།

འཛིན་གཏོར་འབུལ་དགོས་བསམ་ཀྱང་མར་མེད་པས།།

རྒྱུས་མེད་བཙུན་པས་མར་གྲོད་ཕུལ་བས་རངས།།

༢༢༥མར་གྱི་འཛིན་གཏོར་ཕུལ་ནས་འཕྲིན་བཅོལ་བས།།

སང་ནས་འབྲོག་པས་ཐུད་མར་བཀལ་ཏེ་བྱུང་།།

དེ་ནས་བཟུང་སྟེ་རྟེན་བཞེངས་གང་ལ་ཡང་།།

རྣམ་སྲས་ལྷ་ཡིས་མཐུན་རྐྱེན་དཔག་མེད་གནང་།།

༢༢༦ཐོག་མར་འཇམ་དབྱངས་ཞིང་བཀོད་བཞེངས་པའི་ཚེ།།

སྐྱ་ཐིག་ཚར་བར་རབ་གནས་མཛད་པ་ན།།

འཇམ་དབྱངས་དངོས་བྱོན་ཐིམ་པའི་གཟིགས་སྣང་བྱུང་།།

མར་མེ་ཕུལ་བས་ཉིན་ཞག་ཕྱེད་གསུམ་བཟུང་།།

༢༢༧ ཞིང་བཀོད་རེ་རེ་བཞེངས་དུསའང་དེ་ལྟར་བྱུང་།།

སྟོད་ལུང་ལྷ་བཟོ་དད་ལྡན་མང་པོ་ཡིས།།

ཚོན་རྩི་བསྣམས་ཏེ་མ་བསྐུལ་ངང་གིས་ཕེབས།།

རི་མོ་པ་ཀུན་ཐེག་ཆེན་གསོ་སྦྱོང་དང་།།

༢༢༨བསྙེན་གནས་སྡོམ་ལ་བཀོད་ནས་འབྲི་རུ་བཅུག།

ལས་བྱེད་ཀུན་ཀྱང་ཀྱལ་བའི་ཚིག་སྤངས་ཏེ།།

ཕལ་ཆེར་སྨོན་ལམ་གྱིས་མཚོན་ཚིགས་བཅད་དག།

སྒྲོག་འདོན་བྱེད་བཞིན་ལས་ལ་གཞོལ་བར་གྱུར།།

༢༢༩བདེ་གཤེགས་སོ་ལྔའི་ལྡེབ་རིས་བཞེངས་བརྩམས་ཚེ།།

བཟོ་བོ་རྣམས་ཀྱིས་སྐུ་མདོག་ཕྱག་རྒྱ་སོགས།།

འབྲི་མ་ཤེས་ནས་རྗེ་ཉིད་ལ་ཞུས་པས།།

ཉིད་ཀྱིས་སངས་རྒྱས་སོ་ལྔ་མངོན་སུམ་དུ།།

༢༣༠གཟིགས་བཞིན་འདི་དང་འདི་ལྟར་གྱིས་ཞེས་བསྒོས།།

དེའི་ཚེ་འཇམ་དཔལ་ཞལ་ནས་འདི་སྐད་དུ།།

བྱམས་པ་མགོན་ལ་ཕྱོགས་བཅུའི་སངས་རྒྱས་ཀྱིས།།

འོད་ཟེར་ཆེན་པོས་དབང་བསྐུར་བྱས་པ་སོགས།།

༢༣༡བརྗོད་བྱར་བྱོས་ལ་བསྟོད་ཅེས་བསྐུལ་པ་ལྟར།།

བྱམས་བསྟོད་རིན་ཆེན་གསལ་བའི་སྒྲོན་མེ་དང།།

རང་ཉིད་འཚང་རྒྱའི་སྨོན་དང་བདེ་སྨོན་མཛད།།

ངེས་དོན་བྱམས་སྐུ་མཐོང་བ་དོན་ལྡན་སོགས།།

༢༣༢རྟེན་དང་བརྟེན་པ་རབ་ཏུ་གྲུབ་པ་ན།།

འཇམ་དཔལ་གསང་ལྡན་དཀྱིལ་འཁོར་ལེགས་བཞེངས་ནས།།

རབ་གནས་མཛད་ཅིང་སྣོད་ལྡན་བཅུ་ལྷག་ལ།།

དེ་ཡི་དབང་ཆེན་སྩལ་པའི་བཀའ་དྲིན་བསྐྱངས།།

༢༣༣རབ་གནས་དངོས་གཞིའི་ཉི་མ་རིང་བ་དང་།།

མཁའ་འགྲོས་རི་མོ་འབྲི་བའི་རྨི་ལྟས་དང་།།

གྲུབ་ཆེན་ཕྱག་རྡོར་པ་ཡིས་མངོན་སུམ་དུ།།

སངས་རྒྱས་རབས་བདུན་བྱོན་པ་གཟིགས་པ་སོགས།།

༢༣༤ངོ་མཚར་གཟིགས་སྣང་ཕལ་བའི་བློ་ལས་འགོངས།།

སྐྱེ་རྒུའི་བསོད་ནམས་རྒྱས་པའི་ཞིང་ས་རུ།།

བྱམས་མགོན་སྐུ་བརྙན་རྙེད་བཀུར་འོད་དང་ལྷན།།

རྟེན་བཅས་ཞིག་གསོས་བཀྲ་བར་བྱས་པ་ནི།།

༢༣༥ཐུན་མོང་མཛད་ཆེན་བཞི་ཡི་དང་པོའོ།།

བོད་དུ་བཞུགས་པའི་བཀའ་བསྟན་མན་ངག་ཀུན།།

རྫོགས་པར་གསན་ནས་དབུ་མའི་ལྟ་དང་སྔགས།།

ཁྱད་པར་གསང་བ་འདུས་དང་བདེ་མཆོག་གི།

༢༣༦གནད་རྣམས་གཏན་ལ་འབེབས་ཕྱིར་འཕགས་ཡུལ་གྱི།།

ཨོ་ཏནྟ་དང་ནཱ་ལེན་དྲ་སོགས་དང་།།

རྒྱ་གར་ཤིང་རིར་མི་ཏྲ་ཛོ་ཀི་དང་།།

མཇལ་བར་ཕེབས་དགོངས་དཔོན་སློབ་བཅུ་གསུམ་གྱིས།།

༢༣༧རྨི་ལྟས་སྨོན་ལམ་རྟེན་འབྲེལ་ལེགས་བསྒྲིགས་ཏེ།།

དགོས་དོན་དུ་མའི་ཆེད་དུ་ལྷོ་བྲག་ཏུ།།

འཕྲིན་བཏང་ཕྱག་ན་རྡོ་རྗེས་གྲུབ་ཆེན་ལ།།

བྱམས་མགོན་སྤྲུལ་བའི་གསུང་ཤོག་མི་བཞི་ཡིས།།

༢༣༨སང་ཉིན་ཁྱེར་ནས་འོང་གིན་འདུག་ཅེས་གསུངས།།

མཁའ་འགྲོ་དཀར་མོས་ཞལ་ནས་བྱམས་མགོན་གྱིས།།

བྱིན་གྱིས་བརླབས་ཤིང་འཇམ་དབྱངས་དབྱེར་མེད་དང་།།

ཚངས་སྲས་མ་ཡིས་རིག་པ་སྟེར་བ་ཡི།།

༢༣༩གང་ཟག་ཕུན་ཚོགས་སྐྱེ་བ་བཅོ་ལྔའི་གོང་།།

འབྲེལ་ཞིང་ད་ལྟའང་བླ་སློབ་ཏུ་འགྱུར་བས།།

ཆོས་རྒྱུན་གཙང་མ་ཕན་ཚུན་སྤེལ་ཅེས་བསྐུལ།།

དེར་བརྟེན་ཕྱག་རྡོར་པས་ཀྱང་འཕྲིན་བཏང་སྟེ།།

༢༤༠ཅིས་ཀྱང་འདིར་ཕེབས་བཀའ་འདྲི་ཞུ་བ་དང་།།

སྐུ་ཚེ་སྲིང་བའི་རྟེན་འབྲེལ་ཡོད་ཅེས་བསྐུལ།།

དྲུག་པའི་ཚེས་བཞིར་རྗེ་བཙུན་ཙོང་ཁ་པ།།

ལྷོ་བྲག་བྲ་བོ་དགོན་པར་བྱོན་པའི་ཚེ།།

༢༤༡མཁན་ཆེན་ནམ་མཁའི་མཚན་ཅན་བསུར་ཕེབས་ཏེ།།

རྗེ་ཉིད་འཇམ་དཔལ་གཞོན་ནུར་གཟིགས་པ་དང་།།

གྲུབ་ཆེན་པ་ཡང་རྗེ་ཡིས་ཕྱག་རྡོར་དུ།།

དངོས་སུ་གཟིགས་ཤིང་ཕན་ཚུན་གུས་པར་གྱུར།།

༢༤༢དེའི་ཚེ་རྗེ་ཉིད་དགུང་ལོ་སོ་བརྒྱད་དང་།།

ཕྱག་རྡོར་པ་ཉིད་དགུང་གྲངས་བདུན་ཅུར་གྲགས།།

དེ་ཡི་ནུབ་མོར་རྗེ་ཡིས་ལྷོ་བྲག་པར།།

བླ་མའི་རྣལ་འབྱོར་ཞུས་ཤིང་དག་སྣང་ལ།།

༢༤༣གསང་བདག་དངོས་སུ་བྱོན་ནས་རྗེ་ལ་ཐིམ།།

ཟླ་དེའི་བཅོ་ལྔའི་ཚེས་ཀྱི་ཐོ་རངས་དུས།།

ཕྱག་རྡོར་ཞལ་ནས་ནམ་མཁའི་མཚན་ཅན་ལ།།

བྱམས་མགོན་མཆོག་ལ་བསླབ་བཏུས་ཞུས་ཞེས་བསྐུལ།།

༢༤༤དེར་བརྟེན་ལྷོ་བྲག་ཆེན་པོས་གསོལ་བ་ལྟར།།

རྗེ་ཡིས་དེ་གའི་དགེ་འདུན་ཚོགས་བཅས་ལ།།

བསླབ་བཏུས་གསུངས་ཤིང་ལྷོ་བྲག་གཟིགས་སྣང་ལ།།

རྗེ་ཡི་དབུ་ལ་རྗེ་བཙུན་བྱམས་པ་དང་།།

༢༤༥དཔུང་གཡས་མཆོག་ལ་འཇམ་དབྱངས་དཀར་པོ་དང་།།

གཡོན་དུ་མཚོ་བྱུང་མ་དང་མཐའ་འཁོར་དུ།།

མགོན་པོ་ཕྱག་བཞི་ཕྱག་དྲུག་གིས་མཚོན་པའི།།

ཡེ་ཤེས་སྤྱན་ལྡན་ཆོས་སྲུང་རྡུལ་བཞིན་དཀྲིགས།།

༢༤༦གཞན་ཡང་ལྷ་འདྲེ་མི་མིན་གྲངས་མེད་ཀྱིས།།

དད་གུས་ཆེན་པོས་ཆོས་ལ་ཉན་མཐོང་ཞིང་།།

སོ་སོར་འབྲང་མའི་དབང་དང་རྗེས་གནང་དང་།།

བྱང་ཆུབ་སེམས་ཀྱི་གདམས་པ་ཡང་ཞུས་སོ།།

༢༤༧རྗེ་ཡིས་གྲུབ་ཆེན་པ་ལ་ཕྱག་རྡོར་གྱིས།།

གསུངས་པའི་གསང་བ་བསམ་མི་ཁྱབ་པ་དང་།།

ཞུ་ལན་རྡོར་ཕྲེང་ཞུ་ལན་གཅེས་ཕྲེང་དང་།།

དྲེགས་པ་ཀུན་འདུལ་རྟ་མགྲིན་དཔའ་གཅིག་དང་།།

༢༤༨ཕྱག་རྡོར་སྐུ་ལྔ་ཁྱུང་ལྔའི་རྗེས་གནང་དང་།།

དེ་ཡི་སྒྲུབ་སྐོར་བསྐྱེད་རྫོགས་ཉམས་ཁྲིད་སོགས།།

གསན་དུས་ཐོད་པའི་བདུད་རྩིའི་ཝུ་བའི་ནང་།།

འཇམ་དབྱངས་ཛམ་ལྷ་རྣམ་སྲས་མངོན་སུམ་གཟིགས།།

༢༤༩ཁྱད་པར་དགོན་པ་བ་དང་སྤྱན་སྔ་ནས།།

སྣེའུ་ཟུར་པ་དང་བྱ་ཡུལ་པར་བརྒྱུད་པའི།།

བཀའ་གདམས་ལམ་གྱི་རིམ་པའི་མན་ངག་རྣམས།།

བུམ་པ་གང་བྱོའི་ཚུལ་དུ་རྫོགས་པར་མནོས།།

༢༥༠རྗེ་ཡི་གཟིགས་ངོར་གྲུབ་ཆེན་པ་ཡི་དབུར།།

བཅོམ་ལྡན་ཤཱཀྱ་ཐུབ་དང་དཔུང་གཡས་པར།།

ཕྱག་ན་རྡོ་རྗེ་གཡོན་དུ་གདུགས་དཀར་མོ།།

མངོན་སུམ་སྣང་བ་ཐུགས་བཞེད་འགྲུབ་པའི་བརྡ།།

༢༥༡རྗེ་ཡི་ཞལ་ནས་ལྷོ་བྲག་མཁན་ཆེན་ལ།།

དབུ་མའི་ལྟ་བར་ཐེ་ཚོམ་སེལ་སླད་དུ།།

རྒྱ་གར་གནས་སུ་ཕེབས་འདུན་ཞུས་པ་ན།།

ལན་དུ་གྲུབ་ཆེན་པ་ཡིས་འདི་སྐད་དུ།།

༢༥༢ལྟ་བའི་གནད་རྣམས་བདག་གིས་ཡི་དམ་ལ།།

རྫོགས་པར་ཞུ་ཡི་འཕགས་ཡུལ་དུ་ཕྱིན་ན།།

རྒྱ་གར་ཤིང་རིར་མི་ཏྲ་ཛོ་ཀི་དང་།།

མཇལ་ཞིང་རིག་གནས་བཅོ་བརྒྱད་ལ་མཁས་པའི།།

༢༥༣ལྔ་རིག་ཆེན་པོར་འགྱུར་ཞིང་རྡོར་གདན་གྱི།།

མཁན་པོར་འགྱུར་ཡང་སྐུ་ཚེ་ཤིན་ཏུ་ཐུང་།།

བོད་དུ་བྱོན་མི་ནུས་ཤིང་ཚོགས་སྦྱོར་གྱི།།

འཁོར་རྣམས་ཕལ་ཆེར་ཚད་པས་ཀྲོངས་པར་འགྱུར།།

༢༥༤དེ་བས་བོད་དུ་བཞུགས་ནས་འཇམ་དབྱངས་ལ།།

གསོལ་བ་བཏབ་ན་འཕྲལ་དུ་རྗེས་འཛིན་ཞིང་།།

བསྟན་འགྲོར་ཕན་པར་འགྱུར་ཞེས་གདམས་པ་ལྟར།།

རྗེས་ཀྱང་དགོངས་ནས་ཕེབས་འདུན་ལྡོག་པར་གྱུར།།

༢༥༥དེ་ནས་འཇམ་དཔལ་དབྱངས་ཀྱིས་བསྐུལ་པ་ལྟར།།

འདུལ་བའི་བསླབ་ཁྲིམས་རྣམ་པར་དག་པའི་སྒོས།།

བསྟན་པར་ཕན་པའི་རྟེན་འབྲེལ་གནད་དགོངས་ནས།།

ཆོས་གོས་གསུམ་དང་ལྷུང་བཟེད་འཁར་གསིལ་དང་།།

༢༥༦ཞལ་གསེར་མཆོད་རྫས་དུ་མའི་སྐྱེས་དང་བཅས།།

བྱམས་མགོན་བསྟོད་པ་ཚངས་པའི་ཅོད་པན་མཆོག།

ངོ་མཚར་ཚིག་རྒྱན་ལམ་ནས་སྤེལ་ཏེ་བསྐུར།།

གྲུབ་ཆེན་པ་ཡིས་རྗེ་ཉིད་ཞེ་ལྔའི་སྟེང་།།

༢༥༧སྐུ་ཚེའི་བར་ཆད་འོང་བ་སེལ་སླད་དུ།།

གསང་བདག་འཁོར་ལོ་ཆེན་པོའི་དབང་བསྐུར་ཅིང་།།

འདི་ནས་ཙ་རིའི་གནས་དང་གཉལ་དུ་བྱོན།།

ཕྱིས་སུ་རྒྱ་གར་མཁས་གྲུབ་ཆེན་པོ་ཡི།།

༢༥༨སྐུ་ཡི་གཟིགས་སྣང་མཆོག་དང་དེས་མཛད་པའི།།

བསྟན་བཅོས་ལ་བརྟེན་སྟོང་ཉིད་རྟོགས་ཞེས་གདམས།།

དེ་ལྟར་ཟླ་བདུན་གྲོ་བོ་དགོན་དུ་བཞུགས།།

སོ་དགུ་བཞེས་ཚེ་གཉལ་གྱི་ལོ་རོར་བྱོན།།

༢༥༩སྟོང་ལྟག་གནས་སུ་ཟླ་བ་ལྔ་ཙམ་བཞུགས།།

བྲིན་ལས་པ་ཡི་བསྟན་རིམ་གདན་དྲངས་པར།།

བསུ་བ་མཛད་ཅིང་མཆོད་པ་རྒྱ་ཆེར་ཕུལ།།

ཞིབ་གཟིགས་གནང་བས་ལམ་གྱི་ངོ་བོ་དང་།།

༢༦༠གོ་རིམ་གྲངས་ངེས་རྣམས་ལ་ངེས་རྙེད་དེ།།

དོན་གཉེར་ཅན་ལ་བསྟན་རིམ་ཚར་གཅིག་གསུངས།།

ཨ་ཏི་ཤ་ཡི་གདམས་པའི་བཅུད་འཛིན་པའི།།

བེའུ་བམ་སྔོན་པོ་རྔོག་ཆེན་བསྟན་རིམ་སོགས།།

༢༦༡ལེགས་བཤད་སྐྱེས་ཀྱིས་ཐུགས་ཡིད་རབ་ཏུ་འཕྲོག།

ཉམས་བཞེས་ཕྱག་སྲོལ་རྣམ་གྲངས་མཐའ་ཡས་ཀྱང་།།

མདོ་སྔགས་ཆོས་ཀྱི་ཉིང་ཁུ་མ་ལུས་པ།།

སྐྱེས་བུ་གསུམ་གྱི་ལམ་དུ་དྲིལ་མཛད་དེ།།

༢༦༢ནང་སེམས་འདུལ་བ་གཙོ་བོར་ལྷུར་མཛད་པའི།།

བཀའ་བསྟན་ཡང་སྙིང་ལམ་གྱི་སྒྲོན་མའི་སྲོལ།།

གདུལ་བྱ་བཀྲི་ལ་འགྲན་ཟླ་མེད་མཐོང་ནས།།

དེ་ཉིད་ཁོ་ན་རང་ལུགས་མཐིལ་དུ་མཛད།།

༢༦༣ལོ་དེའི་དབྱར་དུ་གནས་མཆོག་གཉལ་སྨད་ཀྱི།།

གསལ་རྗེ་གངས་ཀྱི་ཡར་འདྲེན་དགོན་དུ་བཞུགས།།

རྣམ་རྒྱལ་བསྟོད་པ་འཆི་མེད་གྲུབ་པ་མཛད།།

དེའི་ཚེ་འཇམ་དཔལ་ཞལ་ནས་མི་འགྱང་བར།།

༢༦༤རྒྱ་གར་པཎ་ཆེན་གཅིག་གི་གཞུང་ལ་བརྟེན།།

དབུ་མའི་ལྟ་བ་རྙེད་ཅེས་ལུང་བསྟན་གནང་།།

རྗེ་ལ་སྙིང་ནས་གུས་རྣམས་ཕྱིར་འབྲངས་པས།།

དཔོན་སློབ་སུམ་ཅུར་ལོངས་པས་མཐུན་རྐྱེན་ཞན།།

༢༦༥རྣམ་སྲས་ལྷ་ལ་གཏོར་མ་ཕུལ་བ་ཡིས།།

མཐུན་རྐྱེན་འབྱོར་ཅིང་ཞལ་ཡང་མངོན་སུམ་གཟིགས།།

དེ་ནས་འཁོར་བཅས་ཙཱ་རིའི་གནས་སུ་ཕེབས།།

རི་ཡི་རྩེ་མོར་རྗེ་ཉིད་ཞག་འགར་བཞུགས།།

༢༦༦བདེ་མཆོག་བདག་འཇུག་མཛད་ཅིང་ལུས་དཀྱིལ་དུ།།

དབང་བསྐུར་མཛད་སོགས་ངོ་མཚར་བརྗོད་མི་ལང་།།

འདི་རུ་ཚོགས་འཁོར་བསྐོར་ན་བཟང་མོད་ཀྱང་།།

མི་ནུས་བསམ་མ་ཐག་ཏུ་ཞབས་སྐྲངས་ཤིང་།།

༢༦༧ཚེར་མ་ཟུག་པ་ལྟ་བུའི་ན་ཟུག་བྱུང་།།

དེར་བརྟེན་ནང་མཆོད་དང་བཅས་ཚོགས་འཁོར་མཛད།།

གློ་བུར་ཞབས་སྙུན་དྭངས་ཤིང་བདེ་བར་གྱུར།།

མོ་ལའི་ལ་རྩར་བཞུགས་དུས་བྱམས་མགོན་གྱིས།།

༢༦༨ཞལ་བཟང་དངོས་སུ་བསྟན་ཅིང་རིགས་ཀྱི་བུ།།

ཁྱོད་ནི་སངས་རྒྱས་འཇིག་རྟེན་བྱོན་པ་དང་།།

འདྲ་བ་འོང་བར་ཤེས་པར་བྱོས་ཤིག་ཅེས།།

སེང་གེའི་སྒྲ་ཡིས་མངོན་སུམ་དབུགས་དབྱུང་མཛད།།

༢༦༩བཞི་བཅུའི་དཔྱིད་ལ་གཉལ་སྨད་རྫོང་དུ་བཞུགས།།

དུས་ཀྱི་འཁོར་ལོའི་རྫོགས་རིམ་གནད་ཀུན་ལ།།

ཞིབ་དཔྱད་མཛད་པས་མི་འཕྱུགས་གཟེར་ཐེབས་ཏེ།།

སྦྱོར་དྲུག་རྡོ་རྗེའི་ཚིགས་སུ་བཅད་པ་མཛད།།

༢༧༠དེའི་ཚེ་དཔལ་ལྡན་དུས་ཀྱི་འཁོར་ལོ་ཆེ།།

དཔའ་གཅིག་གསེར་གྱི་མདོག་ཅན་ཞལ་གཟིགས་ཏེ།།

དུས་ཀྱི་འཁོར་ལོའི་བསྟན་པ་འཛིན་པ་ལ།།

ཟླ་བ་བཟང་པོར་འདྲ་ཞེས་ལུང་བསྟན་གནང་།།

༢༧༡དེ་དུས་སྒྲ་དབྱངས་ལྷ་མོས་མནལ་ལམ་དུ།།

དགུང་ལོ་ང་བདུན་ལས་ལྷག་མི་ཐུབ་ཀྱང་།།

དེ་བར་གཞན་དོན་དཔག་མེད་འབྱུང་ཞེས་གསུངས།།

རྗེ་ཡི་ཞལ་ནས་གཙུག་ཏོར་རྣམ་རྒྱལ་མ།།

༢༧༢བསྙེན་ན་སྐུ་ཚེ་རིང་བར་མི་འགྱུར་རམ།།

ཞུས་པས་དབྱངས་ཅན་ཞལ་ནས་འདི་སྐད་དུ།།

སྔོན་གྱི་སྨོན་ལམ་སྟོབས་དང་སྟོང་ཉིད་ལ།།

ཐུགས་འདུན་ཆེས་པས་ཚོགས་གཉིས་ཅི་བསགས་པ།།

༢༧༣དོན་དམ་རྟོགས་པའི་བློ་གྲོས་འཕེལ་བའི་རྒྱུར།།

ངང་གིས་གཞོལ་བས་ཚེ་ལ་ཕན་མ་གྱུར།།

གསུངས་ཤིང་འཇམ་དབྱངས་ཞལ་ནས་འདི་སྐད་དུ།།

ཕྱི་ནང་རྟེན་འབྲེལ་ལེགས་པར་བསྒྲིགས་བྱས་ཏེ།།

༢༧༤སྐུ་ཚེའི་བར་ཆད་སེལ་ཐབས་ལ་འབད་ན།།

དཀའ་སེ་ཞིག་ལ་བཟློག་པར་ནུས་སོ་གསུངས།།

དེ་དུས་འཇམ་དཔལ་དབྱངས་ལ་གསོལ་བཏབ་སྟེ།།

མདོ་སྔགས་ལམ་གྱི་ངོ་བོ་གོ་རིམ་སོགས།།

༢༧༥དྲིས་པའི་ལན་དུ་ཞི་ལྷག་དཀའ་གནད་འགའ།།

ཐོགས་མེད་སྩལ་ཞིང་ངེད་ལ་འདྲི་མི་དགོས།།

ཤིང་རྟ་ཆེན་པོའི་གཞུང་ལ་ཞིབ་དཔྱོད་མཛོད།།

མན་ངག་རྣམ་པར་དག་པའི་རྐྱེན་བྱས་ཏེ།།

༢༧༦མདོ་རྒྱུད་ཀུན་ལ་དཔྱད་པ་རྫོགས་པར་འགྱུར།།

ལུང་རིགས་ལམ་ནས་དོན་དེར་ངེས་རྙེད་དེ།།

བློ་ཡིས་དེ་གར་གཅིག་ཏུ་ཐག་བཅད་ཀྱང་།།

གཏིང་ནས་མི་བདེ་མེད་པར་གྱུར་པ་ན།།

༢༧༧དོན་དེར་དཔྱད་པ་རྫོགས་པ་ཡིན་ནོ་གསུངས།།

ཕྱིས་སུ་རྗེ་ལ་དེ་འདྲ་ཁོ་ནར་བྱུང་།།

གསེར་ཕྱེ་འབུམ་པར་མཆོད་པ་མང་ཕུལ་ཅིང་།།

འདུལ་བ་མང་དུ་གསུངས་ཤིང་འཇམ་དབྱངས་ཀྱིས།།

༢༧༨འདུལ་བའི་ལག་ལེན་ཕྲན་ཚེགས་མ་ལུས་པ།།

ཕྱག་བཞེས་མཛད་ན་བསྟན་པར་ཕན་ནོ་ཞེས།།

ནན་གྱིས་བསྐུལ་པས་བསྟན་པའི་རྩ་བ་རུ།།

ཐུགས་ངེས་འདྲོངས་ཤིང་ཉམས་པ་མ་བཟོད་ནས།།

༢༧༩འདུལ་བའི་ལག་ལེན་ཕྱིར་བཅོས་ཡན་ཆད་ཀུན།།

སྔ་མའི་སྲོལ་ཀ་ཙམ་ལ་མ་ལྟོས་པར།།

ལེགས་པར་བཙུགས་ཀྱི་གཞན་ལས་ཁྱད་འཕགས་ཤིག།

དོན་དུ་གཉེར་ནས་བྱས་པ་མིན་ཞེས་གསུངས།།

༢༨༠སློབ་མ་རྣམས་ལ་ཆོས་གོས་གསུམ་གྱི་ཚད།།

གདིང་བའི་ཚད་དང་དྲུས་དྲུབ་བྱེད་ཚུལ་དང་།།

གོས་རྣམས་གྱོན་ལུགས་ལྷུང་བཟེད་འཛིན་ལུགས་དང་།།

ཕྱི་དྲོའི་བཏུང་བར་རུང་ཆུ་འདེབས་ལུགས་སོགས།།

༢༨༡ལག་ལེན་ཞིབ་པར་བསླབས་ཤིང་ཡོན་ཏན་གྱི།།

གཞི་རྟེན་ལགས་པས་ཚུལ་ཁྲིམས་གཅེས་པར་གདམས།།

ཁོ་བོར་ལྟུང་བྱེད་སོར་བཤགས་ཉེས་བྱས་རྣམས།།

བག་རེ་བྱུང་ཡང་ཕམ་ལྷག་སྦོམ་པོ་ཡིས།།

༢༨༢གཏན་དུ་གོས་མ་མྱོང་ཞེས་གསལ་བར་གསུངས།།

ཞེ་གཅིག་དཔྱིད་ཀར་གཉལ་གྱི་སྒང་ཆུང་དུ།།

བཞུགས་ནས་སྐྱ་སེར་རྣམས་ལ་ཆོས་ཆར་ཕབ།།

བྱེ་བྲག་དད་ལྡན་ཁྱིམ་པ་མང་པོ་ལ།།

༢༨༣སྐྱབས་སུ་འགྲོ་དང་བསྙེན་གནས་སྡོམ་བསྩལ་ཅིང་།།

རྗེ་ཡིས་ཐོག་དྲངས་དད་ལྡན་མང་པོ་ཡིས།།

རྒྱལ་བའི་ཐུགས་རྟེན་སཙྪ་མང་བཏབ་པས།།

ཕྱིས་སུ་ཚ་ཚ་འདེབས་པའི་སྲོལ་ཆེན་དར།།

༢༨༤གཉལ་སྟོད་ར་གྲོང་དགོན་དུ་དབྱར་བཞུགས་མཛད།།

དེའི་ཚེ་ཀུན་མཁྱེན་དར་མ་རིན་ཆེན་གྱིས།།

བོད་དུ་བཀའ་བཅུའི་གྲྭ་སྐོར་ཐོག་མར་མཛད།།

ངེས་དོན་སྙན་པས་ས་ཆེན་གཡོ་བ་དེས།།

༢༨༥སོ་བཞིར་ཕེབས་ཚེ་རྗེ་ཡི་གྲགས་པ་གསན།།

ཅི་འདྲ་དགོངས་ནས་རྗེ་ལ་མཇལ་བར་བསླེབས།།

ཐོག་མར་རྗེ་ལ་དྲི་བ་མང་མཛད་པར།།

རྗེ་ཡིས་དོགས་སློང་ཚུལ་གྱིས་སླར་དྲིས་པས།།

༢༨༦ལན་གྱི་སྤོབས་པ་མེད་པར་ཐུགས་རྒྱལ་ཆག།

རྗེ་ཡིས་ཚད་མའི་རིགས་ལམ་ལ་བརྟེན་ནས།།

གསུང་རབ་ཐམས་ཅད་ཐར་འདོད་འཇུག་ངོགས་སུ།།

དྲིལ་ནས་གསུངས་པར་མི་ལྡོག་དད་པ་འཁྲུངས།།

༢༨༧དེ་ནས་བཟུང་སྟེ་རྗེ་བཙུན་ཙོང་ཁ་པར།།

འབྲལ་མེད་རྗེས་སུ་འཛིན་པར་གསོལ་བཏབ་པས།།

རྗེས་ཀྱང་དགྱེས་བཞིན་ཞལ་གྱིས་བཞེས་པར་གྱུར།།

རྗེ་ཡིས་ར་གྲོང་མཁན་པོར་བཀའ་བསྒོས་ལྟར།།

༢༨༨གཉལ་གྱི་སྡེ་བཞིའི་དགེ་འདུན་ཕལ་ཆེར་དང་།།

སྡེ་སྣོད་འཛིན་པ་མང་པོ་ལྷན་འཚོགས་ནས།།

དགོང་ཞག་དུ་མར་ཚོགས་འདོན་འཆད་ཉན་མཛད།།

སྦྱིན་བདག་མཐིལ་ལེན་ར་གྲོང་མཁན་པོས་བགྱིས།།

༢༨༩སྔོན་དུས་གཉལ་གྱི་བླ་དཔོན་མི་མཐུན་པའི།།

རྩོད་པ་ཞི་ཞིང་འདུས་ཚོགས་རྒྱས་པ་ལ།།

རྗེ་ཡིས་ལོ་རེར་བསྙེན་བཀུར་མཛད་པ་ཡིས།།

འཆད་ཉན་ཞག་མང་བྱེད་པའི་སྲོལ་ཀ་ཚུགས།།

༢༩༠དེ་ལྟར་འདུལ་བའི་ལག་ལེན་རྨང་ནས་གསོས།།

སྐྱ་སེར་དགེར་བསྐུལ་འཆད་ཉན་བཙུགས་པ་ནི།།

གཉལ་གྱི་ལུང་ར་ཆེན་མོ་ཞེས་གྲགས་པའི།།

ཐུན་མོང་མཛད་ཆེན་བཞི་ཡི་གཉིས་པའོ།།

༢༩༡ཞེ་གཅིག་སྟོན་ཁར་འོལ་ཁའི་ཕྱོགས་སུ་ཕེབས།།

དྭགས་པོ་ལྷ་སྡིངས་གནས་སུ་ཆོས་མང་གསུངས།།

ལྟ་བའི་གནད་ལ་དཔྱད་པ་མང་བྱས་ཀྱང་།།

ཐུགས་ངེས་འདྲོངས་པའི་ངེས་པ་མ་རྙེད་པས།།

༢༩༢གནས་དེར་བླ་མ་འཇམ་དབྱངས་དབྱེར་མེད་པར།།

གསོལ་བ་དྲག་བཏབ་དཔྱད་པ་མང་བྱས་པས།།

ཀླུ་སྒྲུབ་ཡབ་སྲས་ལྔ་ཡིས་སྟོང་ཉིད་ཀྱི།།

ངོ་མཚར་གཏམ་གྱི་བགྲོ་བ་མཛད་པ་ལས།།

༢༩༣སངས་རྒྱས་བསྐྱངས་ཀྱིས་རྒྱ་དཔེ་ཕྱག་བསྣམས་ནས།།

ཚུར་བྱོན་རྗེ་ཡི་དབུར་བཞག་བྱིན་གྱིས་བརླབས།།

བུདྡྷ་པ་ལི་ཏ་ཡི་ལུགས་བཞིན་དུ།།

རྩ་བ་ཤེས་རབ་ཚར་གཅིག་གསུངས་པ་རྨིས།།

༢༩༤ཕྱི་ཉིན་རབ་བྱུང་ཞིག་གིས་རྩ་ཤེས་ཀྱི།།

འགྲེལ་བ་སངས་རྒྱས་བསྐྱངས་ཉིད་ཕུལ་བརྟེན་ནས།།

ཞིབ་གཟིགས་མཛད་དེ་རབ་བྱེད་བཅོ་བརྒྱད་པའི།།

གལ་ཏེ་ཕུང་པོ་རྣམས་ལས་གཞན་ཞེས་པའི།།

༢༩༥ཐད་དུ་ཡང་དག་ལྟ་བའི་ཡེ་ཤེས་འཁྲུངས།།

ཞེ་གཉིས་བཞེས་ཚེ་དྭགས་པོ་ལྷ་སྡིངས་སུ།།

དཔྱིད་དབྱར་གཉིས་ཀར་སྟོང་ཉིད་སྒོམ་ཞིང་བཞུགས།།

དེ་དུས་རྣམ་འདྲེན་ཐུབ་པའི་དབང་པོ་ལ།།

༢༩༦ཤེས་ནས་དད་པ་བསྒྱུར་དུ་མེད་འཁྲུངས་ཏེ།།

བསྟོད་པའི་རྒྱལ་པོ་ལེགས་བཤད་སྙིང་པོ་ཞེས།།

ཀླུ་སྒྲུབ་གསུང་གི་རྗེས་འགྲོ་དེ་མཛད་པས།།

འཕགས་བོད་མཁས་པའི་ས་ཆེན་རྣམ་དྲུག་གཡོས།།

༢༩༧ཞེ་གསུམ་བཞེས་ཚེ་མགར་ཕུག་ཏུ་བཞུགས་ཏེ།།

རྟོགས་ལྡན་འཇམ་དཔལ་མ་གཏོགས་གཞན་བདུན་ལ།།

འཇམ་དབྱངས་ཆོས་སྐོར་གནང་ཞིང་ཕལ་ཆེར་གྱིས།།

བརྟན་པའི་འཁོར་ལོའི་ཞལ་བཟང་མངོན་དུ་གྱུར།།

༢༩༨དེ་ནས་དབྱེའི་ཏེའི་རར་བྱོན་དབྱར་བཞུགས་མཛད།།

སྣ་ཚོགས་ཆོས་ཀྱི་ཆར་ཆེན་མང་དུ་ཕབ།།

ཞེ་བཞིར་ཕེབས་ཚེ་རྫིང་ཕྱིའི་གནས་སུ་བྱོན།།

ཆོ་འཕྲུལ་ཆེན་པོའི་དུས་ཆེན་དང་འབྲེལ་ཏེ།།

༢༩༩བྱམས་སྐུའི་དྲུང་དུ་ཉིན་ཞག་བཅོ་ལྔའི་རིང་།།

རྒྱ་ཆེན་མཆོད་པ་ཕུལ་བ་ཏིང་འཛིན་གྱི།།

བྱིན་གྱིས་བརླབས་ཤིང་རྒྱལ་ཀུན་མཉེས་མཛད་ཅིང་།།

བསྟན་འགྲོའི་དོན་དུ་སྨོན་ལམ་རྒྱ་ཆེར་མཛད།།

༣༠༠ཉང་པོའི་ཕྱོགས་སུ་ཕེབས་དུས་རྗེ་ཡི་ཞྭ།།

ཆུ་ཡིས་ཁུར་པས་ཞལ་ནས་ཉེ་འཁོར་འདིར།།

ང་ཡི་བསྟན་པ་ཆུ་རྒྱུན་ལྟ་བུ་འབྱུང་།།

ཞྭ་མོ་གང་དུ་ཆགས་དེར་དབུ་མ་ཡི།།

༣༠༡འཆད་ཉན་དར་བའི་དགོན་སྡེ་འོང་ངོ་ཞེས།།

ཐེག་ཆེན་ཆོས་འཁོར་གླིང་དེ་ལུང་བསྟན་གནང་།།

ཉང་པོ་མདང་མདོའི་དགོན་པར་དབྱར་བཞུགས་གནང་།།

སྐྱ་སེར་རྣམས་ལ་དམ་ཆོས་མང་དུ་སྩལ།།

༣༠༢དཔོན་ཆེན་ནམ་མཁའ་བཟང་པོས་སྐྱིད་ཤོད་དུ།།

གདན་ཞུའི་ཕོ་ཉར་རྔོག་ཆེན་གདན་ས་པ།།

དཀོན་མཆོག་ཚུལ་ཁྲིམས་ཕེབས་པར་ཞལ་མཇལ་ཞིང་།།

ཇོ་བོར་མཇལ་བཞེད་སྐྱིད་ཤོད་ཕྱོགས་སུ་ཕེབས།།

༣༠༣པོ་ཏ་ལ་དང་གསང་བདེ་གུང་གསུམ་དང་།།

དགའ་སྐྱོ་ཟུལ་གསུམ་བླ་མ་རྣམས་ཀྱི་གཙོས།།

སྡེ་སྣོད་འཛིན་པ་བརྒྱ་ཕྲག་མང་པོ་ལ།།

དབུ་མ་འདུལ་བ་ལམ་རིམ་ལ་སོགས་གསུངས།།

༣༠༤ ཞེ་ལྔའི་དཔྱིད་ཀར་དགའ་བ་གདོང་དུ་ཕེབས།།

སློབ་མ་རྣམས་ལ་ཚུལ་ཁྲིམས་ལེའུ་དང་།།

བླ་མ་ལྔ་བཅུ་རྩ་ལྟུང་བཅུ་བཞི་གསུངས།།

རྗེ་བཙུན་རེད་མདའ་ཆེན་པོ་ཕེབས་པ་ལ།།

༣༠༥སེར་སྦྲེངས་བསྟར་ཅིང་རྗེ་ཡིས་གུས་ཕྱག་འཚལ།།

ཕྱག་ལན་མཛད་པ་རྗེ་ཡིས་ནན་གྱིས་བཟློག།

ཆོས་རྗེ་རྣམ་གཉིས་སྟག་ཚང་གནས་སུ་ཕེབས།།

དེ་གར་དབྱར་བཞུགས་མཛད་ཅིང་ཆོས་མང་གསུངས།།

༣༠༦བྱང་ཕྱོགས་རྒྱལ་བའི་འབྱུང་གནས་རྭ་སྒྲེང་གི།

དོན་གྱི་བསྔགས་པ་གསན་པས་ཐུགས་གཡོས་ཏེ།།

ཡབ་སྲས་རྣམ་གཉིས་དགེ་འདུན་སྡེ་དང་བཅས།།

དབེན་པར་དགྱེས་པའི་ཐུགས་ཀྱིས་སྤྲོ་བཞིན་ཕེབས།།

