སྒྲུབ་པའི་སྡེ་ཆེན་པོ་ངང་རུང་བཀྲ་ཤིས་ཆོས་འཕེལ་གླིང་གི་གནས་བསྟོད་ཕན་བདེའི་འདོད་པ་འཇོ་བའི་དབྱངས་སྙན་ཞེས་བྱ་བ་བཞུགས་སོ། །

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2020-06-05 16:50:31     རྩོམ་པ་པོ།   གཅན་རོང་ཚུལ་ཁྲིམས།    ཀློག་ཐེངས།  

微信图片_20200606190317.jpg

༄༅། །ཚོགས་གཉིས་ཟླ་བ་རྒྱས་པའི་བཞིན་རས་ལ། །

 ཐུགས་རྗེ་ག་བུར་འབུམ་གྱི་ཐིགས་ཕྲེང་ངོམ། །

འགྲོ་ཁམས་རྒྱ་མཚོ་ཀུད་མུ་ད་ཡི་གསོས། །

ཐུབ༵་དབ༵ང་སྨྲ་བའི་མགོན་ལ་གུས་ཕྱག་འཚལ། །

བློ༵་གྲོས་ཆུ་གཏེར་རྒྱས་པའི་རླབས་རིས་ཕྲེང་། །

བཟང༵་བོའི་རིམ་གཉིས་བརྗིད་ཆགས་ལྷུན་པོའི་དབང་། །

ཟུང་འཇུག་རིན༵་ཆེན༵་ཉི་ཟླའི་རྩེ་དགའ་ཅན། །

མགོན༵་པོ༵་མཚན་སྙན་འབར་བས་དུས་ཀུན་སྐྱོངས། །

འོ་མའི་ཆུ་གཏེར་འཕྱུར་བའི་རླབས་ཕྲེང་ལས། །

ཡན་ལག་མཆོག་ཏུ་མཛེས་པའི་ཟླ་ཞལ་ཅན། །

སྲིད་གསུམ་དངོས་ཀུན་རྟོགས་པའི་རྒྱུད་མངས་སྒྲ། །

བདག་ཡིད་མི་ཤིགས་འདབ་བརྒྱད་དབུས་སུ་རོལ། །

རྣམ་དཔྱོད་རིག་པ་མཁའ་ལས་གྲུབ་པ་ཡིས། །

སྨྲ་བའི་འབབ་སྟེགས་ལྗགས་རྩེ་གློག་ལྟར་གཡོ། །

ཕྱིར་རྒོལ་འཇོམས་པའི་སྤྲིན་རུས་ཚེམས་ཕྲེང་ཅན། །

མཁ༵ན་ཆེན༵་འཇ༵མ་དབྱང༵ས་རྒྱ༵་མཚོར༵་སྙིང་ནས་འདུད། །

ཕྱི་དུལ་ནང་གི་སེམས་རྒྱུད་འཇ༵མ།  །

མདོ་རྒྱུད་འཆད་ལ་སྙན་འཇེབས་དབྱ༵ངས། །

དོན་དང་མཐུན་པའི་ཉམས་བཞེས་ཆོ༵ས། །

དཔྱད་འཇོག་ཉིན་མཚན་དབྱེར་མེད་མཆོ༵ག །

གང་ཁྱེད་ཁྱིམ་ལས་བྱུང་མ་ཐག  །

འཇིག་རྟེན་འདུ་འཛིའི་སྒོ་གླེགས་བརྒྱབ། །

དམ་པའི་ཆོས་ཀྱི་བསྐྱེད་ཚལ་ལ། །

གཞན་དང་མི་མཚུངས་ཤུགས་ཀྱིས་བཞུགས། །

མདོ་རྒྱུད་གསང་བའི་མན་ངག་རྒྱ་མཚོ་ལས། །

དབང་རྒྱུན་ལུང་དང་རྗེས་གནང་གངྒའི་ཆབ། །

སྙན་དང་ཞལ་བརྒྱུད་ངག་གི་འབབ་སྟེགས་ལས། །

ལྷུག་པར་འཇོ་བའི་བཤེས༵་གཉེན༵་རྣམས་ལ་འདུད། །

རྒྱུད་སྡེའི་དབྱངས་རྟ་ལག་པའི་ཕྱག་རྒྱ་དང་། །

གར་ཐིགས་འབུད་དཀྲོལ་རོལ་མོ་ལ་སོགས་པ། །

གཅིག་ནས་གཅིག་ཏུ་བརྒྱུད་པའི་བཀའ་སྲོལ་མཆོག །

མ་ཉམས་གདམས་པའི་མགོན༵་དེར༵་ལན་བརྒྱར་འདུད། །

ཐུན་མཚམས་ཀྱིས་མཛེས་ལི་ཁྲིའི་མདངས། །

ཡེ་ཤེས་ཉི་མའི་ཟེར་བརྒྱ་ཡིས། །

ནམ་མཁའི་པགས་པ་མཐར་སྐྲོད་པ། །

ཀུན་གྱི་ཡབ་གཅིག་གནས་འདིར་བྱོན། །

ཐུགས་རྗེ་རི་དྭགས་མཚན་མ་ཅན། །

གདུལ་བྱ་འདབ་ལྡན་འབུམ་ཕྲག་གི  །

སྙིང་ལ་བདུད་རྩིའི་དཔལ་སྟེར་བ། །

འཕགས་མཆོག་ཕྱག་ན་པདྨོ་ཉིད། །

ཉི་མའི་གཉེན་གྱི་མདོ་སྔགས་ཚལ། །

ལོག་པར་འཁུ་བའི་གཉིས་འཐུང་ཚོགས། །

མ་ལུས་ཀླད་འགེམས་ཁ་ལྔ་བ། །

ལག་ན་རྡོ་རྗེ་ཁྱོད་མིན་སུ། །

འཇམ་དབྱངས་མཁྱེན་པའི་ཡེ་ཤེས་འཛུམ་ཟེར་གྱིས། །

བསྟན་འཛིན་བྱེ་བའི་པད་དཀར་ཆུན་པོའི་ཚལ། །

ལུང་རྟོགས་འདབ་བརྒྱའི་དྲི་ངད་གེ་སེར་རྡུལ། །

ཐུབ་བསྟན་ནོར་འཛིན་སྒེག་མོར་རྒྱན་དུ་སྤྲོས། །

མགོན་དེའི་གདན་ས་བཀྲ་ཤིས་ཆོས་གླིང་ཞེས། །

ཡོངས་སུ་གྲགས་པའི་གདུགས་དཀར་ཡུ་བ་ཅན། །

གནས༵་བསྟོད༵་ཕན༵་བདེའི༵་འདོད༵་པ་འཇོ༵་བ༵འི་དབྱང༵ས། །

རྣམ་དཔྱོད་གཡས་འཁྱིལ་དུང་གི་ཁོག་པ་ལས། །

རང་བཞིན་བརྗོད་པ་དབུགས་ཀྱིས་སྐུལ་བ་འདི། །

ཡེ་ཤེས་སྤྱན་གྱིས་གཟིགས་པའི་རྗེས་བཟུང་ལས། །

རང་ཆེ་མཐོན་པོའི་ཁྲི་ཡི་ཞབས་སྟེགས་དང་། །

ངན་པར་སྤྱོད་པའི་ཉེས་བཤད་འདི་ན་མེད།

ཉི་གཞོན་འཆར་ཁའི་སྣང་བ་ལ།  །

རབ་དགའི་མེ་ཏོག་འཛུམ་གྲོལ་ཡང་། །

མི་བཟད་སྤྲིན་རུས་སོ་ཅན་གྱིས།  །

རྨུགས་པས་མུན་པའི་རྒྱ་རུ་ཚུད། །

དེ་ཚེ་གྲོགས་བྲལ་གཉིས་སྐྱེས་གཞོན།  །

ནགས་ཀློང་སྟུག་པོའི་བྱ་འདབ་ལས། །

རང་ལུས་སྲུང་བའི་ཉིན་མཚན་དུ།  །

ཀུན་གཞི་ཤར་རིའི་རྩེ་ལ་ཕྱོགས། །

བརྣག་དཀའ་སྡུག་གིས་དམྱལ་བར་བྱས། །

བྱེས་པ་ལྷོ་མཐའི་ཡུལ་དུ་བཞུད། །

གནས་སྟངས་འགྲོ་དང་འདུག་པས་གསན།  །

བརྩེ་ལྡན་མཆི་མས་བྲང་ཁ་བརླན། །

དངོས་སུ་ངག་སྒོ་བསྡམས་ནས་བསྡད།  །

ལྐོག་ཏུ་ཕན་ཚུན་ཡིད་མ་ཆེས། །

སྨྲ་བའི་ལྕེ་ལ་ལྕགས་ཟྭ་བརྒྱབ།  །

གང་ཞིག་བསྒྲུབ་ལ་ཡིད་མ་ཆད། །

དེ་ལྟར་ན་ཡང་རང་གི་སེམས།  །

རྒྱ་མཚོའི་རླབས་དང་ལྷན་ཅིག་ཏུ། །

འགྲོགས་ནས་གནས་བསྟོད་རིན་ཆེན་རྒྱན།  །

རབ་མཛེས་ཕྲེང་བས་དོ་ཤལ་བཀོད། །

ནགས་ཀྱིས་བརྒྱན་པའི་རི་རྣམས་ཕྲེང་ལྟར་བསྒྲིགས། །

ཆུ་འཛིན་དཀར་བོའི་རས་ཀྱིས་སྨད་གཡོག་དཀྲིས།  །

སྣ་ཚོགས་དབང་བོའི་གཞུ་ཡིས་སྐེད་རགས་བཅིངས།  །

འདབ་བརྒྱ་མེ་ཏོག་སྟོང་གིས་ཕྲ་ཚོམ་བཀོད། །

ཞོགས་པའི་དུས་ཀྱི་གནས་མཆོག་ལྷིང་འཇགས་ཡུར། །

ཉི་གཞོན་ནགས་ཚལ་ཚང་ཚིང་དབུས་སུ་འཕྲོ། །

ཀྱག་ཀྱོག་ལམ་ཕྲན་དབེན་པའི་ཡུལ་དུ་འབྲེལ།  །

ལྗོན་ཤིང་མེ་ཏོག་ཚོགས་ཀྱིས་སྒོམ་ཁང་གབ། །

སྔོ་ལྗང་རི་བོའི་མདངས་ཀྱིས་སྤྲོ་བ་བརྟས།  །

ཉལ་འགྲོའི་ལྷང་ལྷིང་སྒྲ་ཡིས་རྣམ་རྟོག་འཇོམས། །

ཟང་ཟིང་འདུ་བྲལ་དབེན་པའི་གནས་མཆོག་ཏུ།  །

ཆོས་སྒྲ་མཁར་རྔ་ཏིང་ཤགས་ཉན་བྱའི་ཡུལ། །

རི་བོ་སྤྲིན་གྱི་གསེབ་ཏུ་ཟུག  །

ལྗང་རིར་མཚམས་སྤྲིན་འོད་ཀྱིས་འཁྱུད། །

ཆུ་བོ་ལྷང་ལྷིང་སྙན་འཇེབས་དང་།   །

སྲོད་དུས་བསིལ་ཞིང་གནམ་ངོ་དྭངས། །

ཐོས་སྒོམ་མྱོང་བས་རང་རིག་གསལ།   །

ཏིང་འཛིན་ལྷོད་ཀྱིས་བྱིང་རྒོད་བྲལ། །

མཉམ་བཞག་ཀློང་ནས་ཆོས་ཉིད་རྟོགས།  །

དྲང་སྲོང་ཐར་བར་གཤེགས་པའི་གནས། །

གངས་ལྡན་ཞིང་གི་གནམ་མཁའི་བུ་མོ་ལ། །

སྣ་ཚོགས་དགོན་སྡེ་རྒྱུ་སྐར་གྲངས་ཀྱི་ཚོགས། །

འདི་ན་གནམ་སྟོང་དུས་ཀྱི་པ་སངས་ཟླ།  །

ངང་རུང་ཆོས་གླིང་ཞེས་པ་བརྗོད་བྱ་ཡིན། །

ཤར་དུ་རྨ་ཀླུང་འབབ་པའི་ཁུག་སོ་རུ།  །

དྲུག་ལྡན་སྙེ་མའི་མགོ་ལྕོག་དུད་ཀྱིས་ཁུར། །

ལྷོ་རུ་བསེ་ཆེན་གཅན་ཚའི་སྤང་ཐང་དུ།  །

རྟ་ནོར་ལུག་གསུམ་རྒྱུ་སྐར་གྲངས་ལ་འགྲན། །

ནུབ་ཏུ་ས་འཛིན་ཆེན་པོ་བྲག་དཀར་དུ།  །

ཤྭ་རྐྱང་རི་དྭགས་ཚོགས་ཀྱིས་རྩེད་འཇོར་རོལ། །

བྱང་གི་ལྷ་ཆེན་སྲིན་པོ་དོན་འགྲུབ་ལ།  །

ཟུག་ངུ་ནད་བརྒྱ་འཇོམས་པའི་སྨན་གྱིས་གཏམས།  །

མཚམས་བཞིའི་རྨ་འགྲམ་སྣང་རའི་གྲོང་ཚོ་ནས།  །

ཀུན་མཁྱེན་ཆེན་པོ་འཇིག༵ས་མེད༵་དབ༵ང་བོ༵་འཁྲུངས། །

མེ་ཏོག་སྡུག་གུར་བཀྲ་བའི་ཡང་བཟང་ནས།  །

བློ༵་བཟང༵་བསྟན༵་པའི༵་རྒྱལ༵་མཚ༵ན་དཔལ་དུ་ཤར། །

རྨུགས་འཛིན་དཔལ་ལ་འགྲན་པའི་རྐ་ཕུག་ནས།  །

བློ༵་བཟ༵ང་དོན༵་གྲུབ༵་མཚན་གྱི་སྙན་པ་འབར།  །

སྨིན་ལེགས་འབྲས་ལྡན་སྐར་མ་ཐང་ཆེན་ནས།  །

འཇམ༵་དབྱང༵ས་མངོན༵་པར་དག༵འ་བའི་མེ་ཏོག་འཛུམ། །

དེ་ཡང་དབུས་ཀྱི་རི་ལ་གནས་བཅས་པ། །

རིགས་རུས་ཆོ་འབྲང་བཙན་པོའི་བརྒྱུད་པ་ཞིག །

གནས་མཆོག་མོག༵་ཀྱཱ༵་པདྨོའི་ལྟོ་བ་ལས། །

ཀུན་གྱི་བླ་ན་འབར་པའི་ཟླ་གཞོན་ཤར། །

དེ་ཚེ་སྔོན་གོམས་བག་ཆགས་སྤྲིན་གྱི་སྒྲས།  །

རྨ་བྱའི་ཡིད་ལ་བདེ་བ་ཆེར་རྒྱས་ཏེ།  །

འདུ་བྱེད་སྣ་ཚོགས་གཞན་དང་མི་མཚུངས་པས། །

ཡ་རབས་དམ་པའི་མདོངས་མཐའ་མངོན་པར་གསལ། །

སྔོན་ཚེ་སྟོན་པའི་རྒྱལ་བའི་ཡུམ་གསུངས་སྐབས། །

ཉིད་ཀྱིས་སྟན་སོགས་བཤམས་པར་མཛད་པ་ལྟར། །

