འཇམ་མགོན་བླ་མ་ལ་བསྟོད་པའི་རབ་ཏུ་བྱེད་པ་ཀ་ལ་པིངྐའི་གླུ་དབྱངས་བཞུགས་སོ།།

ཡོང་ཁུངས།   དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-03-19 13:01:59         ཀློག་ཐེངས།  

    ༄༅།། བློ་བཟང་དབྱངས་ཅན་ངག་གི་དཔལ་མངའ་བ།། གྲགས་པའི་རྫ་རྔ་ཕྱོགས་ཀྱི་མཛེས་མས་བརྡུང།། དཔལ་ལྡན་མཁས་པ་ཀུན་གྱི་མགོས་གཏུགས་པ།། ཁྱོད་ཀྱི་ཞབས་ལ་བདག་ཀྱང་ཕྱག་བགྱིད་དོ།། ངོ་མཚར་ཟད་མི་ཤེས་པ་ལུང་རྟོགས་ཀྱི།། ཡོན་ཏན་རིན་ཆེན་འབྱུང་གནས་གཏིང་དང་མཐའ།། རྒྱལ་ཀུན་མཁྱེན་པའི་དཔལ་དང་ནམ་མཁའི་ཁྱོན།། ལྷན་ཅིག་མཉམ་པ་ཉིད་དུ་བརྗོད་ལས་འདས།། བརྗོད་བྲལ་བརྗོད་པར་རྩོམ་པའི་ངལ་ཁུར་གྱིས།། དབྱངས་ལྡན་དབྱངས་ཀྱི་ང་རོ་འདར་དང་བཅས།། ཕང་འགྲོ་ཕང་བར་ཉལ་བའི་ཟོལ་བརྟེན་ན།། ཕལ་པས་ཕུལ་དུ་ཕྱིན་པར་ག་ལ་ཞིག ། འོན་ཏང་ཁུང་བུ་མ་ཡིན་ཁ་སྒོ་ལས།། སྔགས་ཀྱིས་རེངས་པར་མ་བྱས་རོ་འཛིན་གྱིས།། ཚེ་རབས་འདི་དང་གཞན་དུ་འདོད་པའི་དོན།། སྒྲུབ་ཕྱིར་ཆ་ཙམ་སྤེལ་ལ་ཆེས་ཆེར་སྤྲོ།། ཡ་རབས་རིགས་མཐོ་སྐྱེས་རི་མཐོན་པོའི་རྒྱུད།། འཕྲིན་ལས་རྒྱུན་མི་འཆད་པའི་རྒྱུན་གྱི་ངོགས།། ཙོང་ཁ་ཞེས་གྲགས་འཛིན་མའི་ཐིག་ལེ་རུ།། གཟིགས་པ་རྣམ་ལྔའི་དགེ་མཚན་སྐྱ་རེངས་ཤར།། སྙིགས་མའི་གཤིན་རྗེར་ཁྲོས་པ་འཇམ་པའི་དབྱངས།། རལ་པ་ར་ཡི་གདེངས་ཀར་བསྒྱུར་བས་ཀྱང།། མ་ངོམས་གསེར་གྱི་ཅོད་པན་རྩེ་གཅིག་ཏུ།། བསྒྲིལ་ཏེ་སྲིད་པའི་ལྟོ་བ་འདྲལ་བར་ཆས།། རིགས་གསུམ་རྣམ་པར་འཕྲུལ་བའི་ལྟས་ཀྱི་གཏམ།། དཔྱད་གསུམ་དག་པའི་གཏན་ཚིགས་ཆེ་ན་ཡང་།། དུས་གསུམ་རྒྱལ་བ་ཡོངས་ཀྱི་མཁྱེན་བརྩེ་དང།། ནུས་གསུམ་འབྲལ་བའི་དོགས་པ་གང་ན་མཆིས།། དོན་ཀུན་གྲུབ་པ་གཉིས་པའི་གཞོན་ནུ་དེ།། དོན་གྲུབ་རིན་ཆེན་བཤེས་ཀྱིས་ཡོངས་གཟུང་བས།། དོན་དམ་བློ་གྲོས་བཟང་པོར་གྲགས་པའི་མཚན།། དོན་དང་མཐུན་པ་རྣ་བའི་བཅུད་ལེན་གྱུར།། མ་ལ་ཡར་སྐྱེས་ལྕུག་ཕྲན་མངར་བའི་གསུང།། ལྷན་སྐྱེས་གདུང་སེལ་ཆོ་ག་རྫོགས་པ་དེས།། འདི་ན་དྲི་བཟང་བྱུགས་པའི་གོར་མ་ལ།། སྣོམས་པའི་ཚོགས་ལ་འཕྱ་བ་གོར་མ་ཆག ། མཁྱེན་རབ་སྣང་བའི་མཆོག་སྦྱིན་མཁྱེན་གཏེར་གྱིས།། རྗེས་སུ་བརྩེ་བས་འབྲལ་མེད་རྗེས་བཟུང་ཞེས།། བསྔགས་པ་གཞན་སེམས་འབྲིད་པའི་བསྔགས་བརྗོད་དེ།། རང་གི་བྱེད་པ་ཇི་ལྟར་རང་ལ་འཇུག ། དེ་ནས་དྲན་དབང་གསེར་རིའི་འཕྲེང་བསྟར་བའི།། དབུས་འགྱུར་ཆོས་ཀྱི་རྒྱ་མཚོ་མངོན་ཕྱོགས་པ།། གདོས་པ་ཟུང་གིས་བསྐྱོད་པའི་གཟིངས་བཞིན་ཏེ།། ཐུགས་ཀྱང་བློ་དང་བརྩོན་འགྲུས་འཁར་བས་བརྟེན།། དེར་ཡང་མཁས་དགུའི་ཐུགས་བཅུད་ཕོན་པོའི་ཚོགས།། རེ་རེའི་ཁམ་གྱིས་ལྷག་མར་མ་ལུས་ཚེ།། རེ་བའི་ཕྱོགས་སུ་སྣོམས་པའི་གཉིས་འཐུང་དབང།། རང་གི་གཙུག་སྐྱེས་འགྲམ་ཆང་ཁོ་ནས་མྱོས།། དེ་ལྟ་ན་ཡང་གཞོན་ནུའི་བློ་གྲོས་མཚོ།། མཁས་པའི་དབང་པོ་གཞོན་ནུ་བློ་གྲོས་ཀྱི།། ལེགས་བཤད་ཀླུང་བརྒྱས་ཆ་ཙམ་གང་ན་ཡང།། ལྟ་བ་འཚོལ་བའི་རྟ་གདོང་ངོམས་མ་གྱུར།། ཀླུ་སྒྲུབ་ཀླུ་ཡི་དབང་པོའི་རོལ་གནས་ལས།། ཟླ་བྲལ་ཟླ་བའི་ལེགས་བཤད་བདུད་རྩིའི་ཆུས།། གཉིས་མེད་གཉིས་སུ་སྣང་བའི་བདེན་དོན་ཟུང་།། མ་ནོར་མ་འདྲེས་འབྱེད་པའི་སྤོབས་པ་བརྙེས།། རང་བཞིན་སྟོང་པའི་མཁའ་ལས་མི་འདའ་ཡང།། ལྟ་ལ་ཆགས་པའི་གནས་མེད་སྤྲོས་དང་བྲལ།། ཇི་སྙེད་འཛིན་མའི་དཀྱིལ་འཁོར་ཀུན་གསལ་ཡང།། འགར་ཡང་མངོན་ཞེན་དམིགས་གཏད་རེག་པ་མེད།། སྣང་བ་ཙམ་གྱི་ཐ་སྙད་མེ་ལོང་ལ།། གཞི་ལམ་འབྲས་བུའི་བྱི་དོར་བྱ་བྱེད་ཀུན།། བསྙོན་མེད་འཆར་བའི་ངོ་མཚར་གཟིགས་མོ་ཡིས།། བློ་ལྡན་སྒེག་མོའི་དགོས་དོན་ཅི་ཡང་འགྲུབ།། རྟེན་འབྱུང་འདོམས་པ་རྒྱལ་བའི་ངོ་མཚར་སྐུ།། དྭངས་པའི་ཐུགས་ཀྱི་མེ་ལོང་ལ་འཕོས་ཚེ།། བར་པ་མཚན་མེད་གཏན་གྱི་བྲག་ཆའི་དབྱངས།། དེ་ཡིས་ཁྱོད་ཀྱི་མགུར་ནས་བསྒྲགས་པ་བཞིན།། རྟག་ཆད་འཕྲང་སྐྱ་ཐགས་སུ་འཁྲུལ་བ་ཡིས།། དགག་སྒྲུབ་རྐང་སྟབས་འཆའ་བའི་རབ་རིབ་ཅན།། ཀུན་ཀྱང་བློ་མིག་གསེར་གྱི་ཐུར་མ་ཡིས།། ཕྱེ་ཚེ་དགའ་དང་སྐྲག་པས་འདར་བ་བསྟེན།། ཀ་རཱི་ཀ་ཡི་རུང་ཆུ་འདེབས་པ་ནས།། ས་མ་ཛ་ཡི་བདེན་གཉིས་དབྱེར་མེད་བར།། མདོ་སྔགས་བཅུ་དྲུག་ཆ་ཤས་ལམ་གྱི་ལུས།། དཀྱིལ་འཁོར་གཅིག་ཏུ་རྫོགས་ཏེ་ཐུགས་མཁར་གསལ།། དྲང་ངེས་རི་ཀླུང་བཀོད་པ་མཐའ་ཡས་ཀྱང་།། རྟོན་པ་རྣམ་བཞིའི་མཁའ་ལ་ལྡིང་བ་ཡི།། རྣམ་དཔྱོད་གྲིབ་མ་མཐུན་པར་འཇུག་པ་ན།། འགལ་བའི་གཅོང་རོང་བརྒྱ་ཡིས་དགག་ཏུ་མེད།། བརྡ་སྤྲོད་ལས་བཞི་བྱ་བའི་འཁོར་ལོ་སོགས།། བསྟན་པའི་གདུགས་དཀར་རྩིབས་མ་རེ་རེ་སྟེ།། རྫོགས་པར་འདེགས་ལ་མདོ་སྔགས་ལམ་རིམ་ཉིད།། ཡུ་བར་ཕུལ་བྱུང་ཞབས་དང་ཁྱོད་ཀྱིས་གཟིགས།། རབ་དཀར་གངས་རིས་བསྐོར་ཡང་མུན་ནག་གཏིབས།། ཀུན་ཀྱང་དབུ་མར་བསྙེམས་བཞིན་མཐའ་ལ་ལྷུང།། རིག་འཛིན་ཕལ་ཆེར་སྔགས་ལ་མ་ཕྱོགས་པས།། རྒྱལ་བསྟན་མིང་གི་ལྷག་མར་གྱུར་པ་ན།། ཐུབ་པས་ཁྱོད་ལ་དབང་པོའི་ཏོག་གི་དྲུང།། དམ་བཅས་བུ་ལོན་བཞིན་དུ་བསྙགས་པའི་ལན།། ཆོས་ཚུལ་རབ་འབྱམས་ནོར་བུའི་ཟོང་བཀྲམ་པས།། ཐར་འདོད་ཡོངས་ཀྱི་རེ་བ་ཅིག་ཅར་བསྐངས།། སྒྱུ་ལུས་སྒྱུ་མའི་གླང་པོ་བཞིན་གྱུར་ཅིང།། འོད་གསལ་འོད་སྣང་ཡལ་བར་རྩོམ་པ་ན།། ཟུང་དུ་སྦྲེལ་ཏེ་ཟུང་འཇུག་གནད་དང་བཅས།། རྡོ་རྗེ་འཆང་དབང་རྡོ་རྗེའི་ཚིག་གིས་བཀྲལ།། རྩིང་སྤྱོད་རྦ་ཀློང་འཁྲུགས་པ་སྙིགས་མའི་མཚོར།། བྱིང་བ་རྒྱུད་སྡེ་རྣམ་བཞིའི་རིག་བྱེད་གཞུང།། བཤད་སྒྲུབ་རུས་སྦལ་ཟོལ་གྱིས་བཏེག་པ་ན།། འཕྲོག་བྱེད་རང་གི་སྙེམས་པའང་གཏིང་དུ་བྱིངས།། གསུང་རབ་ཀུན་ལ་རྒྱས་བཏབ་ཕྱག་རྒྱ་སྟེ།། མཁས་པ་ཀུན་གྱི་གཙུག་ན་ནོར་བུའི་ཏོག ། སྨྲ་ངན་ཀུན་ལ་དུས་ཀྱི་ཆད་པ་བཞིན།། གྱུར་པ་ཁྱོད་གསུང་རྣམ་པ་ཀུན་དང་ལྡན།། དེ་ཡི་བྲག་ཆ་ཕྱོགས་ཀྱི་རི་བོའི་མགུལ།། ཀུན་ནས་བསྒྲགས་པ་མ་སྨད་རི་བོའི་དབྱངས།། རྒྱ་མཚོའི་སྐ་རགས་འཆང་བའི་འཛིན་མ་འདིར།། མཐའ་དབུས་མེད་པ་ལྷ་ཡི་རྔ་བཞིན་ཁྱབ།། མངོན་པར་འཕེལ་ལོ་ཟླ་བས་རྒྱ་མཚོ་དང།། འོད་སྟོང་འབར་བའི་ཟེར་གྱིས་པདྨའི་ཚལ།། ཁྱོད་ཀྱི་མཛད་པས་ཐུབ་བསྟན་མཐའ་དག་དང།། གཟུར་གནས་དད་པས་ཁྱོད་ཀྱི་གྲགས་པའི་འཕྲེང།། ཆོས་དོན་པདྨའི་ཚལ་ལ་འཕུར་ལྡིང་གིས།། རྩེན་པའི་རྐང་དྲུག་ཉེར་ཞིའི་དྲི་བསུང་དང།། ད་ལྟ་རྙེད་བཀུར་ཟང་ཟིང་ཤ་རུལ་ལ།། འཁོར་བའི་སྦྲང་བུ་འདི་སྣང་དྲི་ང་མཚོན།། ཆོས་དང་ཆོས་མིན་མི་ཕྱེད་སྐྱེ་བོ་ལ།། གྲགས་པར་གྲགས་པ་ཕལ་ཆེར་ལོག་པ་སྟེ།། མཁས་པའི་མཁས་པ་ཀུན་གྱི་མགོས་གཏུགས་པའ།། མགོན་ཁྱོད་མགོན་དུ་བསྟེན་རྣམས་སྐལ་བ་བཟང།། ལེགས་བཤད་མཛེས་དགའ་མ་ཡི་ལང་ཚོ་ལ།། རྗེས་སུ་ཆགས་པའི་དྲན་དབང་གཞོན་ནུའི་ཚོགས།། ཁྱོད་ཞབས་པདྨའི་དྲུང་དུ་བསྙེགས་པ་ན།། སོ་གའི་གླང་ཆེན་མཚོ་ལ་འདུ་བ་བཞིན།། གང་གི་ཡོན་ཏན་རྨད་བྱུང་སྦྲང་རྩིའི་ཆང།། ཆ་ཙམ་མྱང་ཚེ་ཕྱི་ཕྱིར་འཕེལ་བ་ཡིས།། ཤུགས་དྲག་འདུན་པ་བཟློག་ཏུ་མ་མཆིས་པས།། གཞན་གྱི་ལྟ་སྒོམ་སྤྱོད་པས་དྲངས་སུ་མེད།། སྲིད་པ་གསུམ་ན་ཆེར་འཕགས་ཡོངས་འདུའི་ལྗོན།། གང་གསུང་ལས་སྐྱེས་མེ་ཏོག་རེ་རེའི་བསུང།། ཕྱོགས་ཀྱི་འཁོར་ལོའི་མཐའ་ལ་འཁྱུད་པ་ན།། བདག་ཉིད་ཆེན་པོའི་རང་བཞིན་སུ་ཡིས་དཔོག ། ཡབ་གཅིག་ཁྱོད་ཀྱི་ཐུགས་རྗེས་ཡོངས་བཟུང་བའི།། སྐལ་ལྡན་དུས་ཀྱི་མཐར་ཡང་མི་འཆར་ཕྱིར།། དཔྱད་གསུམ་དག་པའི་བཤད་སྒྲུབ་འཕྲིན་ལས་རྒྱུན།། བསྐལ་པ་ཕྱི་མཐས་གཏུགས་པར་ཆད་པ་མེད།། འཛིན་མ་འཛིན་བཟོད་མི་དབང་བློན་འབངས་སོགས།། འབྱོར་ལྡན་འབྱོར་བའི་སྙིང་པོ་ཀུན་བསྟབས་པ།། རྒྱལ་དང་རྒྱལ་སྲས་རྣམས་ལ་མཆོད་སྤྲིན་དང།། དགེ་ལྡན་དགེ་འདུན་འདུས་པའི་ཆས་སུ་བསྒྲུབས།། གཞན་དུ་འདོད་ཡོན་འདོད་ལྷའི་དགའ་མའི་འཛུམ།། ཐར་པའི་སྲོག་འཕྲོག་སྲིན་མོའི་ཁྲོ་གཉེར་དུ།། གཟིགས་ནས་སྲེད་བྲལ་སྲིད་གསུམ་བླ་མ་ཁྱོད།། ལོངས་སྤྱོད་གདུག་སྦྲུལ་གདེངས་ཀ་རྡོག་པས་མནན།། མཐའ་གཉིས་སྤངས་པའི་སྤྱོད་པ་རྣམ་པར་དག ། མཐའ་གཉིས་སྤངས་པའི་སྒོམ་པ་མཉམ་པར་འཇུག ། མཐའ་གཉིས་སྤངས་པའི་ལྟ་བ་སྤྲོས་དང་བྲལ།། དེ་ཕྱིར་ཀུན་ཏུ་དབུ་མ་ཆེན་པོར་གནས།། ཐུབ་བསྟན་རིན་ཆེན་འཛིན་སྐྱོང་སྤེལ་བའི་ཐབས།། རྒྱལ་སྲས་རྣམས་ཀྱིས་བསྐལ་པར་དགོངས་པའི་དོན།། མཐའ་དག་མ་ཚང་མེད་པར་བསྒྲུབས་པ་ཡིས།། གངས་ཅན་བསྟན་འཛིན་ཀུན་གྱི་རྩེ་མོར་སོན།། རྒྱན་དྲུག་མཆོག་གཉིས་གྲུབ་ཆེན་བརྒྱད་ཅུ་སོགས།། འདུས་ཞལ་གཅིག་པུར་གྱུར་པ་ཁྱོད་ཀྱི་ཞབས།། བསྙེན་པས་ཀུན་གྱི་གསང་མཛོད་འཐོབ་ནུས་ན།། བཟང་པོའི་སྐལ་བར་མི་སྤྱོད་ཤེས་ལྡན་གང།། དེ་ཕྱིར་བདག་ཀྱང་བདེ་གཤེགས་སྙིང་པོའི་འབྲས།། བྱང་ཆུབ་གསེར་སྦྱང་ཁམས་སུ་སྨིན་པའི་བར།། ཁྱོད་ཀྱི་ཐུགས་རྗེ་བྱིན་རླབས་མ་དྲོས་མཚོར།། འབྲལ་མེད་བསྟེན་པ་སྨོན་པའི་སྙིང་པོར་བགྱིད།། དེ་ཉིད་ཁོ་ན་ཡིད་ལ་བརྣག་པ་ཡིས།། བསྟོད་ཚིག་ཀ་ལ་པིང་ཀའི་གླུར་བླངས་ཏེ།། མཁས་དབང་མཁའ་འགྲོའི་ཚོགས་ཀྱི་མགྲིན་པའི་རྔ།། ཕྱོགས་བརྒྱར་འཁྲོལ་བ་ཡིས་ཀྱང་སྤྲོ་བ་སྐྱེས།། རབ་འབྱམས་རྒྱལ་བའི་གདུང་འཚོབ་གཅིག་པུ་སྟེ།། ཐུབ་བསྟན་ཡོངས་ཀྱི་མངའ་བདག་གཅིག་པུ་དང།། མ་ལུས་འགྲོ་བའི་མགོན་སྐྱབས་གཅིག་པུ་པ།། ཁྱོད་ཀྱི་ཞབས་ལ་སྙིང་ནས་ཕྱག་བགྱིད་དོ།། འདིས་མཚོན་དགེ་ཚོགས་ཟླ་བའི་འཁྲི་ཤིང་ན།། དལ་འབྱོར་ཚེས་ཀྱི་འཕེལ་བ་མི་ཉམས་ཤིང་།། རྣམ་དག་བསླབ་གསུམ་ཆ་ཤས་ཡོངས་གང་ལས།། ལེགས་བཤད་བསིལ་བའི་ཟེར་བརྒྱ་སྤྲོ་བར་ཤོག ། ཡབ་རྗེས་ཇི་ལྟར་གདམས་པའི་བཀའ་སྲོལ་མཆོག ། ཚང་ལ་མ་ནོར་མདོ་སྔགས་ལམ་བཟང་ལ།། གོལ་བ་མེད་པའི་བགྲོད་པ་མཐར་ཕྱིན་ཏེ།། ངེས་ལེགས་ཁང་བཟང་རྩེ་མོར་འཇུག་གྱུར་ཅིག ། མ་ལུས་རྒྱལ་བའི་ཆོས་ཀྱི་མཛོད་འཛིན་པ།། ཁྱོད་བཞིན་ཁྱོད་ཀྱི་གསང་བའི་མཛོད་བཟུང་སྟེ།། ཐར་འདོད་ཡོངས་ལ་མཆོད་སྦྱིན་འགྱེད་པ་ཡི།། འགྲོ་ཀུན་སྲིད་ཞིའི་དབུལ་བ་སེལ་གྱུར་ཅིག ། གངས་རིའི་ཐོར་ཅོག་ཞུ་བ་གངྒཱའི་རྒྱུན།། ཟབ་ཡངས་རྒྱ་མཚོའི་ཀློང་དུ་སིམ་པ་བཞིན།། རྣམ་དཀར་དགེ་ཚོགས་མགོན་ཁྱོད་ཐུགས་བསྐྱེད་ཀྱི།། རྒྱ་མཚོར་རོ་གཅིག་མི་ཟད་གནས་ཐོབ་ཤོག ། མདོར་ན་ཀུན་ཏུ་བཟང་དང་འཇམ་དཔལ་སོགས།། རྒྱལ་སྲས་ཀུན་གྱི་རླབས་ཆེན་སྨོན་ལམ་དང།། སྤྱོད་པ་ཀུན་ལ་ཞུམ་མེད་སློབ་པ་ཡིས།། རིང་མིན་ཀུན་མཁྱེན་རྒྱལ་བའི་གནས་ཐོབ་ཤོག །

ཅེས་འཇམ་མགོན་བླ་མ་ལ་བསྟོད་པའི་རབ་ཏུ་བྱེད་པ་ཀ་ལ་པིདྐའི་གླུ་དབྱངས་ཞེས་བྱ་བ་འདི་ནི་ཨ་མཆོག་དགེ་བཤེས་ཀྱི་སྤྲུལ་སྐུ་མཁྱེན་རབ་ཀྱི་དབང་ཕྱུག་རཏྣ་ཤཱ་ས་ན་དྷྭ་ཛས་རྗེའི་རྟོགས་བརྗོད་སྙན་ཚིག་གི་ལམ་ནས་དྲངས་པ་ཞིག་དགོས་ཞེས་བསྐུལ་བ་ལྟར། མཁས་གྲུབ་ཐམས་ཅད་མཁྱེན་པའི་གསུང་གི་ཚིགས་བཅད་འདིའི་རྒྱས་བཤད་ཀྱི་ཚུལ་དུ། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་སྦྱར་བའི་ཡི་གེ་པ་ནི་སྔགས་རམས་པ་དཀོན་མཆོག་ཀུན་དགའོ།། །།


                                       རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།