༣༠༧ལོ་དེའི་དགུན་ཁར་རྭ་སྒྲེང་གནས་སུ་བཞུགས།།

རེད་མདའ་ཆེན་པོས་རིགས་པ་དྲུག་ཅུ་དང་།།

གསང་འདུས་རིམ་ལྔ་གསུངས་ཤིང་རྗེ་ཉིད་ཀྱིས།།

མདོ་སྡེ་རྒྱན་དང་དབུས་མཐའ་ཀུན་བཏུས་དང་།།

༣༠༨ཉན་ས་ལ་སོགས་གཞུང་ཆེན་གུང་བསྒྲིགས་ཏེ།།

ཞི་གནས་བཤད་པ་བྱས་ཤིང་སྒོམ་བཅུག་པས།།

སློབ་མ་མང་པོར་ཟླ་བ་བཅུ་གཅིག་རིང་།།

གཞུང་དང་མཐུན་པའི་ཞི་གནས་ཁྱད་འཕགས་འཁྲུངས།།

༣༠༩ཀུན་མཁྱེན་རེད་མདའ་ཆེན་པོས་རྗེ་ཉིད་ལས།།

རྩ་ཤེས་གསང་འདུས་འགྲེལ་བ་སྒྲོན་གསལ་གསན།།

ཡབ་སྲས་གཉིས་ཀས་མདོ་དང་སྔགས་ཕྱོགས་ཀྱི།།

དཀའ་གནས་དུ་མའི་ཆོས་ཀྱི་འབེལ་གཏམ་གནང་།།

༣༡༠ཆོས་རྗེ་ལོ་ཙཱ་བ་དང་འབྲི་གུང་རྗེས།།

གདན་ཞུའི་ཕོ་ཉ་གསུང་འཕྲིན་མང་འབྱོར་བས།།

ཞེ་དྲུག་དཔྱིད་མགོར་འབྲི་གུང་གནས་སུ་ཐེགས།།

དོན་གཉེར་ཅན་ལ་ཆོས་བཀའ་མང་གསུངས་ཤིང་།།

༣༡༡སྤྱན་སྔ་ཆེན་པོར་ནཱ་རོ་ཆོས་དྲུག་དང་།།

ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་ལ་སོགས་གསན།།

ཡབ་སྲས་རྣམ་གཉིས་ལོ་ཆེན་སྐྱབས་མཆོག་དང་།།

ལྷན་ཅིག་མཁས་མཆོག་ཨར་གྱི་གདན་སར་ཕེབས།།

༣༡༢དེ་གར་དགེ་འདུན་དྲུག་བརྒྱ་ལྷག་དང་ལྷན།།

དབྱར་གནས་མཛད་པར་སློབ་དཔོན་ཡོན་རྒྱམ་གྱིས།།

དད་པའི་སྒོ་ནས་ཞབས་ཏོག་རྒྱ་ཆེན་བསྒྲུབས།།

ཆོས་རྗེ་གསུམ་ཀས་འདུལ་བའི་ལག་ལེན་ལ།།

༣༡༣དག་ཐེར་མཛད་པར་དགོངས་ཏེ་སོ་སོ་ནས།།

འདུལ་བ་མདོ་རྩའི་བཤད་པ་རྒྱས་གནང་བས།།

སྡོམ་ཁྲིམས་དག་པར་བསྲུངས་པའི་སྲོལ་བཟང་ཚུགས།།

དེར་གནས་ཀུན་གྱིས་རང་རྒྱུད་ལ་བརྟགས་ཏེ།།

༣༡༤འཕྲལ་བྱུང་ལྟུང་བར་ཡུན་རིང་མི་འགྲོགས་པར།།

བཤགས་པའི་ཚུལ་ལ་བརྩོན་ཞིང་རུང་ཁང་དང་།།

ནུབ་ལྷག་གཅོད་ཚུལ་ཡོ་བྱད་བྱིན་བརླབས་ཚུལ།།

འདུལ་བའི་གཞུང་ནས་གསུངས་པ་ཇི་བཞིན་དུ།།

༣༡༥ལག་ལེན་ཐེབས་པའི་བླ་མེད་མཛད་བཟང་གིས།།

སྟོན་མཆོག་རྒྱས་པའི་འཛུམ་ཟེར་སྤྲོའམ་སྙམ།།

གཞན་ཡང་དབུ་ཚད་ཆོས་ཀྱི་ཆར་ཡང་ཕབ།།

དགག་དབྱེ་མཛད་རྗེས་རྗེ་བཙུན་གཙང་དུ་ཕེབས།།

༣༡༦རྗེ་དང་ལོ་ཆེན་རྭ་སྒྲེང་གནས་སུ་བྱོན།།

རྗེ་ཡིས་བྲག་རི་སེང་གེའི་ཡང་ཞོལ་དུ།།

དབེན་གནས་མཛད་ཅིང་ཆོས་རྗེ་ལོ་ཆེན་གྱིས།།

དོན་གཉེར་མང་པོར་དབུ་མའི་གཞུང་སོགས་གསུངས།།

༣༡༧རྗེ་ཡིས་ལམ་རིམ་གྱིས་མཚོན་ཆོས་མང་གསུངས།།

ཁྱད་པར་རྭ་སྒྲེང་དགོན་གོང་རྟེན་གྱི་གཙོ།།

ཇོ་བོ་དངོས་དང་ཁྱད་མེད་དུ་གྲགས་པའི།།

ཇོ་བོའི་སྐུ་འདྲ་དབུ་ཡོན་མ་ཡི་དྲུང་།།

༣༡༨ཞག་མང་ཡུན་ལ་གསོལ་བ་དྲག་བཏབ་པས།།

སྟོན་པ་ནས་བཟུང་ནམ་མཁའི་མཚན་ཅན་གྱི།།

བླ་མའི་བར་དུ་མངོན་སུམ་ཞལ་གཟིགས་ཤིང་།།

སྒོས་སུ་ཇོ་འབྲོམ་རྗེ་དང་པོ་ཏོ་བ།།

༣༡༩ཤ་ར་བ་རྣམས་ཟླ་གཅིག་ཡུན་གཟིགས་ཤིང་།།

གདམས་པ་མང་དུ་གནང་ཞིང་གཞན་གསུམ་ནི།།

ཇོ་བོར་ཐིམ་ཞིང་ཕུལ་བྱུང་ཞབས་ཉིད་ཀྱིས།།

རྗེ་ཡི་སྤྱི་བོར་ཕྱག་བཞག་ཞལ་སྔ་ནས།།

༣༢༠བསྟན་པའི་བྱ་བ་རྒྱ་ཆེར་གྱིས་ཤིག་དང་།།

བྱང་ཆུབ་སྒྲུབས་དང་སེམས་ཅན་དོན་བྱེད་པའི།།

གྲོགས་བཟང་བདག་གིས་བྱ་ཞེས་དབུགས་དབྱུང་བས།།

ལམ་རིམ་བརྒྱུད་འདེབས་ཞིང་མཆོག་སྒོ་འབྱེད་མཛད།།

༣༢༡གསང་ཕུའི་བླ་མ་དཀོན་མཆོག་ཚུལ་ཁྲིམས་དང་།།

ཟུལ་ཕུའི་བླ་མ་དཀོན་མཆོག་དཔལ་བཟང་སོགས།།

ཆེན་པོ་དུ་མའི་སྔོན་ནས་བསྐུལ་བ་དང་།།

ལོ་ཆེན་སྐྱབས་མཆོག་བཟང་པོས་ནན་བསྐུལ་ཅིང་།།

༣༢༢ཕུལ་བྱུང་ཞབས་ཀྱི་བྱིན་རླབས་མཚན་མ་སོགས།།

ལྷུན་གྱིས་འགྲིགས་པས་རྩོམ་བཞེད་ཤུགས་དྲག་གིས།།

རྒྱལ་བའི་གསུང་རབ་ཀུན་ཀྱི་གནད་བསྡུས་པ།།

ཤིང་རྟ་ཆེན་པོ་གཉིས་ཀྱི་ལམ་གྱི་སྲོལ།།

༣༢༣ཨ་ཏི་ཤ་ཡི་ཐུགས་ཀྱི་བཅུད་ཕྱུང་བ།།

ཐམས་ཅད་མཁྱེན་པའི་ས་རུ་བགྲོད་བྱེད་པའི།།

ཟླ་མེད་སྐྱེ་བོ་མཆོག་གི་ཆོས་ལུགས་ཏེ།།

སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་རྣམས།།

༣༢༤མ་ཚང་མེད་པར་སྟོན་པའི་བསྟན་བཅོས་མཆོག།

ས་གསུམ་ཉིན་བྱེད་བྱང་ཆུབ་ལམ་རིམ་མཛད།།

དེ་ཡང་འཇམ་དཔལ་དབྱངས་ཀྱིས་འདི་སྐད་དུ།།

ངེད་ཀྱིས་གསུངས་པའི་ལམ་གཙོ་རྣམ་གསུམ་དུ།།

༣༢༥མ་འདུས་སམ་ཞེས་ཀུ་རེའི་ཚུལ་གསུངས་པར།།

རྗེ་ཡིས་འདུས་ཀྱང་མདོར་བསྟན་ལྟར་འདུག་པས།།

ལམ་གྱི་སྒྲོན་མ་སོགས་ཀྱིས་ཁ་བསྐངས་ཏེ།།

རྒྱས་པར་བཤད་ན་གཞན་ལ་ཕན་མཐོང་ནས།།

༣༢༦རྒྱ་ཆེར་འགྲེལ་གྱི་ཚུལ་གྱིས་བརྩམས་ཞེས་ཞུས།།

ཞི་གནས་ཡན་ཆད་གྲུབ་ནས་ལྷག་མཐོང་ཚུལ།།

བརྩམས་ཀྱང་གཞན་ལ་ཕན་པར་དཀའ་སྙམ་པས།།

འཇམ་དབྱངས་ཞལ་ནས་རྩོམས་དང་གཞན་དག་ལ།།

༣༢༧ཕན་པ་འབྲིང་ཞིག་འོངས་ཞེས་རྫོགས་པར་བརྩམས།།

དེའི་ཚེ་གཉན་ཆེན་ཐང་ལྷ་ལ་སོགས་པའི།།

གཞི་བདག་དཀར་ཕྱོགས་མང་པོས་འདི་སྐད་དུ།།

བདག་ཅག་པད་འབྱུང་རྗེ་དང་ཇོ་བོ་ལས།།

༣༢༨དམ་ཆོས་དངོས་སུ་ཐོས་པའི་དགེ་བསྙེན་ཡིན།།

ད་ནི་ཁྱེད་ཀྱི་མཐུན་རྐྱེན་སྒྲུབ་ལགས་པས།།

རྗེས་སུ་གཟུང་ཞེས་ནན་གྱིས་ཞུས་པ་ལྟར།།

རྒྱ་ཆེན་སྨོན་ལམ་མཆོག་གིས་རྗེས་འཛིན་མཛད།།

༣༢༩གཞན་ཡང་ཆོས་སྒོ་བཀྲ་ཤིས་རིན་ཆེན་དང་།།

དོན་གྲུབ་རྒྱལ་པོ་ལོ་ཆེན་ཆོས་རྗེ་སོགས།།

དུ་མའི་བསྐུལ་ངོར་རྩ་ལྟུང་རྣམ་བཤད་དང་།།

བླ་མ་ལྔ་བཅུ་པ་ཡི་རྣམ་བཤད་མཛད།།

༣༣༠ཞེ་བདུན་དཔྱིད་ཀར་ཆོས་རྗེ་སྐྱབས་མཆོག་པས།།

ལམ་རིམ་ཆེན་མོའི་གླེགས་བམ་ཕྱག་བསྣམས་ནས།།

ཆོས་ཀྱི་སྐྱེས་ཆེན་བཏེགས་ཏེ་གཙང་ལ་ཕེབས།།

རྗེ་ཡིས་ལམ་རིམ་ལ་སོགས་ཆོས་མང་གསུངས།།

༣༣༡ཁྱད་པར་བྱམས་མགོན་ཐུགས་བཅུད་ཡུམ་གསུམ་རྒྱན།།

རྒྱས་འབྲིང་བསྡུས་གསུམ་གཞུང་དང་ཞིབ་སྦྱར་ཏེ།།

ཉམས་བཞེས་རྩལ་འདོན་གསུང་གིས་ངོ་མཚར་བསྐྱེད།།

སློབ་མའི་ཚོགས་ལ་མཆོད་པ་རྒྱས་ཤོམས་གསུངས།།

༣༣༢ཆེན་པོ་མང་པོས་མར་མེ་བསྣམས་པའི་དབུས།།

ཐམས་ཅད་མཁྱེན་པ་དར་མ་རིན་ཆེན་གྱིས།།

སྡེར་གཞོངས་ཆེན་པོའི་དབུས་སུ་སྡོང་བུ་ཙམ།།

མར་ཁུས་བརླན་ཙམ་བྱས་པ་རྗེར་ཕུལ་བས།།

༣༣༣རྗེ་ཡི་ཞལ་ནས་ཀུན་གྱིས་མར་མེ་རྣམས།།

བཀའ་བཅུ་ཆེན་པོའི་རྐོང་བུར་བླུགས་བསྙད་དེ།།

ད་རེས་བཀའ་བཅུ་དར་མ་རིན་ཆེན་གྱིས།།

ཟིན་བྲིས་གྱིས་ལ་གཞུང་ཞིག་རྩོམ་གསུངས་པས།།

༣༣༤རིགས་པའི་རླབས་ཕྲེང་འབུམ་ཕྲག་འགྱེད་པ་ཡི།།

གཏིང་ཟབ་ལེགས་བཤད་རྒྱ་མཚོ་བསྲུབས་པ་ལས།།

ཉམས་ལེན་ལྷུར་མཛད་མཁས་ཀུན་དགྱེས་བྱེད་ཀྱི།།

བསྟན་བཅོས་རྣམ་བཤད་སྙིང་པོའི་རྒྱན་མཆོག་མཛད།།

༣༣༥ཞེ་བརྒྱད་བཞེས་ཚེ་གནས་ཆེན་རྭ་སྒྲེང་དུ།།

ཆོ་འཕྲུལ་ཆེན་མོའི་དུས་མཆོད་རྒྱ་ཆེར་མཛད།།

ལྷས་ཕུ་དགོན་དུ་མཁས་དབང་མང་པོ་ལ།།

ཚད་མ་རྣམ་འགྲེལ་གཞུང་བཤད་རྒྱས་པར་སྩལ།།

༣༣༦ལུགས་འབྱུང་ལུགས་ལྡོག་ཚད་མའི་རིགས་ལམ་ནས།།

བྱང་ཆེན་ཐར་པའི་ལམ་ཀུན་གསལ་མཛད་པའི།།

ཕྱོགས་གླང་ཆོས་གྲགས་གཞུང་རྣམས་ཉམས་ལེན་གྱི།།

མཐིལ་དུ་ངེས་པའི་རྣམ་དཔྱོད་མིག་མཆོག་སྦྱིན།།

༣༣༧ དེར་བརྟེན་གངས་ལྗོངས་མཁས་པའི་བློ་གྲོས་ནོར།།

གཅིག་ཏུ་བཟླུམས་ཀྱང་ཆ་ཙམ་བསྐྲུན་དཀའ་བའི།།

ཐར་འདོད་མིག་གཅིག་ཚད་མའི་ལམ་བསྒྲིགས་དང་།།

བརྗེད་བྱང་ལ་སོགས་སྔོན་མེད་བསྟན་བཅོས་མཛད།།

༣༣༨མི་དབང་གྲགས་རྒྱན་མཆོག་གིས་གསོལ་བཏབ་ལྟར།།

འོན་གྱི་བདེ་ཆེན་སྟེང་དུ་དབྱར་གནས་མཛད།།

དེར་བཞུགས་སྡེ་སྣོད་འཛིན་པ་མང་པོ་ལ།།

དབུ་ཚད་དཀའ་གནད་ལས་བརྩམས་ཆོས་མང་གསུངས།།

༣༣༩འོལ་ཁའི་དཔོན་པོ་བཀྲ་ཤིས་རྒྱལ་མཚན་གྱིས།།

ཞུས་ངོར་བྱམས་པ་གླིང་དུ་མཁས་མང་ལ།།

ལམ་རིམ་བསྐྱེད་རྫོགས་ཀྱིས་མཚོན་ཆོས་ཆར་ཕབ།།

རྗེ་ཉིད་སྐུ་མཚམས་དམ་པོར་བཞུགས་པའི་དུས།།

༣༤༠འཇམ་དཔལ་དབྱངས་ཀྱིས་བསྐུལ་པ་ལ་བརྟེན་ནས།།

ཀླུ་སྒྲུབ་ལུགས་ཀྱི་བསྐྱེད་རིམ་གསལ་སྟོན་པའི།།

ཀླུ་བྱང་གསུང་མཛོད་རྣམ་བཞག་རིམ་པ་ཡི།།

རྣམ་བཤད་འགྲན་ཟླ་མེད་པ་འདི་དུས་མཛད།།

༣༤༡ཞེ་དགུ་བཞེས་ཚེ་བྱམས་པ་གླིང་ཉིད་དུ།།

ཆོས་རྗེ་ལོ་ཆེན་སྐྱབས་མཆོག་དཔལ་བཟང་དང་།།

བླ་མ་དམ་པ་བསོད་ནམས་བཟང་པོ་སོགས།།

ཆེན་པོ་དུ་མས་ནན་ཆེར་བསྐུལ་བརྟེན་ནས།།

༣༤༢རྒྱུད་སྡེ་རྣམ་བཞིའི་ལུས་རྣམས་ཡོངས་རྫོགས་པའི།།

རྡོ་རྗེ་འཆང་གི་ལམ་གྱི་རིམ་པ་ཀུན།།

གསལ་བྱེད་རྨད་བྱུང་ལེགས་བཤད་གཏེར་ཆེན་ཏེ།།

རིག་འཛིན་སྤྱི་ནོར་སྔགས་རིམ་ཆེན་མོ་བརྩམས།།

༣༤༣དེ་དུས་སྔགས་ཀྱི་བཤད་པ་གནང་བའི་ཚེ།།

བར་གཅོད་བགེགས་དཔུང་སྤྲིན་ལྟར་འཚུབ་པ་ན།།

སྒྲུབ་ཐབས་བདུད་ལས་རྣམ་པར་རྒྱལ་བ་དང་།།

ལས་བཞིའི་སྦྱིན་སྲེག་དངོས་གྲུབ་རྒྱ་མཚོ་མཛད།།

༣༤༤ལྔ་བཅུའི་སྟོན་བར་བྱམས་པ་གླིང་དུ་བཞུགས།།

བདེ་སྟོང་དབྱེར་མེད་ཡེ་ཤེས་བརྟན་བརྙེས་པས།།

ཕལ་བའི་དོན་ལ་ཐུགས་ངེས་མེད་པར་གྱུར།།

གནས་དེར་གསང་སྔགས་བཤད་པ་རྒྱ་ཆེན་གནང་།།

༣༤༥ང་གཅིག་དཔྱིད་ཀར་སེ་ར་ཆོས་སྡིངས་སུ།།

སྐུ་མཚམས་བཅད་ནས་གསང་འདུས་རིམ་ལྔ་དང་།།

མ་རྒྱུད་རྫོགས་རིམ་དོན་གཉེར་ཅན་ལ་གསུངས།།

དབྱར་གནས་མཛད་དུས་སྣེའུའི་དཔོན་ཆེན་གྱིས།།

༣༤༦ཞབས་ཏོག་ཚད་མེད་བསྒྲུབས་ཤིང་ཕྱག་དྲུག་མགོན།།

མངོན་སུམ་གཟིགས་ཤིང་རྒྱུན་དུ་སྲུང་བར་མཛད།།

དེའི་ཚེ་མཁས་གྲུབ་རྗེ་ཉིད་ཉེར་གསུམ་སྟེང་།།

རྗེ་ཡི་སྙན་པ་གསན་ནས་མཇལ་བར་ཕེབས།།

༣༤༧ཆུ་ཤུལ་གནས་སུ་བཞུགས་ཚེ་རྨི་ལམ་ལ།།

ཤར་གྱི་ནམ་མཁར་རལ་གྲིའི་འཁོར་ལོ་ཆེ།།