ས་ཡི་སྟེགས་བུར་བཞེངས་ཏེ་བྱ༷་ཁྱུང༷་དང་།  །

བདེ༷་ཆེན༷་ཆོས་འཁོར་ཕྱོགས་སུ་བགྲོ༷་གླེང༷་བཏང་། །

ན་ཚོད་མེ་ཏོག་ཁ་ཕྱེ་སྟེ།  །

དམ་པའི་ལྷན་སྐྱེས་བཟང་བོའི་དྲི།  །

མངོན་པར་བརྟས་ཏེ་བདེ༷་ཆེན༷་ལ།  །

འགྲོ༷་ཞེས་ཡབ༷་ཡུམ༷་སྙན་དུ་སྤྲན༷། །

སྐྱེས་སྔོན་ལས་ཀྱིས་འབྲེལ་ཆེ་བའི།  །

བདེ་ཆེན་ཆོས་འཁོར་གླིང་མཆོག་གི  །

མཁས་མང་གཙུག་གི་རྒྱན་གྱུར་བ། །

བྲག༷་རྒན༷་བློ༷་བཟ༷ང་བཀྲ༷་ཤིས༷་བསྟེན༷། །

དམ་པའི་ཐུགས་ཀྱི་བུམ་བཟང་ལས།  །

རབ་བྱུང་ངུར་སྨྲིག་བདུད་རྩི་ཆབ། །

ཧུབ་ཀྱིས་བཞེས་ཏེ་སྙན་པོའི་མཚན།  །

འཇམ༵་དབྱང༵ས་རྒྱ༵་མཚོའི༵་བཀའ་ལུང་བསྩལ།  །

ཕྱོགས་ཆོས་ཚད་མའི་གཞུང་དོན་ལ། །

རྣམ་དཔྱོད་རིག་པའི་བགྲོ་གླེང་སྐབས། །

ཆུ༷་ཐོམ༷་གང༷་ལ༷་ཉ༷་ཆེན༷་ང༷་། །

མི༷་ཤོང༷ས་གཏམ་རྒྱུན་སྐབས་དེར་བཞག །

སྣ་ཚོགས་ཆོས་ཀྱི་གདོད་ལུགས་ལ།  །

སྐྱེ་འགག་གནས་གསུམ་དང་བྲལ་ཡང་། །

ངོ་བོ་ཉིད་དང་རང་བཞིན་ལ། །

སྒྲིབ་བྲལ་ཡོད་མེད་བརྒལ་རྟགས་བཏང་། །

དམ་པའི་མགོན་གྱིས་རྗེས་བཟུང་བཀའ་དྲིན་དང་།  །

ཐོས་བརྩོན་རིག་པས་དཔྱད་པའི་ཉེར་ལེན་ལས།  །

ནམ་ཞིག་ཤེས༷་རབ༷་མཆོག་གི་བཞིན༷་ལེག༷ས་མའི༷།  །

ཞལ༷་གཟིག༷ས་སྣང་བ་ཐོབ་པས་འགྲན་ཟླ་བྲལ།  །

རི་བོ་གནམ་མཁར་ལྡིང་བའི་མཐའ་བསྐོར་ཞིང་།  །

ལྷུང་ལྷུང་གཙང་བོའི་བཞུར་རྒྱུད་རབ་བརྒལ་ཏེ། 

ལེ་བར་སྟོང་ཕྲག་ཞབས་རྗེས་མེ་ཏོག་གིས།  །

ལྷ་ལྡན་འབྲས་དཀར་སྤུངས་པའི་གནས་སུ་བཞུད།  །

མཁས་གྲུབ་ངང་མོའི་ཁྱུ་དང་ལྷན་ཅིག་ཏུ།  །

རྣམ་དཔྱོད་སོར་བཅུའི་ཐལ་སྐད་གཅིག་གི་སྒྲས།  །

སྨིན་མའི་རི་མོ་རིང་ཐུང་རྩོད་པ་འགའ།  །

ལན་མེད་སྨྲ་བའི་ལྗགས་རྩེ་ས་ལ་འཕངས།  །

ཐོས་བརྩོན་རིག་པ་གོ་ལས་མ་ཐེག་ཅིང་།  །

ཉམས་རྟོགས་ཡོན་ཏན་གནམ་མཁར་མ་ཤོང་བར།  །

ཆོས་རྒྱུན་སུམ་བཅུ་ཕྱེད་ཀྱི་ཁང་བཟང་དུ།  །

མི་འཇིགས་བ་གམ་མཐོན་པོའི་ཁྲི་ལ་བཞུགས། །

ཐུབ་བསྟན་གངས་རི་དཀར་པོ་ལ།  །

འཆད་རྩོད་རྩོམ་པའི་གདོང་ལྔ་བ།  །

ཕྱོགས་གླང་གྲགས་པའི་ཟླ་བོ་ལ།  །

དཔུང་དུ་སྒྲིལ་བ་མཁན༵་ཆེན༵་བྱོན།  །

གསར་རྙིང་གངྒའི་ཆོས་རྒྱུན་ཀུན།  །

མང་ཐོས་ཛ་ཧུའི་ཁར་ཞུགས་ཏེ།  །

རིས་མེད་ལྗོན་པར་བསིལ་སྤྱིན་མཁན།  །

དགེ་འདུན་བསྟན༵་རྒྱམ༵་དབུ་འཕང་མཐོ།  །

ཐོས་དང་བསམ་པས་བློ་སྤྱངས་ཏེ།  །

ཉམས་བཞག་གཅིག་གིས་བདེན་གཉིས་རྟོགས། །

ཕྱག་ལེན་སྨན་གྱིས་ནད་བརྒྱ་བསྐྲད།  །

སྐྱ༵་ཀྱཱའི༵་པ༵ན་ཆེན༵་མངོན་པར་འཕགས། །

མདོ་རྒྱུད་གསང་བའི་མདུད་རྒྱ་གྲོལ།  །

ཡོན་ཏན་བུམ་ནང་མར་མེ་བཞིན། །

ཉམ་ཆུང་ཆོས་ཚུལ་ལེགས་བཞེས་པ།  །

དགེ༵་འདུན༵་དཔ༵ལ་ལྡན༵་བླ་ན་མཐོ།  །

ཟང་ཟིང་ནོར་ལ་མི་དགྱེས་ཤིང་།  །

ཐ་སྙད་ཚིག་རྗེར་མི་འབྲང་པར། །

མཉམ་བཞག་གར་གྱིས་མྱོས་པ་སྟེ།  །

མཁྱེན༵་རབ༵་རྒྱ་མཚོ༵འི་ཆུ་གཏེར་བརྡོལ། །

ན་ཚོད་སྙེ་མའི་མེ་ཏོག་གི    །

གང་བུར་ལུགས་གཉིས་འབྲུ་དྲུག་གཏམས།  །

གདུལ་བྱར་ཕན་བདེའི་དཔལ་སྟེར་བ།  །

ངག༵་དབ༵ང་རྒྱ༵་མཚོ༵འི་ལང་ཚོ་རྒོད། །

དམ་པའི་སྐྱེས་ཕྲེང་པདྨ་དཀར་པོ་ལ།  །

དད་སྟོབས་སྙིང་ལ་རྫོགས་པའི་བྷྲ་མ་ར།  །

ལོ་བ་རྨེ་རུས་མཆོད་པའི་རི་མོ་ནི།  །

མགོན་མེད་ཟས་སྤྱིན་དཔལ་ལ་རྣམ་པར་འཁུ། །

སེ་ཤིང་སྤེན་མའི་མེ་ཏོག་རྫིང་བུའི་མཐར།  །

ཐང་ཤིང་སྐྱེ་དངོས་ཁོར་ཡུག་མུ་ཁྱུད་ཅན། །

སེང༵་གེ༵་གནམ་དུ་འཕྱོ་འདྲའི་རི༵་ཁྲོད༵་དུ།  །

བདེ་ཆེན་དགའ་མར་རོལ་བ་ཤིན་ཏུ་ཤིས། །

རྫོགས་ཆེན་རྩལ་གསུམ་རྒྱས་པའི་མཁའ་ལྡིང་དབང་།  །

ཚོགས་དྲུག་རང་ནས་གྲོལ་བའི་ཐུགས་ཀྱི་སྲས། །

རང་སེམས་རང་གིས་ཤེས་པའི་རྟོགས་ལྡན་པ།  །

ཡོན༵་ཏན༵་རྒྱ༵་མཚོ༵་སྟོན༵་པ༵་སྐྱབ༵ས་གཉིས་མཚར། །

འཇིག་རྟེན་བྱེད་པོ་པིར་རྩེར་རབ་འཁྱུད་ཅིང་།  །

འདི་བྱེད་བཟོ་བོར་སྤྲུལ་བའི་སྙན་པ་ཅན། །

ལོ༵་བའི༵་ལྷ༵་བཟོ༵་བྱམ༵ས་པའི༵་དབྱར་རྔ་ནི།  །

རྒྱ་མཚོ་གོས་ཀྱི་ཁོངས་ལས་རིང་དུ་བརྒལ། །

ནང་དུ་བས༵མ་པའི་འདུ་ཤེས་ཟབ།  །

གཏ༵ན་དུ་མདོ་རྒྱུད་དོན་ལ་དཔྱོད།  །

ངེས་ཤེས་ཟབ་མོའི་རྒྱ༵་མཚོ༵་ལས།  །

མཁས་པའི་ནོར་བུ་ཕྱག་ཏུ་བཞེས། །

བསྟན༵་པའི་སྙིང་བོ་རིན་ཆེན་སྒྲོམ།  །

འཛིན༵་ལ་ཟླ་དང་བྲལ་གྱུར་བ། །

ཐོས་དང་ཉམས་བཞེས་རྒྱ༵་མཚོ༵་ཆེར།  །

འཁྱུགས་རྩལ་གསེར་གྱི་ཉ་མོའི་དཔེ། །

རྣམ་དག་དགེ༵་བའི་ཚོགས་ཀྱིས་བསྡམས།  །

རིག་པའི་འདུན༵་པ་རི་རྩེར་སྤོས། །

འཆད་དང་རྩོམ་པའི་ཆོས༵་ཀྱི་སྒྲ།  །

འཕགས་ཡུལ་མཁས་པའི་ཚོགས་སུ་འཕེལ༵། །

འཇིག༵ས་མེད༵་སྟོབས་བཅུ་མངའ་བའི་བཀའ།  །

ལུང་དང་རིག་པས་བརྡར་ཤ་བཅད།  །

ཟླ་མེད་སྟོང་ཕྲག་རྒྱ༵་མཚོ༵འི་དབུས།  །

རྨད་བྱུང་མཁས་པའི་ཁྱུ་མཆོག་བཞེས།  །

བློ༵་གྲོས་རིག་པའི་ཁྱུ་མཆོག་གིས།  །

བཟང༵་བོའི་ཆོས་ཚུལ་མཐའ་དག་རྟོགས། །

བསྟན༵་འཛིན༵་སྲོག་གི་ཀ་བ་ཁྱེད།  །

ཤེས་རབ་ལྷ་མོ་པིར་རྩེར་འཁྱུད།  །

ཡུལ་དུས་བསྐལ་བར་མ་བྱུང་བའི།  །

གནའ་དེང་ཟུང་གི་རིག་པའི་གནས། །

མ་ལུས་མཁྱེན་པའི་དཔའ་བོ་སྟེ།  །

ཡུལ༵་ལྷ༵་ཐར༵་ཞེས་སྙན་པ་འབར།  །

དེ་ལྟར་སྣོད་དང་བཅུད་ཀྱི་ཡོན་ཏན་ནི།  །

ངེས་པ་ལྔ་ལྡན་འོག་མིན་ཁང་ཆེན་ལས། །

ལེགས་བྲིས་མངོན་པར་དགའ་བའི་གྲོང་ཁྱེར་ལ།  །

མཚན་ཉིད་མཐུན་མིན་བདག་ཡིད་འཕྱང་མོ་ཉུག །

ཕྱོགས་ཀུན་ས་འཛིན་ཕྲེང་བས་ཡོངས་སུ་བསྐོར།  །

དག་བྱེད་ཉལ་འགྲོའི་ལྷང་ལྷིང་སྒྲ་འབྱིན་ཅིང་། །

ལྗོན་ཤིང་མེ་ཏོག་ཚོགས་ཀྱི་ལྡིང་ཁང་ན།  །

ཕྱོགས་ལས་རྣམ་པར་རྒྱལ་བའི་གནས་མཆོག་བརྗིད།  །

དཔལ་ཆོས་མཁན་ཆེན་འཇམ་དབྱངས་རྒྱ་མཚོ་ལ།  །

སྣང་མཐའི་ཟློས་གར་ཀུན་གཟིགས་ཡེ་ཤེས་དང་། །

ལྷ་ཆེན་ཚངས་པ་དུང་གི་ཐོད་ཅན་གྱིས།  །

གསལ་བར་ལུང་བསྟན་ངང་རུང་ཆོས་འཕེལ་གླིང་།  །

རྒྱབ༵་རི༵་རྗེ་བོ་གདོང་ལྔའི་གསེར་ཁྲི་ལ། །

བཞུགས་འདྲའི་བརྗིད་ཆགས་རྩེ་མོ་དགུང་ལ་བསྙེགས། །

ལྕོག་གི་ཆུ་འཛིན་གསར་བའི་གདེངས་ཀ་ལས།  །

ཀུན་གྱི་གསོས་གྱུར་སྤྲིན་གྱི་མེ་ཏོག་འབེབས། །

དེ་དང་ཆབས་ཅིག་དབྱར་གྱི་རྔ་བོ་ཆེ།  །

ཕྱོགས་ཀུན་དལ་གྱིས་སྙན་འཇེབས་སྒྲ་སྒྲོག་ཚེ། །

རྐང་འཐུང་སྒེག་མོའི་ཚོགས་ཀྱིས་འཛུམ་བསྟན་ཏེ།  །

རབ་མཛེས་རླུང་གི་རྒྱལ་མཚན་མགྲོན་དུ་འགུགས། །

དཀར་མོ་རྡོ་ཡི་ཐེམ་སྐས་སུ།   །

ཆལ་ཆིལ་འཐོར་བའི་ཟེགས་མའི་རྡུལ ། །

མུ་ཏིག་ལྟར་བུའི་དོ་ཤལ་གྱིས། །

ཕྱོགས་རྣམས་ཡོངས་སུ་བརླན་པར་བྱས། །

སྔོ་ལྗང་རབ་མཛེས་རྐང་འཐུང་ཚོགས།  །

ཡལ་ག་འདབ་མ་ཁྲུས་ལ་ཞུགས།  །

འཇམ་པོའི་རླུང་གིས་ལེགས་ཕྱིས་ཏེ།  །

མདངས་ཆགས་མེ་ཏོག་རྣམ་པར་བཀྲ། །

སྔོ་ཞིང་དྭངས་བའི་གནམ་མཁའ་རུ།  །

ཆུ་འཛིན་དཀར་བོའི་བར་གསེང་དུ། །

ཉི་མའི་ཟེར་བརྒྱ་སྤྲོ་བ་ཡིས།  །

བྱ་བྱིའུ་སྣ་ཚོགས་སྤྲོ་བས་བརྟས། །

རང་བྱུང་གོར་མོ་བརྩེགས་པའི་ཐེམ་སྐས་སུ།  །

བྱེད་པོའི་རྩལ་ལས་འགོངས་པའི་ལྷ་ཡི་ཤིང་།  །

བསེར་བུའི་རླུང་གིས་དལ་གྱིས་བསྐྱོད་པའི་ཚེ།  །

ཆུ་གཏེར་རླབས་ཕྲེང་གཡོ་བའི་དཔལ་ལ་བལྟ། །

བྲག་ལྡེབས་བྱ་སྐྱིབས་གཞལ་མེད་ཡིད་འོང་ངོར།  །

