རྗེའི་བསྟོད་པ་ཀ་ལཱ་པ་ཞེས་བྱ་བ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2020-09-23 13:26:30     རྩོམ་པ་པོ།   བཙུན་པ་འཇམ་དབྱངས་ཁ་ཆེ    ཀློག་ཐེངས།  


ཀ་ལཱ་པ་ན་འཇམ་དབྱངས་གྲགས་པ་ལྟར།།

ཁ་བ་ཅན་འདིར་ཐུབ་བསྟན་འཛིན་པ་ལ།།

ག་ན་གནས་ཀྱང་འགྲན་ཟླ་མ་མཆིས་པ།།

ང་ཡི་གཙུག་གི་རྒྱན་གྱུར་ཙོང་ཁ་པ།།

ཅ་ཅོ་སྤངས་ཏེ་ལེགས་བཤད་སྒྲ་དབྱངས་སྒྲོག།

ཆ་ལུགས་མཛེས་པའི་ཆོས་གོས་རྣམ་གསུམ་འཆང་།།

ཇ་སོགས་སྲེད་སྤངས་གང་བྱུང་ཙམ་གྱིས་འཚོ།།

ཉ་ལྟོ་པ་དང་མཚུངས་པའི་ཙོང་ཁ་པ།།

ཏ་ཐཱ་ག་ཏས་ལུང་བསྟན་རྒྱལ་བའི་སྲས།།

ཐ་ཆད་གངས་ཅན་འགྲོ་བ་འདུལ་བ་ལ།།

ད་ལྟ་བློ་བཟང་གྲགས་པ་ཞེས་སུ་གྲགས།།

ནཱ་གཱ་རྫུ་ནའི་རྣམ་སྤྲུལ་ཙོང་ཁ་པ།།

པ་སངས་རྒྱུ་སྐར་དབུས་ན་ཟླ་བ་ལྟར།།

ཕ་རོལ་མཁས་མང་དབུས་ན་འགྲན་ཟླ་བྲལ།།

བ་ལང་བདག་ལྟར་བས་མཐར་གནས་བཅས་ཤིང་།།

མ་ཡེངས་སྒྲུབ་ལ་བརྩོན་པའི་ཙོང་ཁ་པ།།

ཙ་རི་ལ་སོགས་དབེན་པའི་གནས་རྣམས་སུ།།

ཚ་གྲང་འགལ་རྐྱེན་ཐམས་ཅད་ཁྱད་བསད་ནས།།

ཛ་ལང་ཅན་གྱི་རང་སེམས་འདུལ་བ་ལ།།

ཝ་ལེ་རྩེ་གཅིག་གནས་པའི་ཙོང་ཁ་པ།།

ཞྭ་བཟང་ཏོག་ལྟར་ཡོངས་འཛིན་གཙུག་ན་མཛེས།།

ཟ་མ་མཆོག་དང་གང་བྱུང་ཙམ་གྱིས་འཚོ།།

འ་ཅག་སྲིད་མཚོར་འཁྱམས་པའི་འགྲོ་བ་ལ།།

ཡ་མཚན་ཐར་ལམ་སྟོན་པའི་ཙོང་ཁ་པ།།

རྭ་ལོ་པ་ལྟར་བསྐྱེད་རིམ་མཐར་སོན་ཅིང་།།

ལྭ་བ་པ་ལྟར་རྫོགས་རིམ་མངོན་དུ་གྱུར།།

ཤཱ་རིའི་བུ་ལྟར་བདེན་པ་མངོན་སུམ་གཟིགས།།

ས་སྟེང་འགྲན་ཟླ་བྲལ་བའི་ཙོང་ཁ་པ།།

ཧ་ཅང་དང་བའི་ཡིད་ཀྱིས་གསོལ་འདེབས་ན།།

ཨ་དོན་སྐྱེ་མེད་སྟོན་པའི་ཙོང་ཁ་པ།།

ཆོས་གོས་ངུར་སྨྲིག་རྒྱལ་མཚན་འཛིན་པའི་སྐུ།།

ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་སྒྲོགས་པའི་གསུང་།།

ཆོས་དབྱིངས་ངང་ལས་གཡེལ་བ་མེད་པའི་ཐུགས།།

ཆོས་ཀྱི་རྒྱལ་བོ་རྒྱལ་བ་ཙོང་ཁ་པ།།

མཚུངས་མེད་ཆོས་རྗེའི་ཞབས་ལ་གསོལ་བ་འདེབས།།

༈རྒྱལ་བའི་རྒྱལ་ཚབ་དཔལ་ལྡན་བླ་མ་ལ།།

སླར་ཡང་སྒོ་གསུམ་གུས་པས་ཕྱག་འཚལ་ནས།།