རྩིབས་སྟོང་དབུས་སུ་གུར་གུམ་མདངས་ལྡན་གྱི།།

འཇམ་དཔལ་གླེགས་བམ་རལ་གྲིས་བརྒྱན་པ་བཞུགས།།

༣༤༨རྩིབས་རེར་ཉི་མའི་དཀྱིལ་འཁོར་གྱིས་སྤྲས་པ།།

ལུས་ལ་ཐིམ་པས་འོད་ཀྱིས་ཀུན་ཁྱབ་རྨིས།།

ཕྱི་ཉིན་རྗེ་ཡི་ཞལ་མཆོག་མཇལ་མ་ཐག།

མོས་གུས་འཁྲུངས་ཤིང་ཤིན་ཏུ་འདྲིས་པར་གྱུར།།

༣༤༩ མཁས་གྲུབ་རྗེ་ཡིས་གཞུང་ཆེན་ལས་བརྩམས་པའི།།

དོགས་པ་ཞུས་པས་རྗེ་ཉིད་རབ་དགྱེས་པར།།

རྨི་ལམ་ཇི་བཞིན་ཞུས་པས་རྗེ་ཉིད་ཀྱིས།།

སྔགས་ཀྱི་གདུལ་བྱ་མཆོག་ཏུ་ལུང་བསྟན་ཅིང་།།

༣༥༠ ཡི་དམ་གང་ལགས་དྲིས་པས་མཁས་གྲུབ་རྗེས།།

སྨྲ་སེང་གཤེད་དམར་གཉིས་ཀ་ལགས་ཞུས་པས།།

དེ་ཡང་བཟང་མོད་རྒྱུ་འབྲས་གཉིས་ཀ་ལ།།

བརྟན་པའི་འཁོར་ལོའི་ཞལ་མཆོག་དངོས་བཞུགས་པས།།

༣༥༡ རྡོ་རྗེ་འཇིགས་བྱེད་བསྟེན་ན་འཇམ་དབྱངས་ཀྱིས།།

རྗེས་སུ་འཛིན་པའི་བྱིན་རླབས་གནད་ཆེ་གསུངས།།

མཁས་གྲུབ་གཅིག་པུས་ནན་གྱིས་ཞུས་པ་ལྟར།།

རྗེ་ཡིས་རྡུལ་ཚོན་དཀྱིལ་འཁོར་དངོས་བཞེངས་ཏེ།།

༣༥༢རྡོ་རྗེ་འཇིགས་བྱེད་དབང་དང་རྗེས་གནང་དང་།།

ཞི་ཁྲོ་སྦྲགས་སྒྲུབ་སོགས་ཀྱི་མན་ངག་གནང་།།

ལྟ་ཁྲིད་གནང་སྐབས་ཆོས་རྗེ་སྣར་ཐང་བར།།

ཀུན་རྫོབ་སྣང་བ་འགགས་པས་སྐྲག་ཉམས་ཀྱིས།།

༣༥༣ ན་བཟའི་གོང་བར་རེག་པས་རྗེ་ཉིད་ཀྱིས།།

ཀུན་རྫོབ་གོང་བར་བཞག་ཅེས་མཉེས་མཉེས་མཛད།།

སྤྱན་སྔ་ཆེན་པོ་བསོད་ནམས་བཟང་པོ་དང་།།

མི་ཡི་དབང་པོ་གྲགས་པ་རྒྱལ་མཚན་དང་།།

༣༤༤ ཆེན་པོ་དཀོན་མཆོག་ཚུལ་ཁྲིམས་ལ་སོགས་པས།།

བསྐུལ་ངོར་རྩ་ཤེས་ཊཱིཀ་ཆེན་རྩོམ་བཞེད་དེ།།

དཀའ་གནད་འགའ་ལ་ཞིབ་པར་དཔྱད་པ་ན།།

ཡུམ་མདོའི་སྟོང་ཉིད་ཉི་ཤུའི་འགྲེས་རྐང་རྣམས།།

༣༤༥ ཨ་ཡིག་ཟོལ་གྱིས་བར་སྣང་གང་གཟིགས་ནས།།

དོགས་པ་ལྷག་མེད་ཆོད་པས་ཀླུ་སྒྲུབ་ཀྱི།།

དགོངས་པའི་རྒྱན་གཅིག་རིགས་པའི་རྒྱ་མཚོ་ཞེས།།

སྲིད་པ་ཧྲུལ་བྱེད་དེ་ཉིད་རྩོམ་འགོ་ཚུགས།།

༣༤༦ང་གཉིས་བཞེས་ཚེ་རྒྱ་ནག་གོང་མ་ཡིས།།

སྤྱན་འདྲེན་ཕོ་ཉ་མངགས་པ་མངོན་མཁྱེན་ནས།།

མཚན་མོར་ཡབ་སྲས་གསུམ་ག་གསང་སྟབས་ཀྱིས།།

དབེན་པའི་གནས་མཆོག་རྭ་ཁ་བྲག་ཏུ་བྱོན།།

༣༤༧ཟླ་འགར་བཞུགས་ཤིང་རྗེ་བཙུན་འཇམ་དབྱངས་ཀྱིས།།

དབུ་སེམས་གྲུབ་མཐའི་གནད་རྣམས་རྒྱས་བསྙད་ནས།།

འདིའི་དོན་བསྡུས་ཏེ་ཡི་གེར་གྱིས་གསུངས་པས།།

གངས་ཅན་བསྟན་བཅོས་ཀུན་གྱི་རྒྱལ་པོ་སྟེ།།

༣༤༨མདོ་སྔགས་ཉིང་ཁུ་ལེགས་བཤད་སྙིང་པོ་བརྩམས།།

ཏཱ་མིང་རྒྱལ་པོས་ཡང་ཡང་སྤྱན་དྲངས་ཀྱང་།།

ཞལ་གྱིས་མ་བཞེས་ཐབས་ཚུལ་བརྒྱ་ཕྲག་གིས།།

རྒྱལ་པོ་མགུ་བའི་བཀའ་ཕེབས་མང་མཛད་ཅིང་།།

༣༤༩ཐུགས་ཀྱི་སྲས་པོ་བྱམས་ཆེན་ཆོས་རྗེ་མངགས།།

དེ་ནས་བདེན་སྟོང་རིགས་འོད་འབུམ་ཕྲག་གིས།།

གསལ་མཛད་རྩ་ཤེས་རྣམ་བཤད་རྫོགས་པར་མཛད།།

སྡེ་སྣོད་འཛིན་པའི་མཁས་པ་མང་པོ་ལ།།

༣༥༠རྩ་ཤེས་རྣམ་བཤད་དྲང་ངེས་རྣམ་འབྱེད་དང་།།

བཞི་བརྒྱ་པ་དང་སྔགས་རིམ་ཆེན་མོ་དང་།།

རྩ་ལྟུང་རྣམ་བཤད་བླ་མ་ལྔ་བཅུ་པ།།

ལམ་གྱི་རིམ་པའི་ཁྲིད་སོགས་རྒྱས་པར་སྩལ།།

༣༥༡སེ་ར་རྩེ་དང་རྭ་ཁ་བྲག་ཕུག་ཏུ།།

སྐུ་མཚམས་རེས་མོར་བཅད་ཅིང་ཐུན་མཚམས་སུ།།

ཚ་ཚ་བཏབ་ཅིང་ལྷ་སྐུ་མང་པོ་བཞེངས།།

དོན་གཉེར་ཅན་ལ་བཀའ་ཆོས་མང་དུ་གསུངས།།

༣༥༢དེ་ཡང་རྗེ་ཡི་ཐུགས་དམ་རིམ་པ་ནི།།

ནམ་ཕྱེད་ཡོལ་ཙམ་གསང་འདུས་མི་བསྐྱོད་པའི།།

བདག་འཇུག་མཛད་ཅིང་རིམ་ལྔ་ཡུན་རིང་སྒོམ།།

ནམ་ལངས་ནས་ནི་ཉི་མ་མ་ཤར་བར།།

༣༥༣འཇིགས་བྱེད་རིམ་གཉིས་སྒོམ་ཞིང་ཉི་ཤར་ནས།།

ནངས་ཇའི་བར་དུ་མདོ་རྒྱུད་གང་རུང་གི།

ཤོག་ལྡེབས་སུམ་ཅུ་ཙམ་དང་གྲྭ་ལྔ་ཡིས།།

ཐོག་དྲངས་བྱ་སྤྱོད་གཏོར་མ་དུ་མའི་མཇུག།

༣༥༤ཟས་ཀྱི་རྣལ་འབྱོར་མཛད་རིང་བཤེས་རྣམས་ལ།།

རྩོམ་གྱི་འཕྲོ་དང་དོན་གཉེར་ཅན་རྣམས་ཀྱི།།

ཐེ་ཚོམ་གཅོད་ཅིང་ཟབ་མདོ་གསུམ་གསུངས་ཤིང་།།

སྡུད་པ་ཐུགས་ནས་གང་ཐོན་གསུངས་རྗེས་སུ།།

༣༥༥ བསྔོ་བ་མཛད་ནས་ཚ་ཚ་བཅུ་རེ་དང་།།

ཚེ་དཔག་མེད་དང་སྨན་བླ་འཇམ་དབྱངས་དང་།།

སྒྲོལ་མ་རྣམས་ཀྱི་སྐུ་བརྙན་བདུན་རེ་དཔར།།

ཉིན་གུང་བསླེབས་དུས་བཀའ་བསྟན་གང་རུང་གི།

༣༥༦ གསུང་སྒྲོག་རེ་དང་བསྟན་བཅོས་རྩོམ་འཕྲོ་སྐྱོང་།།

ཉིན་ཕྱེད་ཡོལ་ནས་སྲོད་ཀྱི་བར་དག་ཏུ།།

དམར་ནག་འཇིགས་གསུམ་གདོང་དྲུག་སྦྱིན་སྲེག་དང་།།

འཁོར་ཆེན་མགོན་པོ་ཕྱག་བཞི་ཕྱག་དྲུག་པའི།།

༣༥༧མངོན་རྟོགས་གཏོར་བསྔོས་གུར་མགོན་སེང་གདོང་དང་།།

གྲི་གུག་དུད་སོལ་གཏོར་བསྔོས་ལ་སོགས་དང།།

བདེ་མཆོག་ལཱུ་ཨི་པ་ཡི་བདག་འཇུག་དང་།།

བདེ་མཆོག་རིམ་ལྔ་སྒོམ་རྣམས་ངེས་པར་གྲགས།།

༣༥༨གཞན་ཡང་ཞག་གཅིག་ཧྲཱིཿ་ཥྚྲཱིཿ་ཁྲི་ཚོ་དང་།།

བདེ་མཆོག་ཡི་གེ་བདུན་པ་སུམ་སྟོང་དང་།།

ཨ་ར་པ་ཙ་བདུན་སྟོང་སྐུ་མཚམས་ནང་།།

མདོ་སྔགས་ཆོས་ཐུན་གཉིས་གསུམ་རེ་གསུངས་པ།།

༣༥༩ཉེ་གནས་རྣམས་ལ་མཐུན་སྣང་གྲུབ་པོ་ཞེས།།

བླ་མ་རྟོགས་ལྡན་པ་ཡིས་དངོས་སུ་གསུངས།།

མི་དབང་གྲགས་པ་རྒྱལ་མཚན་གྱིས་བསྐུལ་ནས།།

རྗེ་ཉིད་སྐྱིད་སྨད་གྲུམ་བུ་ལུང་དུ་ཕེབས།།

༣༦༠དགེ་འདུན་སྟོང་དུ་ལོངས་ཙམ་འདུས་པ་ལ།།

ལམ་རིམ་བདེ་མཆོག་ལཱུ་ཨིའི་སྒྲུབ་ཐབས་དང་།།

མ་རྒྱུད་རྫོགས་རིམ་ལ་སོགས་རྒྱས་པར་གསུངས།།

སྔོན་ཚེ་ཐུབ་པ་མཆོག་གིས་མུ་སྟེགས་ཀྱི།།

༣༦༡སྟོན་པ་སྡེ་དྲུག་ཟླ་མེད་ཆོ་འཕྲུལ་གྱིས།།

བཏུལ་ཅིང་སྐལ་ལྡན་གདུལ་བྱ་མང་པོ་ཡི།།

སྲིད་པའི་རི་བོ་བསྙིལ་པར་རྗེས་དྲན་ཕྱིར།།

ལྷ་ལྡན་སྨོན་ལམ་ཆེན་མོ་མཛད་དགོངས་ནས།།

༣༦༢དཔོན་ཆེན་ནམ་མཁའ་བཟང་ལ་བཀས་བསྐུལ་པས།།

ལྷ་སའི་དཀྱིལ་འཁོར་སྟེང་དང་སེང་གཡབ་སོགས།།

ཞིག་གསོ་མཛད་ཅིང་སྨོན་ལམ་ཆས་རྣམས་བསྒྲིགས།།།

གཞན་ཡང་མི་དབང་གྲགས་པ་རྒྱལ་མཚན་སོགས།།

༣༦༣མི་ཆེན་རྣམས་དང་འབྲི་གུང་རྭ་སྒྲེང་དང་།།

འོལ་ཁ་ཡན་གྱི་སྡེ་དགོན་ཕལ་ཆེར་དང་།།

ཕྱོགས་ཕྱོགས་མངགས་པའི་ཞལ་ཏ་པ་རྣམས་ཀྱིས།།

དད་འབུལ་ཡོ་བྱད་མཁའ་ཡི་སྤྲིན་བཞིན་དཀྲིགས།།

༣༦༤གཞན་ཡང་དད་ལྡན་ལྷ་བཟོ་མང་བསྐུལ་ནས།།

ཚོན་དང་གསེར་ཤོག་སོགས་ཀྱིས་བྲིས་འབུར་གྱི།།

ལྷ་ཡི་སྐུ་བརྙན་ཐམས་ཅད་ལེགས་གསོས་ཏེ།།

ངོ་མཚར་མཛེས་སྡུག་འོད་ཀྱིས་བཀྲ་བར་བྱས།།

༣༦༥ལོ་དེའི་ཟླ་བ་བཅུ་གཉིས་མཇུག་ཙམ་ནས།།

བསྟན་པ་ཡུན་རིང་གནས་དང་འགྲོ་བ་ལ།།

ཕན་བདེ་བླ་མེད་བསྐྲུན་ཕྱིར་གངས་ཅན་གྱི།།

ཡིད་འོང་དག་པའི་གནས་མཆོག་ལྷ་ལྡན་གྱི།།

༣༦༦ཁང་བཟང་སོ་སོར་མཆོད་པའི་ཡོ་བྱད་རྣམས།།

མ་ཚང་མེད་པའི་སྟ་གོན་ལེགས་བགྱིས་ཏེ།།

ང་གསུམ་བཞེས་པའི་ཟླ་བ་དང་པོ་ཡི།།

ཚེས་གཅིག་ནས་བཟུང་ཉིན་ཞག་བཅོ་ལྔའི་བར།།

༣༦༧ ཆོ་འཕྲུལ་དུས་ཆེན་མཆོད་པ་དངོས་མཛད་དོ།།

རྟེན་གཙོ་ཤཱཀྱ་མུ་ནེའི་སྣང་བརྙན་མཆོག།

ལོངས་སྤྱོད་རྫོགས་པའི་ཆ་བྱད་དུ་བསྒྱུར་ཏེ།།

གསེར་གྱི་རིགས་ལྔའི་དབུ་རྒྱན་འབུར་དོད་པ།།

༣༦༨དར་དཔྱངས་དང་བཅས་ཡིད་འོང་མཛེས་འབར་བ།།

རིན་ཆེན་ནལ་དང་མུ་ཏིག་གཡུ་སོགས་ཀྱི།།

ཕྲ་རྒྱན་མང་པོས་སྤྲས་པ་དབུར་གསོལ་ཞིང་།།

མདུན་དུ་དངུལ་གྱི་ལྷུང་བཟེད་ཚད་ལོངས་ཁར།།

༣༦༩རིན་ཆེན་མཎྜལ་བཟང་པོས་བརྒྱན་ཏེ་ཕུལ།།

ཇོ་བོ་མི་བསྐྱོད་རྡོ་རྗེའི་སྐུ་བརྙན་དང་།།

བཅུ་གཅིག་ཞལ་གྱི་སྣང་བརྙན་རྣམ་གཉིས་ལ།།

དངུལ་གྱི་དབུ་རྒྱན་ཕུན་སུམ་ཚོགས་ཕུལ་ཞིང་།།

༣༧༠སྔ་དྲོའི་མཚམས་སུ་དགེ་འདུན་ཁྲི་ལྷག་ལ།།

སྐྱེས་རབས་སོ་བཞི་ཆོས་ཐུན་རེ་གསུངས་ཏེ།།

སྟོན་ལ་ཤེས་ནས་དད་པའི་ས་བོན་བསྐྲུན།།

ཉིན་རེར་རྟེན་གཙོ་སྐུ་བརྙན་རྣམ་གསུམ་ལ།།

༣༧༡ཞལ་གསེར་ཕུལ་ཞིང་ཚེས་བརྒྱད་བཅོ་ལྔ་རུ།།

ལྷ་སྐུ་ཀུན་ལ་གསེར་ཆབ་ལེགས་ཕུལ་ཞིང་།།

རང་རང་ལུགས་ཀྱི་ན་བཟའ་མཛེས་པར་གསོལ།།

ལྷ་ཁང་སོ་སོར་གདུགས་གསར་ཕིབས་པའི་ཁར།།

༣༧༢བ་དན་རྒྱལ་མཚན་བསྒྲེངས་ཤིང་སྦྲེལ་བའི་སྟེང་།།

འཕན་དང་བ་དན་དྲིལ་བུ་མཛེས་པར་བསྟར།།

ཆུ་བཞི་ཉེར་སྤྱོད་མཆོད་པ་ཕྱུར་བུར་གཏམས།།

རྒྱལ་སྲིད་སྣ་བདུན་ཉེ་བའི་རིན་ཆེན་བདུན།།

༣༧༣འདོད་ཡོན་ལྔ་དང་བཀྲ་ཤིས་རྟགས་རྫས་བརྒྱད།།

ངོ་མཚར་མཆོད་པ་བཅོ་བརྒྱད་ཉེར་ལྔ་སོགས།།

ཡིད་འཕྲོག་མཆོད་པའི་བྱེ་བྲག་མཐའ་ཡས་དང་།།

གུར་གུམ་ཁུ་བས་ལེགས་བསྒྱུར་ཡོན་ཆབ་ཀྱིས།།

༣༧༤ རིན་ཆེན་སྣོད་མང་གཏམས་པས་ཡོངས་སུ་གང་།།

སྣ་ཚོགས་བདུག་སྤོས་དྲི་བཟང་ཕྱོགས་ཀུན་འཐུལ།།

ཕྱི་ནང་ཁོར་ཡུག་སྤོས་ཆུས་ཆག་ཆག་བཏབ།།

མར་ལས་གྲུབ་པའི་མདའ་ཚད་བཤོས་བཟང་གིས།།

༣༧༥ བསུང་ཞིམ་ངད་དང་ལྷན་ཅིག་མཆོད་སྟེགས་ཁྱབ།།

གཙུག་ལག་ཁང་རྣམས་གསེར་དངུལ་མར་མེས་གཙོས།།

སྣང་གསལ་འོད་ཀྱིས་སྒེག་ཅིང་ཇོ་ཁང་མདུན།།

ཕྱོགས རེར་འདོམ་ཚད་གསུམ་གྱི་རྡོ་རྐོང་ཆེར།།

༣༧༦མར་ཁུ་རྒྱ་མཚོ་འཁྱིལ་བའི་མེ་འོད་དང་།།

རྫ་ཆེན་མར་གྱིས་གཏམས་པ་སྐོར་ལམ་དུ།།

ཕྲེང་བར་བསྟར་བའི་འོད་ཀྱིས་མུན་པའི་དཔུང་།།

ཟད་བྱས་མཚན་མོའི་དུས་ཀྱང་ཉིན་ལྟར་གསལ།།

༣༧༧རྗེ་ཉིད་གཙོ་བྱས་དགེ་འདུན་ཁྲི་ཕྲག་ལྷག།

ཇོ་བོར་མངོན་ཕྱོགས་གཟུངས་དང་ཏིང་འཛིན་གྱིས།།

དངོས་བཤམས་མཆོད་པའི་ཡོ་བྱད་མཐའ་ཡས་པ།།

ཟག་མེད་བདེ་བ་ཆེན་པོར་བྱིན་བརླབས་ཏེ།།

༣༧༨ཕྱོགས་བཅུའི་རྒྱལ་བ་སྲས་བཅས་མཉེས་མཛད་ཅིང་།།