དམར་སེར་ཚོན་གྱི་རེ་ཁཱ་རྒོད་པ་ལ། །

རྡོ་རྗེ་འཇིགས་མཛད་ལྷ་དང་རྣམ་ཐོས་སྲས།  །

ཡན་ལག་འབྱུང་གི་སྐུ་བརྙན་རང་བྱུང་སྣང་།  །

དུས་བཞིའི་ཚ་གྲང་འཐབ་པའི་འབྱུང་འཇུག་གིས།  །

ཆར་རྒྱུན་ཁ་བའི་མེ་ཏོག་འགྱུར་ན་ཡང་། །

སྔོ་ལྗང་ལང་ཚོ་རྫོགས་པའི་མཛེས་སྡུག་ལ།  །

སྤྱན་སྟོང་ལྡན་པས་མཁའ་ལས་གཟིགས་མོར་མཛད། །

རྩ་བར་པད་དཀར་འཁྲི་ཤིང་ཨ་དཀར་དང་།  །

སྣ་ཚོགས་དྲི་ལྡན་མེ་ཏོག་བསྐྱེད་ཚལ་དུ། །

སྤྲང་རྩིའི་བཅུད་མྱོས་རྐང་དྲུག་འཕུར་ལྡིང་གིས།  །

རྣལ་མའི་དམ་ཆོས་སྒྲུབ་ལ་སྤྲོ་བ་སྟེར། །

སྔོ་ལྗང་ལང་ཚོ་སྡུག་གུ་མའི།   །

ཡལ་གའི་ཕྱག་ཟུང་སྣོད་ཡངས་པོར།  །

སྨིན་ལེགས་བྲོ་བའི་རོ་བརྒྱའི་ཟས།  །

བསམ་གཏན་འཚོལ་བར་སྲི་ཞུ་ཕུལ། །

ལྷང་ལྷིང་སྙན་འཇེབས་དལ་འགྲོ་མར།  །

ཝུ་བའི་འཛུམ་དཀར་རྩེ་དགའ་རྒོད། །

མཐོ་རིས་གངྒའི་ན་ཆུང་མས།  །

བདེ་ལེགས་སྒྲུབ་ལ་མཆོད་པར་བརྩོན། །

འཇམ་མཉེན་དྲོད་པའི་ལྗང་ལོ་དང་།  །

ཀ་ཤི་གོས་ལ་འགྲན་པའི་རྩྭས།  །

བྱང་ལམ་དོན་གཉེར་ཐུབ་པ་ལ།  །

གཏུམ་མོ་གསོ་བའི་ལས་ལ་ཞུགས།  །

གཡས༵་རིར༵་དམར་སེར་འདངས་ཀྱིས་རབ་འཁྱུད་པར།  །

ཞིང་སྐྱེས་སྔགས་སྐྱེས་ལྷན་སྐྱེས་མཁའ་འགྲོ་འདུས། །

སྤྲིན་བྲལ་ཉི་འོད་དྲོ་ཞིང་རྩི་ཤིང་རྒྱས། །

བསིལ་བུར་རླུང་གིས་བསྐྱོད་པའི་མཁའ་དབུགས་དྭངས། །

རང་བྱུང་ཉམས་དགའི་གནས་མཆོག་ཁྲ༵་ཚང༵་དུ། །

ཐུབ་བསྟན་གདུགས་ཀྱི་སྲོག་འཛིན་ཀོའུ་བ་དང།  །

གངས་ལྗོངས་མི་ལའི་ཟླ་བོ་གསེར་ཁང་རྗེ།།

གཡེར་གཤོང་སྔགས་འཆང་འཇམ་དབྱངས་བློ་གྲོས་སོགས། །

དཀྱིལ་ཀྲུང་མཉམ་བཞག་ཏིང་འཛིན་ཟས་བརྟེན་ནས། །

དབྱིབས་ལེགས་སྒྱུ་མའི་གཟུགས་དང་འོད་གསལ་སྐུ  །

སློབ་དང་མི་སློབ་ཟུང་འཇུག་བསམ་འཕེལ་དབང་། །

གཅིག་ཏུ་འདྲེས་པས་བཅུ་གསུམ་ས་ལ་གནས།  །

དེ་ཕྱིར་ལྟ་ན་སྡུག་པའི་ས་འཛིན་དབང་།  །

ཆུ་འཛིན་གདུགས་དཀར་གཡོ་བའི་གྲིབ་མ་ཅན། །

སུལ་མང་ནགས་ཚལ་བྱ་སྐྱིབས་གཞལ་མེད་ཁང་།  །

ཕན་བདེ་སྒྲུབ་པར་འདོད་རྣམས་གློ་བ་དགའ། །

གཡོན༵་རི༵་ཐེམ་པ་བརྩེགས་པའི་ཞིང་ས་རུ། །

དྲུག་ལྡན་འབྲུ་རིགས སྙེ་མ་སྣ་ཚོགས་ཀྱིས། །

ལུས་ཀྱི་འཇོ་སྒེག་ཉམས་ཀྱིས་གར་བསྒྱུར་ཏེ།  །

གཉིས་སྐྱེས་ངེས་ལེགས་སྒྲུབ་པར་འཛུམ་བག་སྟོན། །

མདུན་དུ་ཁོ་ལག་ཡངས་པའི་དཀྱིལ་འཁོར་དུ།  །

ཆུ་མིག་བཀོད་མ་ཆུ་ཕྲན་བརྒྱ་ཕྲག་རྣམས། །

གཅིག་ཏུ་འདྲེས་ཤིང་དལ་གྱིས་འབབ་པ་ནི།  །

ཡན་ལག་བརྒྱད་ལྡན་ཆུ་ལ་རྣམ་པར་འཕྱ། །

སྔོ་སངས་བུ་མོའི་རྔུལ་ཆུ་ཐིགས་པའི་རྡུལ།  །

ཀུན་བཟོད་སྒེག་མོར་འཁྱིལ་བའི་མེ་ལོང་ལ། །

སྣང་བྱེད་བདག་པོ་མཁའ་ལས་བཞིན་རས་ལ།    །

མཛེས་སྡུག་བྱི་དོར་བྱེད་པའི་ཆོ་གས་བྲེལ། །

དེ་ལྟར་ཆུ་མཚོར་འཇུག་པའི་སྨན་ལྗོངས་སུ།  །

འཁྲི་ཤིང་ཡལ་ག་འཐབ་པར་སྨིན་པའི་འབྲུ།  །

མཁའ་ལམ་སྤྱོད་པའི་གཉིས་སྐྱེས་སྣ་མང་གིས།  །

དྲུག་འགྱུར་ངག་གི་དབྱངས་ནས་ལོངས་སུ་སྤྱོད། །

དག་བྱེད་རླབས་ཀྱིས་ཤམ་བུ་གཡོ།  །

ཝུ་བས་མུ་ཏིག་ཟེགས་མ་འགྲེམ།  །

ལྷོད་ཀྱིས་བཞུར་པའི་ཉམས་འགྱུར་གྱིས།  །

རྨུགས་པའི་གཉིད་ལས་སངས་པར་ངེས ། །

དྭངས་བསིལ་ཡང་བ་གཡུ་ཡི་ཟླར།  །

ཉ་མོའི་འཁྱུགས་རྩལ་གར་ལ་རོལ། །

ངང་བའི་བུ་མོའི་མགྲིན་དབྱངས་ཀྱིས།  །

བསམ་གཏན་སྒོམ་པའི་ཏིང་འཛིན་གསོ།  །

ངོགས་སུ་སྟེར་སྡོང་འབྲུ་ལྡན་ཤིང་།  །

ལྗོན་ཤིང་ལོ་མས་སྒྲ་དབྱངས་འབྱིན།  །

སྨིན་ལེགས་རོ་ལྡན་སྒེག་འཆང་མས།  །