དངོས་འབྱོར་ཡིད་ཀྱི་སྤྲུལ་པའི་མཆོད་སྤྲིན་དབུལ།།

སྔར་བསགས་སྡིག་པ་ཐམས་ཅད་སོ་སོར་བཤགས།།

དགེ་བ་སྒྲུབ་པ་ཀུན་ལ་ཡི་རང་ངོ་།།

གྲངས་མེད་འགྲོ་ལ་ཆོས་འཁོར་བསྐོར་དུ་གསོལ།།

གར་བཞུགས་མྱ་ངན་མི་འདའ་གསོལ་བ་འདེབས།།

འདིར་འབད་དགེ་བ་བྱང་ཆུབ་ཆེན་པོར་བསྔོ།།

ཞེས་པ་འདི་ནི་འདྲེན་མཆོག་ཆོས་ཀྱི་རྗེ།།

འཇིག་རྟེན་འདི་ནས་ཞིང་གཞན་གཤེགས་པ་ཡི།།

བདུན་ཕྲག་གསུམ་པ་ཚེས་པ་བཅོ་ལྔའི་ཉིན།།

དགེ་འདུན་ཚོགས་ནས་གསོ་སྦྱོང་མཛད་པའི་ཚེ།།

དམ་ཆོས་འབྱོར་བས་ལྷག་པར་བསྐྱངས་པ་ཡི།།

རང་གི་བླ་མ་ཡང་ཡང་དྲན་པ་དང་།།

ཚུལ་འདིས་གསོལ་བ་འདེབས་པར་འདོད་པ་ཡི།།

སྡེ་སྣོད་འཛིན་པ་གཞན་གྱིས་བསྐུལ་བའི་ངོར།།

ས་མཐའི་བཙུན་པ་བློ་གསལ་རི་ཁྲོད་པ།།

འཇམ་དབྱངས་ཁ་ཆེ་དུ་བྷ་པུ་ཎྱ་ཤྲཱིས།།

མང་ཐོས་སྒྲུབ་ལ་བརྩོན་པས་གང་བ་ཡི།།

དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་བཀོད།།

ཀྱེ་མ་སྙིགས་མའི་དུས་ཀྱི་འགྲོ་བ་རྣམས།།

རང་སྐྱོན་ཡོན་ཏན་བཞིན་དུ་དང་དུ་ལེན།།

གཞན་གྱི་ཡོན་ཏན་མཐོང་ཡང་སྐྱོན་བཞིན་འདོར།།

དེ་བས་ཕྱོགས་འདིར་སྨྲ་བའང་མི་རིགས་མོད།།

འོན་ཀྱང་ཐར་པ་དོན་གཉེར་སྐལ་ལྡན་གྱིས།།

རྒྱལ་བ་ཀུན་དངོས་དཔལ་ལྡན་བླ་མ་ལ།།

ཚུལ་འདིར་དད་པས་རྒྱུན་དུ་གསོལ་བཏབ་ན།།

གང་འདོད་དངོས་གྲུབ་འབྱུང་བར་ཐེ་ཚོམ་མེད།།

ཅི་ཕྱིར་ཞེ་ན་མདོ་རྒྱུད་དུ་མ་ལས།།

ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་མཆོད་པ་བས།།

མཚན་ཉིད་ལྡན་པའི་བླ་མ་དམ་པ་ལ།།

མཆོད་ན་བསོད་ནམས་ཆེ་བར་གསུངས་པས་སོ།།

འདི་ལྟར་བྲིས་ལ་ཉེས་པའི་ཚོགས་མཆིས་ན།།

བླ་མ་ཡི་དམ་བསྲུང་མར་བཅས་པ་དང་།།

གཟུར་གནས་མཁས་པའི་སྐྱེ་བོ་ཐམས་ཅད་ཀྱིས།།

བཟོད་པར་མཛད་ནས་ཚངས་པ་སྩལ་དུ་གསོལ།།

འདིར་འབད་དགེ་བས་ཚེ་རབས་ཐམས་ཅད་དུ།།

རྡོ་རྗེ་འཆང་དངོས་བླ་མས་རྗེས་བཟུང་སྟེ།།

ཅི་གསུང་བཀའ་བཞིན་ལེགས་པར་བསྒྲུབས་པ་ཡིས།།

རྫོགས་པའི་སངས་རྒྱས་གོ་འཕང་མྱུར་ཐོབ་ཤོག།

བཙུན་པ་འཇམ་དབྱངས་ཁ་ཆེས་མཛད།།མངྒ་ལཾ།

འཕྲིན་སྟེགས།便民文库ལས་བཤུས།

བརྒྱུད་འགོད།