བསྟན་འགྲོའི་དོན་དུ་བསྔོ་སྨོན་རྒྱ་ཆེན་གནང་།།

ནུབ་རེར་ཡི་དམ་དམ་ཅན་ཆོས་སྲུང་གི།

ཆོ་ག་ཇི་བཞིན་མཆོད་གཏོར་རྒྱས་མཛད་ཅིང་།།

༣༧༩འཕྲིན་ལས་སྒྲུབ་དང་བསྟན་པ་འཕེལ་ཕྱིར་བསྐུལ།།

དེ་དག་སྐབས་སུ་སྤྱན་དྲངས་ལྷ་ཚོགས་རྣམས།།

དངོས་བྱོན་དག་སྣང་ངོ་མཚར་བསམ་མི་ཁྱབ།།

ཉིན་རེའི་སྦྱིན་བདག་ཁྱད་པར་མི་འདྲ་ཞིང་།།

༣༨༠གསེར་དངུལ་གཡུ་བྱུར་མཆོད་པ་ཕྱུར་བུར་སྤུངས།།

དགེ་འདུན་ཁྲི་རྭ་ཅན་ལ་ཊམ་འགྱེད་དང་།།

སྤྲང་ལ་ཟས་སྦྱིན་ཚོགས་བསགས་བློ་ལས་འགོངས།།

གཞན་ཡང་རྣམ་འདྲེན་ལྔ་བའི་བསྟན་པ་ལ།།

༣༨༡མཇལ་བའི་རྟེན་འབྲེལ་བསྒྲིག་ཕྱིར་བྱམས་མགོན་སྐུ།།

གླིང་སྐོར་བྱེད་པའི་སྲོལ་བཟང་བཙུགས་པ་དང་།།

སྐྱིད་ཆུའི་གནོད་པ་ཟློག་ཕྱིར་རགས་ཆེན་བསྐྲུན།།

མདོར་ན་སྲིད་འདིར་བསོད་ནམས་ཟླས་དབེན་པའི།།

༣༨༢བསྟན་འགྲོར་སྨན་པའི་གཏེར་དུ་སྤྲོས་པ་ཡི།།

ཆོ་འཕྲུལ་སྨོན་ལམ་རྒྱ་ཆེན་མཛད་པ་འདི།།

ཐུན་མོང་མཛད་ཆེན་བཞི་ཡི་གསུམ་པའོ།།

རྟག་ཏུ་ཞབས་ཕྱིར་འབྲངས་པའི་འཁོར་ཚོགས་རྣམས།།

༣༨༣འབྱོན་བཞུགས་རྒྱུན་དུ་མཛད་པ་ཚེགས་ཆེ་ཞིང་།།

རྗེས་ཀྱང་སྔོན་ནས་དབེན་དགོན་བསྐྲུན་བཞེད་ཀྱི།།

དགོངས་འདུན་ཡོད་ཁར་མང་པོས་བསྐུལ་བར་བརྟེན།།

ས་དང་བདག་རྐྱེན་འབུལ་མཁན་མང་བྱུང་བས།།

༣༨༤རྗེ་ཡིས་ཇོ་སྐུའི་མདུན་དུ་ཟན་རིལ་དང་།།

རྨི་ལམ་མར་མེ་སོགས་གྱིས་ལེགས་བརྟགས་ཤིང་།།

འཇམ་དཔལ་དབྱངས་དང་གྲུབ་ཆེན་ཕྱག་རྡོར་པས།།

འགོག་པ་རི་ཉིད་བཟང་ཞེས་ལུང་བསྟན་ཏོ།།

༣༨༥འཇམ་པའི་དབྱངས་ཀྱིས་དགོན་མིང་འདོགས་མཛད་ཅིང་།།

མདོ་རྒྱུད་དག་དང་ཚད་ལྡན་སྐྱེས་ཆེན་གྱིས།།

དགོན་མིང་ས་དང་བསྟན་འགྲོར་ཕན་ཚུལ་གྱི།།

ངེས་དོན་ལུང་བསྟན་གནང་བ་བགྲང་མི་ལང་།།

༣༨༦དེ་ནས་འཁོར་དང་ལྷན་ཅིག་འབྲོག་རིར་བྱོན།།

སྐུ་གཟུགས་ཕྱག་མཚན་ཡི་གེ་རང་བྱོན་སོགས།།

ས་དཔྱད་ཕུན་སུམ་ཚོགས་པས་ངོ་མཚར་བསྐྱེད།།

ལོགས་ཀྱི་བྲག་ལ་ཕྱག་མཛུབ་གཏད་ཙམ་གྱིས།།

༣༨༧ཆུ་མིག་རྡོལ་ཞིང་ས་གཞི་བྱིན་བརླབས་ཤིང་།།

དབུ་རྒྱན་དབྱིབས་ཅན་དབང་སྐུར་རི་ཡི་དྲུང་།།

དགོན་གནས་གཏན་ཕབ་ས་འདུལ་གཞུང་ལྟར་མཛད།།

ཉེ་བའི་བྲག་ཏུ་སྔོན་ཚེ་ཐུབ་དབང་གི།

༣༨༨བཀའ་བཞིན་གཏེར་དུ་སྦས་པའི་དུང་དཀར་དང་།།

ཆོས་རྒྱལ་ཞལ་འབག་རྣམ་གཉིས་ལེགས་བཏོན་པས།།

བསྟན་པ་རྒྱས་པའི་རྟེན་འབྲེལ་ལྷུན་གྱིས་འགྲིགས།།

འདུལ་འཛིན་ཆེན་པོ་གྲགས་པ་རྒྱལ་མཚན་དང་།།

༣༨༩བཀའ་བཅུ་དར་མ་རིན་ཆེན་རྣམ་གཉིས་ཀྱིས།།

འདུ་ཁང་གཙང་ཁང་གཟིམས་ཁང་བཞེངས་ཡུལ་དང་།།

དགེ་འདུན་སྤྱིལ་བུའི་ས་རྣམས་བཀོད་ཁྱབ་མཛད།།

དེ་ནས་དཔྱིད་སྟོད་སེ་ར་ཆོས་སྡིངས་སུ།།

༣༩༠སྡེ་སྣོད་འཛིན་པ་དྲུག་བརྒྱ་ལྷག་ཙམ་ལ།།

བྱང་སའི་ཚུལ་ལེ་རྩ་ཤེས་ལམ་རིམ་དང་།།

སྒྲུབ་ཐབས་ཀུན་བཟང་ལ་སོགས་ཆོས་མང་གསུངས།།

དཔྱིད་སྨད་ཟངས་རིའི་ཕུ་མཆན་དུ་བྱོན་ནས།།

༣༩༡སྤྱན་སྔ་ཆེན་པོ་བསོད་ནམས་བཟང་པོ་དང་།།

མཁན་ཆེན་རྒྱལ་བཟང་བས་མཚོན་འདུས་སྡེ་ལ།།

ལམ་རིམ་ལ་སོགས་ཆོས་ཀྱི་ཆར་ཆེན་ཕབ།།

རྗེ་ཡི་བཀའ་བཞིན་རྒྱལ་ཚབ་མཆོག་ཉིད་དང་།།

༣༩༢སློབ་དཔོན་འདུལ་འཛིན་པ་ཡིས་གཙོ་མཛད་པའི།།

དགེ་འདུན་ཕལ་ཆེར་འབྲོག་རི་ལ་བྱོན་ཏེ།།

དགེ་ལྡན་རྣམ་པར་རྒྱལ་བའི་གླིང་བཏབ་པོ།།

བླ་མ་འཇམ་དབྱངས་ཡི་དམ་འཇམ་དབྱངས་དང་།།

༣༩༣ ཆོས་སྐྱོང་འཇམ་དབྱངས་རྣམས་ཀྱི་ཐུགས་བསྐྱེད་མཐུས།།

འཇམ་དབྱངས་གྲུབ་མཐའ་དགེ་ལྡན་ལུགས་བཟང་ཞེས།།

ངེས་དོན་ཆོས་ཀྱི་དགའ་ཚལ་དེ་ནས་རྒྱས།།

དད་ལྡན་རྣམས་ཀྱིས་མཁོ་བའི་ཡོ་བྱད་རྣམས།།

༣༩༤ ཐོགས་མེད་བསྟབས་ཅིང་བཞེངས་སྐྲུན་བྱེད་པའི་སྐབས།།

འདུལ་བ་ལས་བྱུང་ལག་ལེན་ཇི་བཞིན་དུ།།

དང་པོར་གཞི་བརྟག་དགེ་འདུན་ལ་གསོལ་ཞིང་།།

དགེ་འདུན་སྤྱི་ཡིས་གནང་སྦྱིན་བྱེད་པ་དང་།།

༣༩༥ ལག་བླ་སྐོ་དང་རྡོ་བཏེགས་མཐར་བྱུང་བའི།།

རུང་ཁང་གཅོད་དང་ཁང་པ་ཚད་བཞིན་དུ།།

རྩིག་པའི་ལས་རྣམས་ཚུལ་བཞིན་མཛད་པས་ཀྱང་།།

བསྟན་པའི་རྩ་བ་གསལ་བར་བྱས་སམ་སྙམ།།

༣༩༦དེའི་ཚེ་བྲག་རྡོ་བསྙིལ་སྐབས་གློ་བུར་དུ།།

སངས་རྒྱས་འོད་སྲུང་སྐབས་ཀྱི་འགོག་སྙོམས་ཤིག།

མཉམ་པར་བཞག་ལས་ལངས་ཤིང་མཁར་འཕགས་ནས།།

སྐུ་ལུས་རྫུ་འཕྲུལ་མེ་ཡིས་བསྲེགས་བྱས་ཏེ།།

༣༩༧མྱ་ངན་འདས་ཞེས་ཀུན་ལ་རླུང་ལྟར་གྲགས།།

རྗེ་ཉིད་འོལ་ཁ་བསམ་གཏན་གླིང་དུ་ཕེབས།།

དེར་བཞུགས་ཀུན་ལ་ཆོས་ཀྱི་སྐྱེས་ཆེན་སྩལ།།

གཉལ་གྱི་ར་གྲོང་དགེ་བཤེས་ཞིང་ཕེབས་པས།།

༣༩༨ ཞལ་ཆེམས་ཇི་བཞིན་གསེར་ཞོ་སྟོང་ཕྲག་དང་།།

དངུལ་གྱིས་མཚོན་པའི་འབུལ་བ་དཔག་མེད་ཀྱིས།།

རྗེ་ཉིད་མཆོད་པའི་བཀུར་བསྟི་བླ་མེད་མཛད།།

མཁས་གྲུབ་རྗེ་ཡིས་རྗེ་ལ་རྒྱུད་སྡེ་བཞིའི།།

༣༩༩ ལམ་རིམ་གསུངས་པར་ཞུས་པས་རྗེ་ཡིས་ཀྱང་།།

ལེགས་ཞེས་ཟབ་ཆོས་མང་པོ་རྒྱས་པར་བསྩལ།།

སྐབས་ཤིག་ཉི་མའི་འོད་ཟེར་རྒྱས་དང་ལྷན།།

རྗེ་ཡི་ཞལ་གྱི་སྒོ་ནས་འོད་བྱུང་བ།།

༤༠༠ ནམ་མཁར་ཁྱབ་པ་དེར་བཞུགས་ཀུན་གྱིས་མཐོང་།།

དེ་ཡང་ལ་ལས་འཇའ་ཡི་འོད་དུ་སྣང་།།

རྒྱལ་ཚབ་འདུལ་འཛིན་མཁས་གྲུབ་རྣམ་གསུམ་གྱིས།།

ཞལ་ཀྱི་ཚེམས་གཅིག་ལྷུང་བ་མཐུན་པར་གཟིགས།།

༤༠༡ དེའི་ཚེ་རྗེ་ཡི་ཞལ་ནས་འདི་སྐད་ཅེས།།

ལྷུན་པོའི་དྲུང་ན་གསེར་རི་ལྟ་བུར་གནས།།

འགྲན་ཟླ་མེད་པའི་དགེ་ལེགས་ཁྱོད་ལ་སྦྱིན།།

གསུངས་ནས་མཁས་གྲུབ་རྗེ་ལ་དགྱེས་བཞིན་གནང་།།

༤༠༢རྒྱལ་ཚབ་འདུལ་འཛིན་གྱིས་ཀྱང་བསླངས་པ་ན།།

ཉིན་འགའི་རྗེས་ནས་གནང་བར་བཀའ་སྩལ་ཏོ།།

མཁས་པའི་མཁས་པ་དགེ་ལེགས་དཔལ་བཟང་པོས།།

ཚེམས་ལ་ན་བཟའ་ཕུལ་ཞིང་གསོལ་བཏབ་པས།།

༤༠༣ངོ་མཚར་འོད་ཀྱིས་གཟིམས་ཁང་ཁྱབ་པར་གྱུར།།

ཞག་བདུན་རྗེས་ནས་རྗེ་ཡིས་ཁྱེར་ཤོག་གསུངས།།

འཁོར་ཚོགས་ཀུན་གྱི་དབུས་སུ་ཞལ་ཕྱེ་བས།།

ཚེམས་ཉིད་འཇམ་དཔལ་གཞོན་ནུའི་སྐུ་རུ་གྱུར།།

༤༠༤སྟེང་དུ་སྣ་ཚོགས་རིང་བསྲེལ་ཕྲ་བཞིན་བཏབ།།

སྤྱི་གཙུག་དུང་མདོག་དཔའ་བོ་རྡོ་རྗེར་གནང་།།

དཔྲལ་བའི་ཤེལ་མདོག་རྒྱལ་ཚབ་རྗེ་ལ་གནང་།།

མགྲིན་པའི་གསེར་མདོག་བུཎྱེ་མཆོག་ལ་གནང་།།

༤༠༥ཐུགས་ཀའི་བེེ་ཌཱུའི་མདོག་ཅན་འདུལ་འཛིན་པར།།

འཇམ་དཔལ་སྐུ་ཉིད་མཁས་གྲུབ་རྗེ་ལ་གནང་།།

གཞན་ཡང་རིང་བསྲེལ་སྟོང་རྩ་གཉིས་བྱོན་པ།།

འཁོར་ཚོགས་ཡོངས་ལ་ཁྱབ་པར་གནང་བྱས་ཤིང་།།

༤༠༦ དེ་དག་ཀུན་ཀྱང་ཆེན་པོ་ཤ་སྟག་གོ།།

དགུན་དུས་འོལ་ཁ་བསམ་གཏན་གླིང་ཉིད་དུ།།

སྐུ་མཚམས་བཅད་ཅིང་རིམ་ལྔ་གསལ་སྒྲོན་ཞེས།།

རང་གཞན་མཁས་རྒུ་ཀུན་གྱི་སྨོན་གནས་ཏེ།།

༤༠༧ གསང་འདུས་རྫོགས་རིམ་ཉི་ལྟར་གསལ་བྱེད་པའི།།

བསྟན་བཅོས་ཆེན་པོ་དེ་ཉིད་རྩོམ་བཞེད་ནས།།

བླ་མ་ཡི་དམ་ལྷ་དང་དབྱེར་མེད་དུ།།

ཤུགས་དྲག་དད་པས་རྩེ་གཅིག་གསོལ་བཏབ་སྟེ།།

༤༠༨ཟིན་བྲིས་མཛད་སྐབས་ཟླ་བ་བཅུ་གཉིས་ཀྱི།།

ཚེས་གསུམ་ནས་ནི་ཚེས་བདུན་དུས་ཀྱི་བར།།

ངོ་མཚར་ལྟས་བཟང་བྱུང་རྣམས་རྗེ་ཉིད་ཀྱིས།།

དངོས་སུ་ཟིན་ཐོར་བཀོད་པ་ཇི་སྐད་དུ།།

༤༠༩བྱ་གྷའི་གོང་གི་ཙནྡྲ་ནི།།

མིག་དང་ཟླ་བའི་གྲངས་གསུམ་ལ།།

བགྲོ་བ་མཛད་པའི་ཆུ་འདྲེས་ཆུས།།

ཀ་ལ་ཤ་བཀང་སྟེར་རྩིས་བྱེད།།

༤༡༠ཕུལ་བྱུང་ནས་ནི་སུམ་བརྒྱ་བཅུ།།

སོང་ཟེར་ཡབ་གཅིག་དཀྱིལ་འཁོར་གཙོ།།

བགྲོ་བ་མཛད་པ་གཉིས་ཀྱང་སྣང་།།

གྲངས་བཞི་པ་ལ་རྣམ་པ་ཅན།།

༤༡༡ཁྲི་ཡི་སྟེང་ནས་རྩ་བ་ནི།།

གནང་ནས་འདི་བདག་གྱིས་ཞེས་ཚེ།།

སྔགས་རྒྱས་ལན་གསུམ་བཏེགས་སྔོན་གྱི།།

དེ་འདྲའི་ལྟས་གོ་ལྔ་པ་ལ།།

༤༡༢ལྷོ་ཡི་ཐུགས་བཅུད་དམ་པ་ལ།།

འཕྲིགས་ཚུད་དེ་ནས་དྲུག་པ་ལ།།

ངེས་རྙེད་དེ་ནས་བདུན་པ་ལ།།

རྟོགས་བསྲེས་ལས་ནི་ཤིན་ཏུ་ངེས།།

༤༡༣ཤིད་ཟན་ཞེས་པའང་དེ་ནས་གོ།

དེ་འདྲའི་ངོ་མཚར་རྨད་དུ་བྱུང་།།

བརྗེད་ཀྱིས་དོགས་ནས་ཡི་གེར་བཀོད།།

དེ་དོན་སྒྲུབ་པ་མཐར་ཕྱིན་ཤོག།

༤༡༤དེ་སྐད་སྩལ་པའི་དོན་ནི་འདི་ལྟ་སྟེ།།

བྱ་གྷ་སྟག་སྟེ་དེའི་གོང་གླང་ལོ་ཡི།།

ཟླ་བ་བཅུ་གཉིས་པ་ཡི་ཚེས་གསུམ་ལ།།

དཀྱིལ་འཁོར་གཙོ་བོ་འཇམ་པའི་རྡོ་རྗེ་ཡིས།།

༤༡༥ བུམ་བཟང་བདུད་རྩིས་བཀང་བ་གནང་རྩིས་ཀྱིས།།

འདི་ནི་ཕུལ་བྱུང་རྗེ་ཉིད་རེ་དྲུག་སྟེང་།།

སྐྱིད་ཆུའི་འགྲམ་དུ་བཞུགས་དུས་ཟབ་རྒྱས་ཀྱི།།

བསྟན་པའི་བདག་པོ་འཇམ་དབྱངས་བྱམས་མགོན་གྱིས།།

༤༡༦དངོས་སུ་ཟུང་འཇུག་དོན་ལ་བགྲོ་མཛད་པའི།།

ཆུ་བཟང་འདྲེས་པས་གཏམས་པའི་བུམ་པ་སྟེ།།

ཇོ་བོ་རྗེ་ལ་གཏད་ནས་ཁྱོད་འཁྲུངས་བར།།

སུ་དང་གང་ལ་སྟེར་ས་མ་རྙེད་པར།།

༤༡༧བགྲང་བྱ་སུམ་བརྒྱ་བཅུ་ནི་འདས་གྱུར་པས།།

ད་ནི་ཁྱེད་ལ་སྟེར་བ་ཡིན་གསུངས་ཤིང་།།

བྱམས་མགོན་འཇམ་དཔལ་གཉིས་ཀྱང་མཐོང་བ་རྨིས།།

ཚེས་གྲངས་བཞི་བའི་མཚན་མོར་རིན་ཆེན་ཁྲིར།།

༤༡༨བུ་སྟོན་ཐམས་ཅད་མཁྱེན་པ་ཡིན་ཟེར་བའི།།

བླ་མའི་རྣམ་ཅན་ཞིག་གིས་གསང་འདུས་ཀྱི།།

རྩ་བའི་གླེགས་བམ་གནང་ནས་འདི་ཉིད་ཀྱི།།

བདག་པོ་གྱིས་ཞེས་གསུངས་ཤིང་ཕྱག་གཉིས་ཀྱིས།།

༤༡༩གླེགས་བམ་བླངས་ནས་སྔགས་དང་ཕྱག་རྒྱ་ཡིས།།

ལན་གསུམ་དབུར་བཏེགས་བྱིན་གྱིས་བརླབས་པའི་ཚེ།།

བུམ་བཟང་གཏད་པའི་ལྟས་སུ་གོ་བ་རྨིས།།

ཚེས་ལྔ་པ་ལ་ལྷོ་བྲག་མར་པ་ཡི།།