ཟུང་འཇུག་སྒྲུབ་པར་གསོལ་ཚིགས་འདྲེན།

ཉི་མའི་གྲོགས་སུ་གྱུར་བའི་ཆུ་སྐྱེས་གཞོན།  །

འདབ་སྟོང་སོ་ཕྲེང་བཞད་པའི་གེ་སར་རྡུལ། །

རྐང་དྲུག་འདོད་ལ་སྲེད་པའི་ཁྱུ་ཚོགས་རྣམས།  །

རིང་ནས་བྲེལ་བའི་རོ་བརྒྱའི་བཅུད་ལ་སྤྲོ། །

མདུན༵་གྱི་རི༵་བོ་རྡོ་རྗེ་འགྱིངས་བག་མར།  །

རྐང་འཐུང་ལྡེམ་ལྡེམ་གར་སྟབས་གཡོ་བ་ལ། །

རོ་བརྒྱའི་དཔལ་ལ་འཁུ་བའི་ཤིང་ཏོག་དང་།  །

དཀར་དམར་མེ་ཏོག་རྒྱུ་སྐར་གྲངས་ལ་འགྲན། །

རྩིབས་སྟོང་འཁོར་ལོའི་དབྱིབས་ལེགས་ཐང་ལྡན་ཤིང་།  །

མུ་ཁྱུད་ཟླུམ་པོ་འཁྱིལ་འདྲའི་རྩེ་མོ་ན། །

དཔྱིད་ཀྱི་དགའ་སྟོན་འགུག་པའི་ཕོ་ཉ་མོས།  །

དྲུག་འགྱུར་ངག་གི་ལམ་ནས་གླུ་དབྱངས་ལེན། །

གཡུ་ལོ་གར་སྟབས་རྒྱས་པའི་ནགས་མའི་ཀློང་།  །

ལྷོ་ཕྱོགས་དྲི་བཞོན་ཕོ་ཉས་བསྐྱོད་པ་ན། །

དབྱངས་ཅན་སོར་མོའི་འདེགས་འཇོག་རོལ་མོ་ལ།  །

ཆགས་ནས་རི་དྭགས་ཚོགས་ཀྱིས་ངལ་བ་བསྟེན། །

དེ་ཡི་གཡས་གཡོན་འཁོར་གྱི་ལྷ་མོ་ནི།  །

དགོ༵ན་གཞིས༵་རི་དང་ཀློང༵་རི༵་རྣམ་གཉིས་ལའང་། །

ཨིཎ་ཊ་ནི་ལའི་མདངས་འཛིན་ནགས་ཚལ་དུ།  །

འདབ་ཆགས་བྱ་བྱིའུ་ཚོགས་ཀྱིས་སྐད་སྙན་སྒྲོག  །

བཅུ་དྲུག་ལོ་ཅན་གཉེན་ལྕུག་ལུས་ཕྲ་མའི།  །

ལན་བུ་ཡལ་འདབ་སྣ་ཚོགས་མེ་ཏོག་ཕྲེང་། །

དཔྱིད་རླུང་དལ་གྱིས་གཡོ་བའི་གོམ་སྟབས་ནི།  །

ཟླ་བའི་ལྷ་མོའི་དཔལ་དང་ཅིས་མི་མཚུངས། །

དབྱིབས་ལེགས་བྲག་དཀར་ཐེམ་པ་ཕྲེང་ལྟར་བསྒྲིགས། །

ལྗོན་ཤིང་མེ་ཏོག་སྟོང་གིས་ཀུན་ཏུ་མཛེས། །

སྤོས་ཀྱི་ཤིང་དང་སྨན་གྱི་མྱུ་གུས་གཏམས། །

ཉམས་དགའི་ནེའུ་བསེང་ནགས་ཀྱི་ཁྱུད་མོས་བསྐོར། །

དཔྱིད་དུས་ལྗང་ལོ་ཁད་ཀྱིས་འབུས།  །

དབྱར་ཟླར་འདབ་བརྒྱའི་མེ་ཏོག་བཞད།  །

སྟོན་ཀ་ཤིང་འབྲས་དུད་ཀྱིས་ཁུར།  །

དགུན་གཞུང་ཆབ་རོམ་གུར་གྱིས་ཕུབས།  །

དབང་སྔོན་ལྷ་ཡི་རྫིང་རིང་ལ།  །

གནམ་མཁའི་གླང་བོ་འབྱུང་འཇུག་གིས།  །

རྟེན་འབྲེལ་རྒྱལ་བོ་སྟོང་བ་ལས།  །

སྒྱུ་མའི་འཕྲུལ་གྱི་འཇའ་རིས་སྟོན།  །

བར་སྣང་རྒོད་པོ་སྒྲོ་ཐུལ་ཅན།  །

སྤྱན་རས་སྟོང་བའི་ཁམས་ཡངས་སུ།  །

འདབ་གཤོག་བརྐྱངས་པའི་ལྡིང་སྐོར་གྱིས།  །

བྱང་སེམས་འཕེལ་བའི་གྲོགས་སུ་སྤྲོན།  །

རྩ་བར་རྐང་འཐུང་ཡལ་གའི ་རྩེར།  །

གཉིས་སྐྱེས་ཚོགས་ཀྱི་མགྲིན་པའི་དབྱངས།  །

དལ་གྱིས་འཐེན་པའི་སྙན་འཇེབས་ཀྱིས།  །

དགེ་བར་འདུན་ལ་སྤྲོ་བ་འབྱིན།  །

བདེན་གཉིས་གཅིག་འདྲེས་འོ་མའི་མཚོར།   །

ཟུང་འཇུག་བསམ་འཕེལ་དབང་གི་རྒྱལ།   །

བདེ་རླག་འདོད་པའི་རྣལ་འབྱོར་བར།  །

མགྲོན་དུ་འགུགས་པའི་གཡབ་མོ་བྱེད།  །

དྲོད་སྐྱིད་ཉི་འོད་འཁྱིལ་བའི་གནས་མཆོག་ཏུ།  །

དཀར་དམར་ཚོན་རྩི་བཀྲ་བའི་གྲྭ་ཤག་རྣམས།  །

ཆུ་སྐྱེས་ལྷུན་པོར་སྤུངས་པའི་གདེངས་ཀ་ལ།  །

འཁྲུལ་ནས་སྤྲང་མའི་ཚོགས་རྣམས་ཡང་ཡང་འཁོར།  །

བྱེད་པོའི་ཁང་བཟང་ས་ལ་འཕོ་འདྲ་སྟེ།  །

ལྷ་ཁང་བཀྲ་ཤིས་གཟི་འོད་འབར་བ་དང་།  །

བརྗིད་ཆགས་ལྷུན་པོར་འགྲན་པའི་གན་དྷོ་ལར།  །

ཆོས་འཁོར་རྒྱལ་མཚན་གསེར་གྱི་རང་མདངས་མངོན།  །

གསེར་ཟངས་སྨན་སྐུ་རས་བྲིས་ལྡེབས་རིས་ལ།  །

རིན་ཆེན་མུ་ཏིག་མཆོང་གཟི་ལ་སོགས་པའི།  །

བཀོད་ལེགས་རྒྱན་གྱིས་སྤྲོས་པའི་མཛེས་སྡུག་གིས།  །

སྣང་བྱེད་འོད་ཟེར་བཀྲ་བའི་ལམ་ཡང་འགོག །

རིན་ཆེན་ཚལ་དང་སྣག་ཚས་དཔར་མ་ཡིས།  །

བཀའ་དང་དགོངས་འགྲེལ་བསྟན་བཅོས་མཐའ་ཡས་པར། །

ཐགས་བཟང་འཇའ་རིས་འཁྱུགས་པའི་ན་བཟའ་ཡིས། །

ལེགས་བྲིས་བརྒྱ་བྱིན་གཞུ་ལ་སྐྱེངས་པ་སྟེར། །

ཕྱི་རུ་འདུལ་བའི་བསྟན་ལ་རབ་ཏུ་གནས།  །

ནང་དུ་གསང་སྔགས་སྤྱོད་པའི་བརྟུལ་ཞུགས་ཀྱིས། །

སྒྲུབ་མཆོད་ཆོ་གའི་དབྱངས་དང་ལྷན་ཅིག་ཏུ།  །

འདུས་པའི་རིམ་ལྔར་དབང་བའི་རྣལ་འབྱོར་མང་།  །

རྒྱལ་ཀུན་མཁྱེན་པའི་ཤེས་རབ་རྩལ་འཆང་ཞིང་།  །

འཕགས་མཆོག་སྟོང་གི་ཐུགས་རྗེ་ལྟོ་བར་འཁྱིལ། །

གདུལ་བྱ་ཐར་བར་འདྲེན་པའི་ཤིང་རྟ་བ།   །

མཁན་ཆེན་འཇམ་པའི་དབྱངས་ཀྱི་གནས་འདི་ལ།  །

སྨྲ་བའི་དབང་ཕྱུག་ད༵གེ་འདུན༵་ཟླ༵་གྲག༵ས་དང་། །

ཀོའུ༵་བ་དགེ༵་ལྷུན༵་ངག༵་དབང༵་བསྟན༵་འཛིན་དང་། །

སྐུ་མཆེད་བློ༵་བསྟན༵་ཆོས་རྗེ་ཞབས༵་དཀར༵་རྣམས།  །

ཞབས་ཀྱི་མཐིལ་རིས་བཀོད་དེ་བྱིན་རླབས་མཛད། །

མདོ་སྔགས་ལམ་གྱི་སྙིང་བོ་གཞི་གཅིག་ཏུ།  །

མ་ལུས་ཡོངས་སུ་དྲིལ་བའི་སེམས་དཔའ་མཆོག  །

ལཱ་མོ་བློ༵་བཟ༵ང་དགེ༵་འདུན༵་བསྟན༵་རྒྱན༵་ནི།  །

སྡེ་འདིར་སྤྱན་རས་གཟིགས་པ་བླ་ན་མེད།  །

མཐའ་ཡས་སྐྱེ་དགུའི་སྐྲ་ལོའི་རྡུལ།  །

ཞབས་སེན་ནོར་བུའི་དོ་ཀེར་བཅིངས།  །

འདི་ཕྱིའི་གཏན་གྱི་སྐྱབས་གཅིག་བུ།  །

མཉྫུ༵་ས༵ཾ་གྷ༵་ས༵་ར༵་བཞུགས།  །

ཤར་ཕྱོགས་རིག་པའི་དཔའ་བོ་ཆེ།  །

དུས་འདིར་བཤེས་གཉེན་ཚུལ་བཟུང་བ།  །

བློ༵་བཟང༵་རྒྱལ་བའི་མདོ་སྔགས་ཟུང་།  །

བཤད༵་སྒྲུབ༵་རྒྱ༵་མཚོའི༵་མགོན་དེས་སྤེལ། །

འདུ་འཛི་བྲལ་བའི་རི་སུལ་དུ།  །

ཡེ་ཤེས་མེ་ཡིས་དུག་གསུམ་མཚོ།  །

བསྲེགས་ཟད་མེ་ལྷའི་ཞལ་མངའ་བ།  །

རིག༵་པའི༵་འདོད༵་འཇོ༵འི་ཡང༵་སྤྲུལ༵་ཕེབས། །

ལྔ་རིག་མཁས་པའི་རིན་ཆེན་སྒྲོམ།  །

མི་ཤིགས་རྡོ་རྗེའི་གུར་ཁང་དུ།  །

སྦས་པའི་ཚུལ་གྱིས་ཉམས་བཞེས་ཅན།  །

མདོ༵་བའི༵་ཞབ༵ས་དྲུང༵་ཆེན་པོའང་བཞུགས། །

བློ༵་བཟང་རྒྱལ་བའི་མན་ངག་མཚོར།  །

བཟང༵་བོའི་ཐུགས་ཀྱིས་ལེགས་བརྒལ་ཏེ།  །

མཁས༵་གྲུབ༵་དམ་པའི་རིན་ཆེན་ནོར།  །

རྒྱ༵་མཚོ༵ས་འཛིན་མའི་ཁྱོན་ལ་བརྡལ།  །

འཇམ༵་དཔལ་རྡོ་རྗེའི་གསང་བའི་གླུ།   །

དབྱང༵ས་རྟ་གཅིག་གིས་ཉེར་དྲངས་ཏེ།  །

རྒྱ༵་མཚོའི༵་གོས་ཅན་ནོར་འཛིན་མ།  །

སྙན་པར་གྲགས་པས་བསྒུལ་བར་བྱས།  །

བློ༵་གྲོས་དབྱངས་ཅན་ངག་གི་ལྷ།  །

བཟང༵་བོའི་ཐུགས་སུ་རབ་འཁྱུད་ཅིང་།  །

བསྟན༵་པའི༵་ཡང་སྙིང་གནད་ཀྱི་ཕུལ།  །

བདེ་དང་སྟོང་བའི་ལམ་བཟང་བསྩལ། །

ཡོན་ཏན་དྲི་བསུང་འཐིབས་པའི་གནས་མཆོག་ཏུ། །

ཐུགས་རྗེའི་ཕྱག་རིང་བརྐྱངས་པའི་མཁས་རྣམས་ཀྱིས། །

བདུད་རྩིའི་ཐིགས་པ་རིས་སུ་མ་ཆད་པར།  །

འགྲོ་ལ་བསྟབས་པའི་རྣམ་ཐར་གྲངས་ལས་འདས།  །

འདི་ན་མི་གཙང་རྙོག་ཆུ་མ་འཐུང་ཞིང་།  །

ལོག་འཚོ་འདམ་གྱི་ངོགས་སུ་མ་བརྒལ་བར།  །

རྣམ་དཔྱོད་བློ་གསལ་ཅན་གྱི་འདུས་སྡེ་ནི།  །

ལྷ་མི་འགྲོ་བའི་ཉེར་འཚོ་གྲུབ་པའི་གཞི།  །

སྤོས་ཀྱིས་མ་བྱུགས་ཁྲིམས་ཀྱི་དྲི་ཞིམ་ཁྱབ།  །

སྣང་བའི་མར་མེ་མ་སྒྲོན་ཏིང་འཛིན་གསལ།  །

རྫས་བརྒྱད་རྡུལ་གྱིས་མ་གྲུབ་ལྷག་མཐོང་བརྟན།  །

མ་བཅོས་ལྷན་གྱིས་འཇོག་པའི་རྣམ་འབྱོར་མང་། །

འཛམ་བུ་གོ་ལའི་ཁྱོན་ལ་ལུགས་གཉིས་ཀྱི།  །

ངེས་དོན་སྣང་བྱེད་རྟ་བདུན་འོད་ཟེར་གྱི།  །

རྣམ་དཔྱོད་པདྨོའི་རྩེ་དགའ་སྣུམ་པོ་ཡིས།  །

ཕྱོགས་སུ་ཁྱབ་པའི་བློ་གསལ་འདི་ན་ཡོད།  །

འདི་ནི་སྔོན་བྱོན་དམ་པའི་སྙན་ངག་གི  །

རྗེས་སུ་འགྲོ་བ་ཞེས་ན་ཐལ་ཆེ་ཡང་།  །

ཤིན་ཏུ་མུན་པའི་ཁྲོད་ན་སྣང་གསལ་སྒྲོན།  །

རང་འོད་དཀར་བའི་སྣང་བ་ཅིས་མ་ཡིན། །

འདི་ལྟར་འབད་པའི་དགེ་བ་ཡིས།  །