༤༢༠ཐུགས་བཅུད་དམ་པ་བསྲེ་འཕོའི་སྐོར་རྣམས་ལ།།

ངེས་ཤེས་འཕྲིགས་ཚུད་རྙེད་ཅིང་ཚེས་དྲུག་ལ།།

བསྲེ་འཕོའི་མན་ངག་དེ་ཉིད་རྒྱུད་དང་ནི།།

འཕགས་པ་ཡབ་སྲས་རྣམས་ཀྱི་དགོངས་པར་ངེས།།

༤༢༡ཚེས་བདུན་ཉིན་མོར་འཕགས་པ་ལྷས་མཛད་པའི།།

སྤྱོད་བསྡུས་སྒྲོན་མར་གཟིགས་པས་བསྲེ་འཕོའི་སྐོར།།

མན་ངག་རྣམ་པར་དག་པར་ཤིན་ཏུ་ངེས།།

གོང་གི་ཚེས་གསུམ་དགོང་མོར་བདེ་མཆོག་གི།

༤༢༢རྟེན་དང་བརྟེན་པའི་དཀྱིལ་ཐང་བཤམས་པའི་མདུན།།

ཚེས་བཅུའི་མཆོད་པའི་བཀོད་པ་ལེགས་བྲིས་ཤིང་།།

འོག་ཏུ་ཤིད་ཟན་གཏོང་བ་ཡིན་ཞེས་པའི།།

ཡི་གེ་བྲིས་པ་རྨིས་རྣམས་དེ་ནས་གོ།

༤༢༣ཞེས་པའི་དོན་ནོ་དགུང་གྲངས་ང་བཞིའི་ཚེ།།

དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་ཕེབས།།

འདུས་སྡེ་ཡོངས་ལ་བྱང་ཆུབ་ལམ་རིམ་དང་།།

གསང་འདུས་སྒྲོན་གསལ་མངོན་པ་ཀུན་བཏུས་དང་།།

༤༢༤ས་སྡེ་དང་ནི་ཚད་མའི་དཀའ་གནད་སོགས།།

མང་དུ་གསུངས་ཤིང་འདུལ་བའི་གཞུང་བཞིན་དུ།།

སྒྲིག་སྲོལ་སྔོན་མེད་མང་པོ་གསར་བཙུགས་པས།།

བསྟན་པ་རྒྱས་པའི་མཛད་འཕྲིན་བླ་ན་མེད།།

༤༢༥གསང་འདུས་བཤད་རྒྱུད་ལྷ་མོ་བཞི་ཞུས་དང་།།

ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ཡི།།

རྣམ་བཤད་འགྲན་ཟླ་མེད་པ་དེ་དུས་མཛད།།

དགུང་གྲངས་ང་ལྔ་བཞེས་ཚེ་དགའ་ལྡན་དུ།།

༤༢༦ སྔར་གྱི་ཟིན་བྲིས་སོགས་ཀྱིས་གཞི་བྱས་ཏེ།།

དཔལ་ལྡན་ཟླ་བའི་གཞུང་དང་དོ་མཉམ་པའི།།

བསྟན་བཅོས་རྨད་བྱུང་རིམ་ལྔ་གསལ་སྒྲོན་དང་།།

ཉམས་ལེན་སྙིང་པོ་རིམ་ལྔ་གདན་རྫོགས་མཛད།།

༤༢༧དེ་ཡང་སྐབས་ཤིག་རྗེ་བཙུན་འཇམ་དབྱངས་ཀྱིས།།

རྗེ་དང་རྟོགས་ལྡན་པ་དང་ལྷ་འགའ་ལ།།

ཉེ་བརྒྱུད་མན་ངག་ཤིན་ཏུ་ཟབ་པ་དང་།།

དེ་འཛིན་སྐྱེས་ཆེན་རྣམས་ཀྱི་ལུང་བསྟན་གསུངས།།

༤༢༨བཀའ་གདམས་སྤྲུལ་བའི་གླེགས་བམ་ཡང་གནང་བས།།

དགེ་ལྡན་བཀའ་བརྒྱུད་ཆུ་མིག་དེ་ནས་བརྡོལ།།

སྐུ་ཚེའི་བར་ཆད་ཟློག་སླད་དགུན་སྟོད་དུ།།

རྗེ་ཉིད་གཙོ་བྱས་དཔོན་སློབ་སུམ་ཅུ་གྲངས།།

༤༢༩འཇིགས་བྱེད་རྒྱས་པའི་འཁྲུལ་འཁོར་མང་མཛད་ཅིང་།།

སྐུ་མཚམས་དམ་བཅད་རྗེ་ཉིད་བྱམས་མགོན་གྱི།།

འདུག་སྟངས་མཛད་ནས་ཚེ་བསོད་རྒྱས་བྱེད་པའི།།

སྒོམ་བཟླས་ཡུན་རིང་མཛད་པས་ཕྱོགས་བཅུ་ཡི།།

༤༣༠ སངས་རྒྱས་རྣམས་ཀྱིས་ཞལ་གཟིགས་ཁྱད་པར་དུ།།

འཇིགས་བྱེད་འཁོར་ཆེན་སྒྲོལ་མ་གདུགས་དཀར་དང་།།

འཇམ་དབྱངས་ཚེ་དཔག་མེད་དང་རྣམ་རྒྱལ་མ།།

ལྷ་མོ་འོད་ཟེར་ཅན་སོགས་མངོན་སུམ་གཟིགས།།

༤༣༡ ང་དྲུག་བཞེས་ཚེ་དཔོན་སློབ་བཞི་བཅུ་གྲངས།།

མཚམས་བཅད་སྔར་བཞིན་སྒོམ་བཟླས་དྲག་བྱས་ཀྱང་།།

བར་ཆད་བཟློག་པའི་མཚན་མ་གསལ་མ་གྱུར།།

སླར་ཡང་རྗེ་ཉིད་དཔོན་སློབ་སུམ་ཅུ་ལྷན།།

༤༣༢ཡུན་རིང་སྒོམ་བཟླས་སོགས་ལ་གཙོར་འབད་པས།།

འཇམ་དཔལ་དབྱངས་སོགས་ཞལ་གཟིགས་རྫོགས་རིམ་གྱི།།

ཉམས་རྟོགས་བཟང་པོ་ཡར་ངོའི་ཟླ་བཞིན་འཕེལ།།

འདི་དུས་སྔགས་ཀྱི་དཀའ་གནད་མཐའ་དག་ལ།།

༤༣༣ཐེ་ཚོམ་ལྷག་མ་མེད་པར་ཆོད་གྱུར་ཏེ།།

ངེས་པའི་དོན་དེར་ཅི་ཙམ་བརྟགས་ན་ཡང་།།

གཏིང་ནས་མི་བདེ་མེད་པར་གྱུར་པས་ན།།

རྗེ་ཡི་ཞལ་ནས་སྔགས་གནད་ཐམས་ཅད་ལ།།

༤༣༤དཔྱད་པ་རྫོགས་པ་ང་དྲུག་ནས་ཡིན་གསུངས།།

ང་བདུན་བཞེས་ཚེ་བགྲང་བྱ་རིལ་པོ་ལ།།

བླ་མ་རྣམས་ཀྱིས་མཚམས་བཅད་འདུས་སྡེ་མང་།།

སྐུ་རིམ་སྒྲུབ་ལ་གཅིག་ཏུ་བརྩོན་པར་གྱུར།།

༤༣༥བར་ཆད་བཟློག་པའི་ལྷ་མཆོག་རྣམ་གཉིས་ཏེ།།

ཡི་དམ་འཇིགས་བྱེད་འཁོར་ལོ་ཆེན་པོ་ཡི།།

རྣལ་འབྱོར་ལས་ལ་ལྷག་པར་འདྲེས་གྱུར་པས།།

སྐར་མའི་གྲངས་དང་མཉམ་པའི་སངས་རྒྱས་གཟིགས།།

༤༣༦ དེ་ལྟར་ཟླ་བ་ཐ་མའི་ཉེར་དགུའི་ཉིན།།

བདུད་འདུལ་ཆེན་པོའི་ཐུབ་པ་མངོན་གཟིགས་ཏེ།།

དབྱེར་མེད་ཐིམ་པས་དམ་ཅན་ཆོས་རྒྱལ་དང་།།

མྱུར་མཛད་མགོན་དང་ཀྵེ་ཏྲ་པཱ་ལ་སོགས།།

༤༣༧བསྟན་སྲུང་རྣམས་ཀྱིས་གནོད་བྱེད་ཚར་བཅད་ཚེ།།

བདུད་དཔུང་ཕམ་པའི་སྒྲ་ཆེན་ཀུན་གྱིས་ཐོས།།

དགུང་ལོ་ང་བརྒྱད་བཞེས་ཚེ་འཇམ་དབྱངས་ཀྱིས།།

དེང་ནས་བརྩམས་ཏེ་བསྐྱེད་རྫོགས་ཉམས་བཞེས་ལ།།

༤༣༨གཅིག་ཏུ་བརྩོན་ན་གསང་སྔགས་བླ་མེད་ཀྱི།།

རྟོགས་པ་ཁྱད་མཚར་རྒྱུད་ལ་མྱུར་སྐྱེ་ཞིང་།།

སྐལ་ལྡན་བདུན་ལའང་ཉམས་རྟོགས་ཁྱད་པར་ཅན།།

འཁྲུངས་པར་འགྱུར་ཞེས་དངོས་སུ་ལུང་བསྟན་གནང་།།

༤༣༩དེའི་ཚེ་རྟོགས་ལྡན་པ་ཡི་མནལ་ལམ་དུ།།

རྗེ་ཡི་མཆོད་རྟེན་མཁའ་ལ་རེག་པའི་དྲུང་།།

མཁའ་འགྲོ་རྣམས་ཀྱིས་མཆོད་དང་ཕྱག་སྐོར་མཛད།།

སེང་ཁྲིར་མཉམ་པའི་མཆོད་རྟེན་དྲུག་ཙམ་ལ།།

༤༤༠དཀར་རྩི་གསོལ་བར་བགྲོ་ཞིང་མ་འོངས་པར།།

མཆོད་རྟེན་བཞེང་རྒྱུའི་ཤུལ་ཙམ་མཆིས་པ་ལ།།

ས་དཀར་གསོལ་བའི་སྟ་གོན་བྱེད་རྨིས་པ།།

གནས་ཚུལ་མངོན་དུ་གྱུར་པའི་ལྟས་སུ་འཁུམས།།

༤༤༡མི་དབང་གྲགས་རྒྱན་མཆོག་གིས་གདན་ཞུས་ལྟར།།

འོན་གྱི་བཀྲ་ཤིས་གདོང་ཁར་དབྱར་གནས་མཛད།།

སྡེ་སྣོད་འཛིན་པ་བརྒྱ་ཕྲག་དུ་མ་ལ།།

དབུ་ཚད་ལམ་རིམ་སོགས་ཀྱི་ཆོས་བཀའ་གནང་།།

༤༤༢རྗེ་ཡིས་དད་ལྡན་རྣམས་ཀྱི་རྟེན་སྐལ་དུ།།

ཉིན་གཅིག་དབུ་སྐྲ་བུབས་ཅན་བདུན་བྲེགས་པ།།

གཟུངས་གཞུག་མཛད་ནས་ཆེན་པོ་བྱམས་གླིང་བས།།

བཀྲ་ཤིས་དོ་ཁ་མར་གྲགས་སྐུ་བརྙན་བཞེངས།།

༤༤༣རྒྱལ་མཆོག་དགེ་འདུན་གྲུབ་པ་ཉེར་བཞིའི་སྟེང་།།

མི་ཕྱེད་དད་པས་རྗེ་ལ་ཐོག་མར་མཇལ།།

རྗེ་ཡིས་དགྱེས་བཞིན་ཟབ་ཆོས་མང་དུ་སྩལ།།

འཇམ་དབྱངས་ཆོས་རྗེ་མཆོག་ལ་རྗེ་ཉིད་ཀྱིས།།

༤༤༤ཆོས་སྡེ་ཆེན་པོ་འབྲས་སྤུངས་འདེབས་པར་བསྐུལ།།

རྗེ་ཉིད་དགའ་ལྡན་དགོན་དུ་ཕྱག་ཕེབས་ནས།།

བདེ་མཆོག་ལཱུ་ཊཱིཀ་ཆེན་མོ་མཛད་པ་ན།།

ཕོ་ཉ་མ་རྣམས་ཞྭ་དམར་ལེབ་གྱོན་གྱི།།

༤༤༥བུད་མེད་རྣམ་པས་རྟག་ཏུ་གྲོགས་མཛད་པ།།

སྣོད་མིན་དག་ལ་གསང་བ་བསྒྲགས་པ་ཡི།།

ལྟས་སུ་གླེང་ཡང་འདི་དུས་ཡི་དམ་གྱི།།

རྣམ་པར་བྱོན་པས་བར་ཆད་མཚན་མའི་རིགས།།

༤༤༦མ་ལུས་ཞི་ཞིང་རྣལ་འབྱོར་ཟླ་ལྟར་རྒྱས།།

རྣལ་འབྱོར་བཞི་ལྡན་ཁྲིད་ཡིག་ཆེ་ཆུང་དང་།།

དེ་ཡི་སྒྲུབ་ཐབས་མཆོག་དང་འཕགས་ཡུལ་གྱི།།

གྲུབ་པའི་ཁྱུ་མཆོག་ཟླ་བའི་ཐུགས་ཀྱི་བཅུད།།

༤༤༧སྒྲོན་གསལ་མཆན་དང་མཐའ་དཔྱོད་མྱུ་གུ་དང་།།

བསྡུས་དོན་མཛད་པས་གངས་ཅན་བོད་ཡུལ་གྱི།།

ཕ་རྒྱུད་བསྟན་པའི་གདུགས་ཆེན་དགུང་དུ་བསྒྲེངས།།

ང་དགུ་བཞེས་ཚེ་བཀའ་རྩོམ་སྣ་ཚོགས་ཀྱི།།

༤༤༨འཕྲོ་རྣམས་བསྐྱངས་ཤིང་དད་ལྡན་མང་པོ་ལ།།

ཆོས་ཀྱི་བཤད་པ་ཆུ་བོའི་རྒྱུན་བཞིན་མཛད།།

རྗེ་ཡི་ཞལ་ནས་ཚོགས་ཁང་ཆེན་མོ་རུ།།

སྒྲུབ་མཆོད་མཛད་ན་དབང་མ་ཐོབ་པས་ཀྱང་།།

༤༤༩དཀྱིལ་འཁོར་མཐོང་སོགས་དགག་བྱ་མཐའ་ཡས་པས།།

སྒྲུབ་ཁང་ལོགས་སུ་དགོས་ཞེས་རྨང་བཏིང་ཞིང་།།

དད་ལྡན་རྣམས་ཀྱིས་ཟངས་སོགས་མཁོ་རྒུ་ཡི།།

ཡོ་བྱད་འབུལ་བ་དཔག་ཏུ་མེད་པ་བསྟབས།།

༤༥༠འཇམ་དབྱངས་ཀྱིས་བསྐུལ་ལམ་རིམ་ཆེན་མོ་ལས།།

སྤྲོས་པ་ཉུང་ངུར་བགྱིས་ཏེ་རང་ལུགས་ཀྱི།།

གནད་རྣམས་ཚང་བར་སྟོན་པའི་བསྟན་བཅོས་ཏེ།།

བྱང་ཆུབ་ལམ་རིམ་འབྲིང་པོ་མཛད་པར་གྲགས།།

༤༥༡དྲུག་ཅུར་བསླེབས་ཚེ་སྔར་གྱི་རྨང་གཞིའི་སྟེང་།།

བདུན་ཅུ་རྩ་གཉིས་ཀ་བས་རྣམ་བརྒྱན་པའི།།

གཙུག་ལག་ཁང་བཟང་གཙང་ཁང་ཁྱམས་དང་བཅས།།

ལེགས་གྲུབ་ཡངས་པ་ཅན་ཞེས་མཚན་ཡང་གསོལ།།

༤༥༢དེའི་ཚེ་འཇམ་དབྱངས་ཆོས་རྗེར་རྗེ་ཉིད་ཀྱིས་།།

གཏེར་ནས་བཞེས་པའི་དུང་དཀར་གནང་མཛད་ནས།།

ངེད་ཀྱིས་ཕྱག་བཏབ་མཛད་པའི་མ་དགོན་ལས།།

ཁྱེད་ཀྱི་བུ་དགོན་རྒྱས་ཞེས་ལུང་བསྟན་ཅིང་།།

༤༥༣སྐུ་དངོས་ཞབས་ཀྱིས་བཅགས་ཏེ་ལྟོ་འཕྱེའི་ཐིག།

བཏབ་ཅིང་རྩིག་པ་བྱེད་ལུགས་ཀྱིས་མཚོན་པའི།།

ཞལ་ཏ་མང་མཛད་རྟེན་གཙོ་འཇིགས་བྱེད་ཀྱི།།

སྐུ་བརྙན་བཞེངས་དུས་རྗེ་ཉིད་གཙོར་གྱུར་པའི།།

༤༥༤སྤྲུལ་བའི་དགེ་སློང་རྣམས་ཀྱིས་སྨན་འདམ་ཀྱི།།

མཐེབ་ཀྱུ་རེ་ལ་ཡ་མ་རཱ་ཛཱའི་སྔགས།།

འབུམ་སོགས་བཟླས་ནས་བསྒྲུབས་ཞེས་ཀུན་ལ་གྲགས།།

རེ་གཅིག་བཞེས་ཚེ་ཡངས་པ་ཅན་ཉིད་དུ།།

༤༥༥རྟེན་གཙོ་ཐུབ་པ་ཚུལ་ཁྲིམས་མ་བཞེངས་ཤིང་།།

གསང་འདུས་ལྷ་མཆོག་སུམ་ཅུ་རྩ་གཉིས་དང་།།

འཁོར་ལོ་སྡོམ་པ་བདེ་མཆོག་ལཱུ་ཨི་པའི།།

དཀྱིལ་འཁོར་ལྷ་གྲངས་དྲུག་ཅུ་རྩ་གཉིས་དང་།།

༤༥༦རྡོར་དབྱིངས་དཀྱིལ་འཁོར་རྟེན་དང་བརྟེན་པ་བཅས།།

གསེར་ཟངས་རྒྱུ་ཡིས་བློས་བསླངས་རྨད་བྱུང་བཞེངས།།

བླུགས་ཀྱི་ཕུད་ལ་ངོ་མཚར་དཔལ་འགྱེད་པའི།།

དཔའ་བོ་ཁཎྜ་ཀ་པཱ་ལ་བྱོན་ཏེ།།

༤༥༧དཀར་སེར་དམར་ལྗང་བཙོད་མདོག་འོད་ཀྱིས་སྤྲས།།

འཇའ་ཚོན་མར་གྲགས་བྱིན་རླབས་ཕུང་པོའི་གཏེར།།

སྐལ་ལྡན་བསོད་ནམས་སྡུད་པའི་ཞིང་མཆོག་ཏུ།།

རང་བྱོན་ལྟ་བུར་གྲུབ་པས་རྗེའི་ཞལ་ནས།།

༤༥༨ཧེ་རུ་ཀ་ཡི་ཕོ་བྲང་ནས།།

འཁོར་ལོ་བདེ་མཆོག་ཡབ་ཡུམ་ནི།།

འགྲོ་བའི་བསོད་ནམས་ཞིང་མཆོག་ཏུ།།

ཐོད་པའི་དུམ་བུ་ཡབ་ཡུམ་གྱི།།

༤༥༩སྐུ་མཆོག་ངོ་མཚར་ལྟས་མང་གིས།།

བརྒྱན་ནས་འདི་རུ་བྱོན་པ་ལེགས།།

ཨེ་མའོ་བདག་ཅག་གདུལ་བྱ་རྣམས།།

ཤིན་ཏུ་ཚོགས་བསགས་སྐལ་བར་ལྡན།།

༤༦༠བདག་ཅག་རྣམས་ཀྱི་ལྷག་བསམ་གྱིས།།

བསྒྲུབས་པའི་རབ་འབྱམས་མཆོད་པའི་སྤྲིན།།

བཞེས་ནས་གནས་མཆོག་འདི་ཉིད་དུ།།

འཁོར་བ་ཇི་སྲིད་བཞུགས་སུ་གསོལ།།

༤༦༡ཞེས་སོགས་གསོལ་འདེབས་མཆོད་བསྟོད་དཔག་མེད་མཛད།།

ཕྱོགས་བཅུའི་བདེ་གཤེགས་རྣམས་དང་རྣལ་འབྱོར་མའི།།

སྐུ་རྣམས་དངུལ་བཟང་བྲེ་ཆེན་གཉིས་ལྷག་རེ།།

རྡོར་དབྱིངས་གཙོ་བོ་གཉིས་ལ་མ་ལོངས་ཙམ།།

༤༦༢འཁོར་གྱི་ལྷ་སྐུ་བཅུ་གཉིས་རེ་རེ་ལ།།

དངུལ་དཀར་བྲེ་ཆེན་ཕྱེད་དང་གཉིས་ཙམ་གྱིས།།

ལེགས་པར་བཞེངས་ཤིང་ཕྲ་རྒྱན་སྣ་ཚོགས་དང་།།

གོས་ཆེན་ན་བཟའ་གསོལ་རྣམས་བློར་མི་ཤོངས།།

༤༦༣གཞན་ཡང་རྡོ་རྗེ་འཇིགས་བྱེད་བྱམས་འཇམ་དབྱངས།།

ཚེ་དཔག་མེད་དང་རྣམ་རྒྱལ་གདུགས་དཀར་སོགས།།

གསེར་བཟང་རྒྱུ་ཡིས་བསྐྲུན་པའི་སྐུ་བརྙན་རྣམས།།

བདེ་མཆོག་སྡོམ་འབྱུང་དམར་ནག་རྒྱུད་གཉིས་སོགས།།

༤༦༤གཞུང་ཆེན་གུང་བསྒྲིགས་ཐིག་ཚད་ཚད་ལྡན་གྱིས།།

བཞེངས་པའི་ཚུལ་ལ་རྒྱལ་རྣམས་དགྱེས་རླབས་སྤྲོ།།

ཡིད་འོང་རྟེན་དང་བརྟེན་པའི་བཀོད་པ་རྣམས།།

ལེགས་གྲུབ་རབ་གནས་ཆེན་མོ་མཛད་པའི་དུས།།

༤༦༥དག་པའི་སྣང་ངོར་རྡོ་རྗེ་འཇིགས་བྱེད་སོགས།།

སྒྲ་བཅས་རྟེན་ལ་ཐིམ་པའི་ངོ་མཚར་འབར།།

དེ་ལྟར་རྒྱུད་སྡེའི་སྒྲུབ་མཆོད་བཙུགས་པ་འདི།།

ཐུན་མོང་མཛད་ཆེན་བཞི་ཡི་ཐ་མའོ།།

༤༦༦རྗེ་ཡིས་ཀུན་མཁྱེན་དགེ་འདུན་གྲུབ་པ་ལ།།

མཐང་ཤམ་གནང་ནས་འདུལ་བའི་བསླབ་ཁྲིམས་རྣམས།།

རྒྱས་པའི་རྟེན་འབྲེལ་བསྒྲིགས་ཤིང་འབྱུང་འགྱུར་གྱི།།

དགོན་གནས་ཡོན་བདག་ཆོས་སྲུང་ལུང་བསྟན་མཛད།།

༤༦༧ བདེ་མཆོག་དཀྱིལ་འཁོར་སྒྲུབ་མཆོད་མཛད་པའི་ཚེ།།

དཀྱིལ་འཁོར་མངོན་གཟིགས་མཁའ་འགྲོའི་ཚོགས་རྣམས་ཀྱིས།།

རྡོ་རྗེ་གླུ་ཡི་མཆོད་བསྟོད་དངོས་གསན་ནས།།

ཏིང་འཛིན་པིར་ལེགས་མ་ཡི་དབྱངས་མཆོག་དང་།།

༤༦༨དཔྱིད་ཀྱི་རྒྱལ་མོའི་དབྱངས་རྟ་དེ་དུས་མཛད།།

རེ་གཉིས་བཞེས་ཚེ་དགའ་ལྡན་དགོན་ཉིད་དུ།།

སྡེ་སྣོད་འཛིན་པ་བརྒྱ་ཕྲག་མང་པོ་ལ།།

སྒྲོན་གསལ་མཆན་དང་གསང་འདུས་བཤད་རྒྱུད་འགའ།།

༤༦༩རིམ་ལྔའི་ཁྲིད་དང་ཡན་ལག་དྲུག་གི་ཁྲིད།།

དྲི་མེད་འོད་ཀྱི་བཤད་པ་ཞིབ་རྒྱས་དང་།།

བདེ་མཆོག་དབུ་ཚད་ལམ་རིམ་སོགས་ཀྱིས་མཚོན།།

ངེས་དོན་ཁྲིད་ཀྱིས་དད་དང་ངོ་མཚར་བསྐྱེད།།

༤༧༠འཕགས་བོད་དབུ་མའི་གཞུང་བཟང་ཀུན་ཀྱི་ཕུལ།།

ཀླུ་སྒྲུབ་དགོངས་འགྲེལ་རྣམས་ཀྱི་མཆོག་གྱུར་པ།།

དཔལ་ལྡན་ཟླ་བའི་ཐུགས་བཅུད་དམ་པའི་མཛོད།།

འཇུག་པའི་རྣམ་བཤད་དགོངས་པ་རབ་གསལ་མཛད།།

༤༧༡ ཆོས་སྲུང་རྣམས་ལ་གཏོར་མ་འབུལ་བའི་ཚེ།།

དབྱངས་ཀྱི་ང་རོ་འདི་ལྟར་འཐེན་གསུངས་ནས།།

ཆོས་རྒྱལ་ནང་སྒྲུབ་བསྟོད་མཆོག་ལེགས་བརྩམས་ཤིང་།།

གཤིན་རྗེའི་ངར་དབྱངས་ལ་སོགས་དབྱངས་བཞི་མཛད།།

༤༧༢རྗེ་ཉིད་དགུང་ལོ་སོ་དྲུག་ནས་བཟུང་སྟེ།།

དམ་ཅན་ཆོས་རྒྱལ་གྲིབ་མ་བཞིན་འགྲོགས་ནས།།

སྣ་ཚོགས་གཟུགས་ཀྱིས་ལས་ཀུན་བསྒྲུབས་པ་སོགས།།

མཆོད་དང་བཀུར་སྟི་མཛད་པ་བློར་མི་ཤོང་།།

༤༧༣རེ་གསུམ་བཞེས་ཚེ་དཔྱིད་དང་དབྱར་གཉིས་སུ།།

སྐལ་ལྡན་སྡེ་སྣོད་འཛིན་པ་མཐའ་ཡས་ལ།།

བདེ་མཆོག་རྩ་རྒྱུད་ལ་སོགས་ཆོས་མང་གསུངས།།

རྗེ་ཡིས་གཞུང་བཤད་ཇི་ལྟར་གནང་བ་རྣམས།།

༤༧༤འཇམ་དབྱངས་ཆོས་རྗེས་མ་ལུས་བློར་བཟུང་ནས།།

ཐོགས་པ་མེད་པར་རྒྱུགས་འབུལ་མཛད་པ་ལ།།

རྗེ་ཡིས་ཐུགས་འཛིན་རྩལ་ལ་བསྔགས་བརྗོད་གནང་།།

འོད་གསལ་རྩལ་དུ་འདོན་པའི་མ་རྒྱུད་ཀྱི།།

༤༧༥མཐར་ཐུག་འཁོར་ལོ་སྡོམ་པ་བདེ་མཆོག་གི།

རྩ་རྒྱུད་སྦས་པའི་དོན་ཀུན་གསལ་བྱེད་པའི།།

འགྲེལ་ཆེན་མཐོང་བ་དོན་ལྡན་མཛད་པ་ཡིས།།

མ་རྒྱུད་བསྟན་པའི་རོལ་མཚོ་རྒྱས་པར་གྱུར།།

༤༧༦ལོ་དེའི་སྟོན་ཀར་ཞབས་ཟུར་བསྙུང་ཚུལ་གྱིས།།

ལྷ་སའི་སྟོད་ལུང་ཆུ་ཚན་ཁར་ཕེབས་ཤིང་།།

སྟོད་ལུང་ཕུ་མདའི་དད་ལྡན་མ་ལུས་པ།།

ཆོས་དང་བྱིན་རླབས་སྐྱེས་ཀྱིས་ཚིམ་པར་མཛད།།

༤༧༧དེ་དུས་ཆུ་མིག་ལུང་ལ་གསང་འདུས་ཀྱི།།

ལྷ་ཚོགས་དངོས་སུ་ཐིམ་པ་མངོན་གཟིགས་ནས།།

རྒྱུད་ཀྱི་འཆད་ཉན་ཕྱོགས་མཐར་སྤེལ་ནུས་ཀྱི།།

རྨད་བྱུང་རྒྱུད་གྲྭ་འབྱུང་བར་ལུང་བསྟན་གནང་།།

༤༧༨རྗེ་ཉིད་ཁྱོགས་ལ་བཞུགས་ནས་འབྲས་སྤུངས་སུ།།

ཕེབས་སྐབས་ཁྱོགས་ཀྱི་སྣེ་ལ་འཇའ་ཚོན་འཁྱུད།།

རྟེན་དང་བརྟེན་པར་རབ་གནས་མཛད་པའི་ཚེ།།

རྡོ་རྗེ་འཇིགས་བྱེད་མྱུར་མཛད་ཡེ་ཤེས་མགོན།།

༤༧༩དམ་ཅན་ཆོས་རྒྱལ་ལ་སོགས་སྐྱབས་ཡུལ་རྣམས།།

ས་ཆེན་གཡོས་ཤིང་འུར་སྒྲའི་ལྟས་དང་ལྷན།།

རང་རང་རྟེན་ལ་མངོན་སུམ་ཞུགས་པར་གྱུར།།

ཞི་རྒྱས་སྦྱིན་སྲེག་མཛད་ཅིང་ཡི་དམ་དང་།།

༤༨༠བསྟན་སྲུང་རྣམས་ལ་དགོན་སྡེ་གཉེར་གཏད་ཅིང་།།

དེང་ནས་བཟུང་སྟེ་དགོན་པའི་ཆོས་སྲིད་ལ།།

བདག་པོ་གྱིས་ཞེས་འཇམ་དབྱངས་ཆོས་རྗེར་གདམས།།

སྡེ་སྣོད་འཛིན་པ་སྟོང་ཕྲག་གཉིས་ཙམ་དང་།།

༤༨༡སྐྱེ་བོ་ཕོ་མོ་དཔག་ཏུ་མེད་པ་ལ།།

ལམ་རིམ་ཁྲིད་དང་ན་རོ་ཆོས་དྲུག་དང་།།

དབུ་མ་འཇུག་པ་གསང་འདུས་རྩ་རྒྱུད་གསུངས།།

མདོ་སྔགས་འཆད་ཉན་ཆུ་བོའི་རྒྱུན་བཞིན་དུ།།

༤༨༢ཆད་མེད་ཡུན་རིང་དར་བའི་རྟེན་འབྲེལ་དུ།།

ལམ་རིམ་འཆད་འཕྲོར་བཞག་ཅིང་རྩ་རྒྱུད་ཀྱི།།

ལེའུ་དགུ་བའི་སྐབས་ནས་མཚམས་བཞག་པར།།

ཀུན་གྱིས་རྫོགས་པར་བསྐུལ་ཀྱང་ཞལ་སྔ་ནས།།

༤༨༣ཁ་སང་ནས་ནི་འཕེན་པ་བཏང་ཚར་བས།།

ཆོས་མཚམས་དེ་གར་འཇོག་ཅེས་ཞལ་མ་བཞེས།།

སྐལ་ལྡན་ལྷ་བཟོ་ཞིག་ལ་རྗེ་ཉིད་ཀྱིས།།

དགའ་ལྡན་ཡངས་པ་ཅན་དུ་ཀུན་རིག་གི།

༤༨༤ དངུལ་སྐུ་བཞེངས་པའི་དམ་བཞག་ཆེར་མཛད་དེ།།

གཞན་ལ་མ་སྒྲོགས་མངོན་ཆུང་གྱིས་ཞེས་གདམས།།

ལྷ་ལྡན་གཙུག་ལག་ཁང་དུ་ཕྱག་ཕེབས་ནས།།

ཇོ་བོ་ཤཱཀྱ་མུ་ནེའི་སྐུ་དྲུང་དུ།།

༤༨༦ ཕྱག་མཆོད་བླ་མེད་མཛད་ཅིང་བསྟན་པ་དང་།།

འགྲོ་བར་སྨན་པའི་ཐུགས་སྨོན་རྒྱ་ཆེར་གནང་།།

བྱམས་ཆེན་ཆོས་རྗེ་མཆོག་གིས་སྤྱན་དྲངས་ལྟར།།

སེ་ར་ཆོས་ཀྱི་སྡིངས་སུ་ཕེབས་མཛད་དེ།།

༤༨༧ཤཱཀྱ་ཡེ་ཤེས་མཆོག་ལ་རྗེ་ཉིད་ཀྱིས།།

འདུལ་བའི་བསླབ་ཁྲིམས་དག་པས་གཞི་བྱས་ཏེ།།

གསང་བདེའི་འཆད་ཉན་དར་བའི་དགོན་སྡེ་ཞིག།

བསྐྲུན་པར་གྱིས་ཞེས་སེ་ར་ཐེག་ཆེན་གླིང་།།

༤༨༨ འདེབས་པར་བསྐུལ་ཅིང་རྟེན་འབྲེལ་བསྒྲིགས་པའི་ཆེད།།

དགོན་གནས་མཆོག་ཏུ་བཀྲ་ཤིས་གསོ་སྦྱོང་དང་།།

རྒྱུད་རྒྱལ་གཉིས་ཀའི་དབུ་ནས་ཆོས་ཐུན་རེ།།

གནང་ནས་གསང་འདུས་འགྲེལ་བ་བཞི་སྦྲགས་ཀྱི།།

༤༨༩གླེགས་བམ་ཕྱག་ཏུ་བསྣམས་ཏེ་འཁོར་ཚོགས་ལ།།

རྒྱུད་ཀྱི་བཤད་སྲོལ་འཛིན་ནུས་སུ་ཡོད་ཅེས།།

ལན་གསུམ་བསྒྲགས་པས་མཁས་མང་གསེར་རིའི་ཁྲོད།།

མཁས་གྲུབ་ཆེན་པོ་ཤེས་རབ་སེང་གེ་ཡིས།།

༤༩༠ཕྱག་གསུམ་ཕུལ་ཏེ་ཁོ་བོས་ནུས་སོ་ཞེས།།

མི་འཇིགས་དབྱངས་ཀྱིས་ཞལ་བཞེས་གནང་བ་ན།།

རྗེ་ཉིད་མཆོག་ཏུ་དགྱེས་ཤིང་བྱིན་བརླབས་མཛད།།

གསང་བ་འདུས་པའི་གསེར་སྐུ་བྱིན་ཅན་དང་།།

༤༩༡ནང་མཆོད་ཀ་པཱ་ལ་དང་འགྲེལ་བཞི་སྦྲགས།།

རྒྱུད་ཀྱི་རྣམ་བཤད་གཉིས་དང་བསྐྱེད་རྫོགས་ཀྱི།།

ཡིག་ཆ་རྣམས་དང་ཆོས་རྒྱལ་ཞལ་འབག་དང་།།

འཆམ་གོས་དབྱུག་ཞགས་གནང་སྟེ་གསང་སྔགས་ཀྱི།།

༤༩༢བསྟན་པའི་བདག་པོར་མངའ་གསོལ་དབུགས་དབྱུང་མཛད།།

རྗེ་ཡི་ཞལ་ནས་སླར་ཡང་འདི་སྐད་ཅེས།།

རྒྱུད་ཀྱི་འཆད་ཉན་ཆགས་མེད་སྤེལ་བ་ལ།།

ཁོ་བོས་དམ་ཅན་ཆོས་ཀྱི་རྒྱལ་པོ་ལ།།

༤༩༣གཉེར་གཏད་བྱས་ཡོད་ཁྱོད་རང་སྐྲག་མི་དགོས།།

གཙང་གི་ཕྱོགས་སུ་རྒྱུད་ཀྱི་འཆད་ཉན་བྱོས།།

འདི་ནས་དཔག་ཚད་དུ་མ་འདས་པའི་སར།།

དྲིལ་བུ་ཁ་སྦུབས་ལྟ་བུའི་རི་བོ་ན།།

༤༩༤གཤིན་རྗེའི་གཤེད་ཀྱི་རྣལ་འབྱོར་ཆེན་པོ་ཡོད།།

སློབ་མར་འགྱུར་ཞིང་བསྟན་པ་སྤེལ་བར་བྱེད།།

དེ་ཡི་ཕ་རོལ་རྒྱང་གྲགས་མང་པོའི་སར།།

སྲིན་མོ་གན་རྐྱལ་ཉལ་འདྲའི་རིའི་སྟེང་ན།།

༤༩༥གནོད་སྦྱིན་མོ་ཡོད་དེས་ཀྱང་ཁྱོད་གུས་ཤིང་།།

རྒྱུད་ཀྱི་བསྟན་པ་རྒྱས་པའི་གྲོགས་བྱེད་དོ།།

དེ་ནས་རང་གིས་ཅི་བྱེད་ཤེས་འགྱུར་ཞེས།།

མ་འོངས་དོན་རྣམས་ཐོགས་པ་མེད་པར་གསུངས།།

༤༩༦དེ་ནས་སླར་ཡང་ཇོ་ཤཱཀྱ་རྣམ་གཉིས་དྲུང་།།

ཐ་མའི་མཇལ་ཕྱག་ཞུས་ཤིང་བསྟན་འགྲོ་ལ།།

གཅིག་ཏུ་ཕན་པའི་བསྔོ་སྨོན་རྒྱས་མཛད་ནས།།

གནས་མཆོག་བ་ལམ་བདེ་ཆེན་རྩེ་རུ་ཕེབས།།

༤༩༧དེ་རུ་བྲག་དཀར་རྫོང་དཔོན་ཡབ་ཡུམ་ལ།།

འདུལ་བའི་བསླབ་ཁྲིམས་གཞིར་བྱས་གསང་འདུས་ཀྱི།།

གྲྭ་ས་འཛུགས་པའི་མཐུ་རྐྱེན་སྒྲུབ་བསྐུལ་ཏེ།།

ད་ལན་མིན་པ་ཁོམ་ལོང་མེད་གསུངས་ནས།།

༤༩༨དགོན་ས་རབ་ཏུ་གནས་པས་བྱིན་བརླབས་ཤིང་།།

གསང་སྔགས་མཁར་ཞེས་མིང་ཡང་འདོགས་པར་མཛད།།

བྲག་དཀར་གནས་དང་གྲུ་བཞིར་དགྱེས་བཞིན་ཕེབས།།

གྲུ་བཞིའི་གནས་སུ་བཞུགས་པའི་ནུབ་མོ་དེར།།

༤༩༩ རང་བྱུང་གཎྜི་བརྡུང་བའི་སྒྲ་ཆེན་གྲགས།།

འབྲས་སྤུངས་ནས་བཟུང་དགའ་ལྡན་བསླེབས་ཀྱི་བར།།

སུ་ཡིས་ཞུས་ཀྱང་ཡང་ཡང་མི་འོང་བས།།

ད་ལན་ངེས་པར་ཕེབས་ཞེས་དགྱེས་བཞིན་དུ།།

༥༠༠ཞལ་བཞེས་མཛད་དང་འཇའ་གུར་སྣ་ཚོགས་དང་།།

ས་ཆེན་གཡོ་སོགས་རིང་མིན་ཞིང་གཞན་དུ།།

བསུ་བའི་ལྟས་སུ་བློ་ལྡན་སུ་ཞིག་ཚོམ།།

དེ་ནས་གདན་ས་ཆེན་མོ་དགའ་ལྡན་དུ།།

༥༠༡ཕེབས་ཤིང་ཐོག་མར་ཡངས་པ་ཅན་ཉིད་དུ།།

གངས་ཅན་ལྗོངས་སུ་རྒྱུད་སྡེ་རྣམ་བཞི་ཡི།།

འཆད་ཉན་རྣམ་དག་རྒྱས་པའི་རྟེན་འབྲེལ་དུ།།

ཆེད་དུ་བཞེངས་པའི་སྐུ་བརྙན་རྣམས་ཀྱི་དྲུང་།།

༥༠༢ད་ནི་ཡང་ཡང་འོང་བར་མི་འགྱུར་བས།།

མཆོད་གཏོར་རྒྱས་པར་ཤོམས་ཞེས་ནན་བསྐུལ་ནས།།