བྱང་ཆུབ་སེམས་ཀྱིས་རྒྱུད་ཕྱུག་ཅིང་།  །

བདེན་གྲུབ་འཆིང་བ་ལས་གྲོལ་ཏེ།  །

ཆོས་སྐུའི་རང་ཞལ་མཐོང་བར་ཤོག  །

གཉིས་སྣང་གནམ་མཁའི་གླང་བོ་རྟ།  །

དབེན་གསུམ་རྡོར་བཟླས་རླུང་ཤུགས་ཀྱིས། 

ཆུ་འཛིན་དག་པའི་དཔེའི་གནམ་མཁར།  །

སྒྱུ་མའི་འཇའ་རིས་འཆར་བར་ཤོག  །

དབང་བོའི་གཞུ་དེ་ཀུན་གསལ་མའི།  །

ཡང་ཡང་མཁའ་རུ་ཐིམ་དང་ལྷན།  །

དོན་གྱི་ཁམས་ལས་སྣང་བྱེད་ཀྱིས།  །

ལུས་ཅན་མུན་པ་སེལ་གྱུར་ཅིག  །

ཆུ་གཏེར་མུ་ཁྱུད་ཅན་གྱི་གོ་ལའི་ཁྱོན།  །

རང་ཡུལ་ཐབས་ཀྱིས་སྲུང་བའི་དམག་དཔུང་དང་། །

གཞན་གཞོམ་མེ་ཤུགས་མདའ་དང་རྡུལ་ཕྲན་རྫས། །

མྱུར་དུ་སྤངས་ཏེ་ཞི་བདེར་གནས་གྱུར་ཅིག  །

ཐོས་བརྩོན་རིག་པས་དཔྱད་པ་ལུང་གི་ཆོས།  །

སྒོམ་འཇོག་མྱོང་བས་གྲུབ་པ་རྟོགས་པའི་ཆོས། །

ཁ་མིན་སྙིང་ནས་ནམ་ཡང་འཛིན་པ་ལས།  །

གྲོང་མྱུལ་དཀོར་གྱིས་རྒྱགས་པར་མ་གྱུར་ཅིག །

ཁྲ༷་ཁྲ༷་གསེར་སྐུ་ལི་མར་མི་དགྱེས་ཤིང་།  །

རྫིག༷་རྫིག༷་འདུ་ཁང་བརྗིད་པོར་མི་སྤྲོ་བར། །

ཏག༷་ཏག༷་བར་མར་གནས་པའི་དགོན་སྡེ་རུ།  །

ནང་གི་དཀྱིལ་འཁོར་ལྷ་ལ་བརྩོན་པར་ཤོག །

དུས་ཚོད་ཕར་འགྲོར་འགྱོད་པ་མི་སྐྱེས་ཤིང་།  །

འཆི་བ་ཚུར་ཡོང་འཇིགས་སྐྲག་མི་སྐྱེས་པར།  །

རུས་པ་དཀར་བོ་འཇག་གསེང་འཐོར་བར་དུ། །

འཇིག་རྟེན་སོ་ཚིས་དོན་ལ་མི་བརྩོན་ཤོག  །

རྗེ་དཔོན་ཧམ་ཟས་གཡོ་སྒྱུའི་སྐྱོན་བྲལ་ཞིང་།  །

འབངས་རྣམས་རྨོངས་དད་རྒྱ་ལས་གྲོལ་བ་ཡིས། །

མཛའ་བརྩེ་གསེར་གྱི་རི་རྒྱལ་ལྷུན་པོ་ལ།  །

ཆོས་སྲིད་ཉི་ཟླའི་འོད་སྣང་འཆར་བར་ཤོག  །

ལྗང་མདོག་མིག་དབང་འཕྲོག་པའི་འབྲོག་ཐང་དུ།  །

དོན་མེད་རྩྭ་ཆུ་རྩོད་པའི་བླུན་པོ་འགའི།  །

འཕུང་བྱེད་རྡོ་དང་མདུང་གྲི་འུར་ལྕག་རྣམས།  །

རིང་དུ་དོར་ནས་རང་རིགས་ངེས་པར་ཤོག  །

སྔོན་གོམས་བག་ཆགས་དྲི་མ་ཡིས།  །

མཐོ་དམན་ཀུན་ལ་ཡོངས་གནས་པ།  །

བཀས་བཀོད་རྒྱུད་འཛིན་རྨོངས་པ་ཡི།  །

འཆིངས་རྒྱ་བ་ལས་གྲོལ་གྱུར་ཅིག  །

དུས་དང་ཁོར་ཡུག་ལ་མཐུན་པས།  །

མི་རིགས་ཤིག་གི་འཚོ་གནས་རྟེན།  །

ཤ་མར་རྩམ་དང་འོ་ཞོ་རྣམས། །

སྤོངས་སྐུལ་མཁན་པོར་མི་འགྱུར་ཤོག །

རྗེས་ལུས་ཤོ་ཆང་མི་བཞེས་ཤིང་།  །

ཡིག་རྨོངས་ལོག་ཆོས་མི་སྤེལ་ཏེ།  །

ཡོད་ཚད་ཆོག་ཤེས་མི་གནས་པར།  །

ཟ་ཐང་ལོངས་སྤྱོད་རྒྱས་པར་ཤོག  །

མདོར་ན་རང་གི་སྤྱོད་ལམ་ཅི་བྱེད་ཅིང་།  །

ཕྲག་དོག་མཆེ་བས་གཞན་ལ་མི་རྨུགས་པར།  །

དོན་དམ་ཀུན་རྫོབ་བྱང་ཆུབ་སེམས་མཆོག་གིས།  །

འགྲོ་ཀུན་ཕན་བདེའི་གསོས་སུ་བདག་གྱུར་ཅིག །

སྔོན་བྱོན་དམ་པའི་ལེགས་བཤད་རྔ་གསེང་དང་། །

དྲིན་ཆེན་ཟླ་མེད་བཤེས་ཀྱི་ཆུ་འཛིན་ལས།  །

རྨོངས་པ་དུག་གསུམ་ཟ་བའི་མངལ་འཛིན་མས། །

བསྟོད་ཚིག་མདོངས་མཐའི་སྒྲོས་ཀྱི་གུར་འདི་ཕུབས། །

ཅེས་སྒྲུབ་པའི་སྡེ་ཆེན་པོ་ངང་རུང་བཀྲ་ཤིས་ཆོས་འཕེལ་གླིང་གི་གནས་བསྟོད་ཕན་བདེའི་འདོད་པ་འཇོ་བའི་དབྱངས་སྙན་ཞེས་བྱ་བ་འདི་ནི།  མཁན་ཆེན་འཇམ་པའི་དབྱངས་སྐུ་འཁྲུངས་ནས་མི་ལོ་༣༣༡དང་རང་དགོན་ངང་རུང་བཀྲ་ཤིས་ཆོས་འཕེལ་གླིང་ཕྱག་འདེབས་གནང་ནས་མི་ལོ་༢༨༠་འཁོར་བའི་ལོར།  ཤཀྱཱའི་རྒྱལ་བོའི་ན་བཟའ་ལ་ལོངས་སྤྱོད་པའི་འཁྱམས་པོ་འདུ་ཤེས་གསུམ་པ་བློ་བཟང་ཚུལ་ཁྲིམས་སམ་མིང་གཞན་ཕྱོགས་སྟོན་དུ་འབོད་པས།  དགོན་འདིས་སྐུ་སྐལ་གསོལ་རས་གནང་་བའི་ཟས་རིན་ཙམ་གྱི་ཕྱིར་དུ་ཕུལ་པ་འདིས་རྣམ་པ་ཐམས་ཅད་དུ་དགེ་བར་གྱུར་ཅིག །

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།