བསྔོ་སྨོན་རྒྱ་ཆེན་རིམ་པ་མང་པོ་གནང་།།

བུ་སློབ་འདུས་པའི་འཁོར་དང་ལྷན་ཅིག་ཏུ།།

༥༠༣འདུ་ཁང་ཆེན་མོའི་ཚོགས་དབུར་དངོས་ཕེབས་ཏེ།།

ཡོན་བསྔོ་མཛད་པའི་རྗེས་སུ་དད་ལྡན་སོགས།།

སུས་ཀྱང་མ་བསྐུལ་བདེ་བ་ཅན་ཉིད་ཀྱི།།

སྨོན་ལམ་རྒྱས་པ་ཤིས་བརྗོད་དང་བཅས་པ།།

༥༠༤ལེགས་པར་མཛད་པ་བཀའ་རྩོམ་ཐ་མར་གྲགས།།

དེ་ནས་གཟིམས་ཁང་འོད་གསལ་སྦུག་ཉིད་དུ།།

བདེ་བའི་སྟན་ལ་བཞུགས་ཤིང་ཞལ་སྔ་ནས།།

རང་རེའི་དགོན་པ་རང་དབང་ཐོབ་པ་འདིར།།

༥༠༥ཚེགས་མེད་བསླེབས་བྱུང་བས་ནི་བློ་བདེ་གསུངས།།

ཉིན་དེའི་མཚན་གུང་ཙམ་ནས་བསྙུང་ཚུལ་བསྟན།།

འདུས་མང་ཡོངས་ཀྱིས་ལྷག་བསམ་གཙང་མོའི་ངོས།།

ཅི་ནུས་ཞབས་བརྟན་རིམ་གྲོ་དཔག་མེད་བསྒྲུབས།།

༥༠༦ཤར་པ་ཆེན་པོ་རིན་ཆེན་རྒྱལ་མཚན་དང་།།

བཀའ་བཅུ་ཆེན་མོ་དར་མ་རིན་ཆེན་ལ།།

དགོན་གནས་ལེགས་པར་སྐྱོང་བའི་ཞལ་ཏ་གནང་།།

འདུལ་འཛིན་ཆེན་པོ་གྲགས་པ་རྒྱལ་མཚན་དང་།།

༥༠༧རྒྱལ་ཚབ་རྗེ་གཉིས་རྗེ་ཡི་སྐུ་དྲུང་དུ།།

ཕེབས་སྐབས་རྗེ་ཡིས་པཎ་ཞྭ་བཀའ་བཅུ་པའི།།

པང་དུ་འཕངས་ནས་དོན་དེ་གོ་གྱིས་ལ།།

བྱང་ཆུབ་སེམས་མཆོག་སྒོམས་ཞེས་རྒྱལ་ཚབ་ཏུ།།

༥༠༨དབང་སྐུར་མཛད་ཅིང་ས་གསུམ་འཇིག་རྟེན་ན།།

ཐོས་པར་དཀའ་བའི་ཞལ་གདམས་ཐ་མ་སྩལ།།

དེ་ཡང་ཐུན་བཞིའི་རྣལ་འབྱོར་བདག་འཇུག་སོགས།།

རྒྱུན་གྱི་ཐུགས་དམ་ཆག་མེད་མཛད་པའི་ཁར།།

༥༠༩ཏིང་འཛིན་མཆོག་ལ་གཅིག་ཏུ་གཞོལ་བ་ཡི།།

ཉམས་བཞེས་ལས་ཀྱིས་ཉིན་མཚན་འདའ་བར་གྱུར།།

ཚེས་གྲངས་ཉེར་བཞིའི་དགོང་མོར་བདེ་མཆོག་གི།

མཆོད་པ་རྒྱས་པར་མཛད་ཅིང་མར་མེད་པའི།།

༥༡༠ཀཱ་པ་ལ་ཞིག་ཁྱེར་ཤོག་ཅེས་གསུངས་ཏེ།།

དེ་རུ་ནང་མཆོད་བླུགས་ནས་བྱིན་བརླབས་ཤིང་།།

ཉིད་ཀྱིས་ལན་གྲངས་སུམ་ཅུ་རྩ་གཉིས་སུ།།

བདུད་རྩི་མྱངས་པར་མཛད་དེ་ནམ་ལངས་བར།།

༥༡༡རྡོར་བཟླས་མཆོག་དང་འཆི་བ་ཆོས་སྐུ་དང་།།

བསྲེ་བའི་ཏིང་འཛིན་ལས་ལ་གཞོལ་བར་གྱུར།།

ཚེས་བཟང་ཉི་ཤུ་ལྔ་ཡི་སྔ་དྲོ་ལ།།

ཞབས་གཉིས་རྡོ་རྗེ་སྐྱིལ་མོ་ཀྲུང་མཛད་ཅིང་།།

༥༡༢ཕྱག་ཟུང་མཉམ་བཞག་མཛད་ཅིང་ཐུགས་དམ་ལ།།

གཅིག་ཏུ་ཞུགས་པས་ཉི་མ་ཤར་ཙམ་ནས།།

གློ་བུར་སྐུ་ཡི་གཟི་མདངས་ཆེར་རྒྱས་ཏེ།།

འཇམ་དཔལ་གཞོན་ནུས་རྒྱན་དང་ཆ་ལུགས་རྣམས།།

༥༡༣སྤངས་ཏེ་ཡང་དག་འཇོག་ལ་ཞུགས་འདྲར་གྱུར།།

དེའི་ཚེ་ལྟ་བས་མི་ངོམས་འོད་དཔུང་གིས།།

ཕྱོགས་ཀུན་དཀྲིགས་པས་སྐལ་ལྡན་འགའ་ཞིག་ལ།།

དམར་སེར་འོད་དུ་སྣང་ཞིང་ཁ་ཅིག་གིས།།

༥༡༤དཀར་སེར་ཉིད་དུ་མཐོང་ཞིང་གཞན་དག་ལ།།

བཙོ་མའི་གསེར་ལྟར་སྣང་བའི་ངོ་མཚར་འབར།།

དེ་ལྟར་བསྟན་འགྲོའི་ཉིན་བྱེད་ཞིར་མནལ་པས།།

མྱ་ངན་གདུང་བས་ས་གསུམ་འདར་སྙམ་བྱེད།།

༥༡༥མགོན་མེད་བུ་སློབ་སྐྱོ་བས་ནོན་བཞིན་དུའང་།།

ལྷའི་བུ་མངོན་སུམ་མཐོང་ཞེས་ཀུ་ཅོ་སྒྲོག།

འདི་འདྲའི་ངོ་མཚར་སྔོན་ཚེ་འཕགས་བོད་དུ།།

མཐོང་ཐོས་མེད་ཅེས་ངེས་དོན་མཁས་རྣམས་གླེང་།།

༥༡༦རྗེ་ཉིད་འཆི་བ་ཆོས་སྐུའི་རྣལ་འབྱོར་གྱིས།།

བར་དོ་སྒྱུ་མའི་སྐུ་རུ་མངོན་བཞེངས་ཏེ།།

ལོངས་སྤྱོད་རྫོགས་པའི་གོ་འཕང་མཆོག་བརྙེས་པའི།།

ཟག་མེད་རྒྱལ་བའི་དགའ་སྟོན་རོལ་པར་གྱུར།།

༥༡༧ནམ་མཁའ་ཇི་སྲིད་འགྲོ་བའི་དོན་ཉིད་དུ།།

འཇམ་དཔལ་སྙིང་པོ་སོགས་ཀྱི་རོལ་གར་གྱིས།།

མདོ་སྔགས་ཟུང་འབྲེལ་བསྟན་པ་སྤེལ་མཛད་པའི།།

རྒྱལ་བའི་ཁུར་ཆེན་འདེགས་འདི་རྨད་དུ་བྱུང་།།

༥༡༨དེ་ཡང་ཆོས་སྐུར་མཉམ་པར་བཞག་ཡུན་ལ།།

ཞལ་སྒོའི་ཐད་དུ་སྒྱུ་ལུས་མཚོན་བྱེད་དུ།།

ཆེད་དུ་སྤྲུལ་བཞིན་ཁ་དོག་སྣ་ལྔའི་འཇའ།།

གསལ་དྭངས་འོད་འཚེར་རྣམ་པར་བཀྲ་བས་འཁྱུད།།

༥༡༩དེ་དག་སྐབས་སུ་རླུང་རྡུལ་སྤྲིན་རྣམས་ཀྱིས།།

ནམ་མཁའ་ཤིན་ཏུ་དག་ཅིང་འཇིག་རྟེན་ལ།།

འོད་གསལ་མངོན་དུ་བྱས་པ་འདི་འདྲ་ཞེས།།

གསལ་བར་མཚོན་པར་བྱེད་ལྟར་ཞེ་དགུའི་བར།།

༥༢༠བྱུང་ཞིང་མར་མེའི་འོད་ཙམའང་གཡོ་མ་གྱུར།།

གཞན་ཡང་ཉིན་དང་མཚན་དུ་རོལ་མོའི་སྒྲ།།

སྣ་ཚོགས་གྲགས་ཤིང་ལྷ་ཡི་མེ་ཏོག་ཆར།།

དཀར་སེར་དམར་སྔོན་ལག་མཐིལ་ཙམ་པ་དང་།།

༥༢༡ཤིང་རྟའི་འཕང་ལོའི་ཚད་ཙམ་དཔག་མེད་བབས།།

བ་དན་བླ་རེ་ལྡ་ལྡིའི་དབྱིབས་ཅན་གྱི།།

འཇའ་ཚོན་འོད་ཀྱིས་བར་སྣང་གང་བར་སྤྲས།།

བུ་སློབ་དགེ་འདུན་བརྒྱ་ཕྲག་དུ་མ་ཡིས།།

༥༢༢རྒྱུད་སྡེ་མང་པོའི་དཀྱིལ་འཁོར་ཞལ་ཕྱེ་ནས།།

བླ་མ་རྡོ་རྗེ་འཆང་དང་དབྱེར་མེད་པར།།

གསོལ་འདེབས་ཕྱི་ནང་གསང་བའི་མཆོད་ཚོགས་ཀྱིས།།

མཉེས་བྱས་བདག་འཇུག་དབང་བླངས་སོགས་ཀྱི་སྒོས།།

༥༢༣དམ་ཚིག་སྡོམ་པ་རྣམ་པར་དག་བགྱིས་ཏེ།།

བྱང་ཆུབ་བར་དུ་འབྲལ་མེད་རྗེས་འཛིན་པའི།།

བསྔོ་སྨོན་དག་པས་དགོངས་རྫོགས་བླ་མེད་བསྒྲུབས།།

འདུལ་འཛིན་ཆེན་མོ་གྲགས་པ་རྒྱལ་མཚན་སོགས།།

༥༢༤ཆེན་པོ་དུ་མས་གཅིག་ཏུ་གསོལ་བཏབ་སྟེ།།

བསྟན་པའི་རྩ་ལག་དར་མ་རིན་ཆེན་མཆོག།

མི་འཇིགས་གསེར་གྱི་ཁྲི་ལ་མངའ་གསོལ་ཞིང་།།

རྗེ་ཡིས་སྔོན་ནས་ཐུགས་བཀོད་ནན་མཛད་པའི།།

༥༢༥རྣམ་པར་སྣང་མཛད་དངུལ་སྐུ་ལེགས་གྲུབ་པར།།

རབ་གནས་བྱིན་རླབས་འོད་ཀྱིས་སྒེག་པར་མཛད།།

དངུལ་དཀར་བྲེ་ཆེན་བཅོ་བརྒྱད་ཀྱིས་བསྐྲུན་པའི།།

ཕྲ་རྒྱན་སྤྲས་པའི་མཆོད་རྟེན་སྙིང་པོ་རུ།།

༥༢༦ཡབ་རྗེ་བླ་མའི་གདུང་རྟེན་ཡིད་བཞིན་ནོར།།

སྣམ་སྦྱར་གསོལ་ཞིང་ཙན་དན་སྒྲོམ་བཅུག་ནས།།

ཟླ་མེད་བསོད་ནམས་ཞིང་དུ་བཞུགས་སུ་གསོལ།།

སྣེ་གདོང་འབྲི་གུང་སོགས་ཀྱིས་ཐོག་དྲངས་ཏེ།།

༥༢༧དད་ལྡན་བུ་སློབ་རྣམས་ཀྱིས་ཆེད་བཞེངས་པའི།།

གཙུག་ལག་ཁང་དུ་གདུང་རྟེན་སྤྱན་དྲངས་ཚེ།།

འཇའ་དང་མེ་ཏོག་ཆར་གྱིས་བར་སྣང་གང་།།

བྱམས་ཆེན་ཆོས་རྗེས་རྭ་ཁ་བྲག་ཉིད་དུ།།

༥༢༨ དུས་མཆོད་བསྒྲུབ་ཕྱིར་དགེ་འདུན་སྤྱན་དྲངས་ནས།།

མཆོད་པ་རྒྱ་ཆེར་ཕུལ་ནས་གསོལ་བཏབ་པས།།

མེ་ཏོག་ཆར་བ་ཆེན་པོ་བབས་ཞེས་གྲགས།།

དེ་ནི་ལྔ་མཆོད་ཀུན་གྱི་ཐོག་མའོ།།

༥༢༩ ཐོས་བསམ་སྒོམ་པའི་ཚུལ་ལ་དབང་འབྱོར་བའི།།

སྲས་ཆེན་གཉིས་སོགས་བསྟན་པ་འཛིན་པ་ཡི།།

མཁས་གྲུབ་སྨྲ་བའི་ཁྱུ་མཆོག་དཔག་མེད་པས།།

གྲྭ་ས་བཞི་དང་རྒྱུད་གྲྭ་གསུམ་ལ་སོགས།།

༥༣༠ཆོས་ཀྱི་སྐྱེད་ཚལ་དུ་མ་བསྐྲུན་མཛད་ནས།།

དགོན་ལག་རི་བོས་གངས་ལྗོངས་ཁྱབ་གྱུར་ཏེ།།

བསྟན་པའི་གཞི་རྟེན་འདུལ་བའི་ལག་ལེན་དང་།།

རིམ་གཉིས་ཉམས་ལེན་ཟུང་དུ་འབྲེལ་བའི་ལུགས།།

༥༣༡ཕྱོགས་བཅུར་དར་བའི་རྫོགས་ལྡན་འདི་ཀོ་རྨད།།

ཉིད་ཀྱི་མཛད་རྣམ་དད་པའི་འཇུག་ངོགས་དང་།།

རིན་ཆེན་སྙེ་མ་ཀུན་ལས་བཏུས་སོགས་ལ།།

ལེགས་པར་གཏུགས་ཤིང་རྣམ་ཐར་ལོ་ཚིགས་རྣམས།།

༥༣༢ མཁས་པའི་དབང་པོ་བློ་བཟང་ཚུལ་ཁྲིམས་ཀྱི།།

ལེགས་བཤད་དག་ལ་བརྟེན་ནས་བྲིས་པ་ཡིན།།

མདོ་སྔགས་ཟབ་རྒྱས་བསྟན་པ་གསལ་བྱས་པའི།།

ཡབ་རྗེའི་མཛད་འཕྲིན་གངས་སེང་འོ་མའི་བཅུད།།

༥༣༣འཕགས་ཡུལ་སྙན་ངག་དབང་པོ་དཎྜི་ཡི།

ཚིག་རྒྱན་བུམ་པས་ཆ་ཙམ་བཟོད་མིན་ན།།

བདག་འདྲའི་ཐ་སྙད་སྤར་མོས་ག་ལ་ནུས།།

འོན་ཀྱང་རྗེ་ཉིད་དྲན་པའི་མོས་གུས་ཀྱི།།

༥༣༤ མེ་ཏོག་འདབ་བརྒྱ་དབང་མེད་བཞད་པ་འདི།

རང་དང་སྐལ་མཉམ་དད་པ་འཕེལ་བའི་ཕྱིར།།

བློ་བཟང་རྒྱལ་བའི་དགྱེས་འཛུམ་དཔལ་དུ་སྤྲོས།།

ཚུལ་འདིར་མ་བརྟགས་ནོངས་པ་ཅི་མཆིས་པ།།

༥༣༥རྣམ་འདྲེན་ཐབས་ཤེས་གཏེར་དང་དབྱེར་མེད་པའི།།

རིགས་གསུམ་སྤྱི་གཟུགས་བློ་བཟང་རྒྱལ་བ་དང་།།

དཔལ་ལྡན་ཡི་དམ་རྡོ་རྗེ་འཇིགས་མཛད་དང་།།

སྤྱན་ལྡན་སྲུང་མའི་ཚོགས་དང་ཁྱད་པར་དུ།།

༥༣༦མཐུ་སྟོབས་དབང་པོ་དམ་ཅན་ཆོས་རྒྱལ་དང་།།

དཔྱོད་ལྡན་མཁས་པའི་ཚོགས་ལ་སྙིང་ནས་བཤགས།།

འདིས་མཚོན་དགེ་བས་རིས་མེད་བསྟན་འཛིན་རྣམས།།

ཞབས་བརྟན་རྒྱལ་བསྟན་སྤྱི་དང་དགེ་ལྡན་པའི།།

༥༣༧རིང་ལུགས་ངེས་དོན་བཤད་སྒྲུབ་སྲོག་དང་བཅས།།

ཕྱོགས་བཅུར་རྒྱས་པས་འགྲོ་ཀུན་བདེ་ལྡན་ཞིང་།།

འཚེ་མེད་སྤྱོད་དང་ཡང་དག་ལྟ་བའི་མཐུས།།

འཛམ་གླིང་ཞི་བདེའི་དཔལ་གྱིས་ཁྱབ་གྱུར་ཅིག།

༥༣༨ བདག་ཀྱང་ཡབ་རྗེས་འབྲལ་མེད་རྗེས་བཟུང་ནས།།

མདོ་སྔགས་ཀུན་ལ་ཉིད་ཀྱི་བཞེད་དགོངས་ལྟར།།

ཉམས་བཞེས་རྩལ་གྱིས་སྲིད་པ་རལ་བྱས་ཏེ།།

མཐའ་དག་འགྲོ་བའི་ས་མཁན་བགྱིད་པར་ཤོག།

 ཅེས་པ་འདི་ནི་ཡབ་རྗེ་བླ་མ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ་མཆོག་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན་ནས་ལོ་འཁོར་དྲུག་བརྒྱ་དང་གཅིག་འཁོར་བའི་རྗེས་དྲན་དུ་མདོ་སྨད་བྱང་རྒྱུད་ཀྱི་ཆོས་གྲྭ་ཆེན་པོ་དཔལ་མི་འགྱུར་དྷཱིཿཚ་

དགེ་ལྡན་བཀྲ་ཤིས་ཆོས་སྡིངས་ཀྱི་གྲལ་མཐའ་འཛིན་པ་སྙོམ་ལས་པ་བཙུན་བརྙན་ཤར་པང་ཚུལ་ཁྲིམས་རྒྱ་མཚོས་རང་ལོ་སོ་དགུར་སོན་པ་འཛིན་གྲྭ་མཐར་ཕྱིན་གྱི་ཆོས་སྟོན་དང་ཉེ་བར་སྤྱི་ལོ་ཉིས་སྟོང་ཉི་ཤུ་ལོའི་ཧོར་ཟླ་ལྔ་བའི་ཚེས་བཅུ་གཉིས་ཉིན་རང་ཤག་ཏུ་རྫོགས་པར་བྲིས་པ་དགེའོ།།།།

                                                                                    རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།
    གསལ་འདེབས།
             རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn



བརྒྱུད་འགོད།