རྗེ་ཙོང་ཁ་པའི་བསྟོད་པ་མཉམ་ཉིད་མི་གཡོ།

ཡོང་ཁུངས།   དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-03-14 16:07:02     རྩོམ་པ་པོ།   རྒྱལ་བ་བསྐལ་བཟང་རྒྱ་མཚོ།    ཀློག་ཐེངས།  

 

88053530.jpg

ཨོཾ་སྭ་སྟི། མཉམ་ཉིད་མི་གཡོ་ཟབ་གསལ་བདེ་ཆེན་ཐུགས། །

ཆོས་ཀྱི་དབྱིངས་སུ་རོ་གཅིག་མི་ཕྱེད་པའི། །

རྡོ་རྗེ་འཆང་དབང་སངས་རྒྱས་ཀུན་འདུས་དཔལ། །

བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས། །

མགོན་ཁྱོད་གྲངས་མེད་རྒྱལ་བ་མ་ལུས་པའི། །

ཡབ་གཅིག་འཇམ་དཔལ་གཞོན་ནུ་མཐོན་མཐིང་གི། །

ཟུར་ཕུད་བྲེགས་ཏེ་ཐུན་མཚམས་ལ་འཁུ་བའི། །

བླ་གོས་ཉེར་ཀླུབས་ཐུབ་བསྟན་བདག་པོར་བཞེངས། །

སཱ་ལའི་སྨན་ལྗོངས་ཟབ་མོ་དབུ་མ་དང་། །

ཉེར་འབྲེལ་རྡོ་རྗེ་ཐེག་པའི་རིམ་གཉིས་ལམ། །

ཕྱིན་ཅི་མ་ལོག་བསམ་འཕེལ་རིན་པོ་ཆེས། །

ཡོངས་གཏམས་ཤིང་རྟའི་སྲོལ་འབྱེད་ཁྱོད་ཁོ་ན། །

དྲི་མེད་བཀའ་དང་བསྟན་བཅོས་ཆུ་ཀླུང་འབུམ། །

ཟབ་རྒྱས་གདམས་ངག་རྒྱ་མཚོར་ཤར་བའི་འཇིང་། །

ཐོས་བསམ་སྒོམ་བའི་གྲུ་རྫིངས་བརྟན་པོ་ཡིས། །

དོན་གཉིས་ནོར་བུར་དབང་བ་ཁྱོད་ལས་གང་། །

དེ་ཕྱིར་མགོན་པོ་ཁྱོད་ཀྱི་གསང་བ་གསུམ། །

འདྲེན་པ་གཞན་ལས་རྨད་བྱུང་རྣམ་ཐར་ལ། །

ཤེས་ནས་མི་ཕྱེད་དད་པས་རྩེ་གཅིག་ཏུ། །

གཏན་གྱི་སྐྱབས་གསོལ་ཐུགས་རྗེས་རྟག་ཏུ་སྐྱོངས། །

སྲིད་པར་སྡུག་བསྔལ་གསུམ་གྱི་མེ་འོབས་སུ། །

ལྷུང་སྟེ་ཐོག་མེད་དུས་ནས་འཁོར་བའི་རྒྱུན། །

ཟད་པར་མ་གྱུར་མཁའ་མཉམ་སེམས་ཅན་ལ། །

བྱིན་རླབས་ཐུགས་རྗེས་རྟག་པར་མ་གཏོང་གསོལ། །

དལ་འབྱོར་ཆུ་ལྦུར་འདྲ་བའི་ཉམ་ཆུང་ལུས། །

མི་རྟག་ནུབ་ཀའི་ཉི་མ་ཇི་བཞིན་འདིར། །

དོན་མེད་ངན་སོང་གཏིང་རྡོ་སྒྲུབ་པ་ལ། །

གཞོལ་བའི་རྨོངས་ཆེན་འགྲོ་རྣམས་ཐུགས་རྗེས་སྐྱོངས། །

ཁྱད་པར་སྙིགས་མ་ལྔ་ཡི་འཛིན་ཁྲིའི་སོ། །

རྣོ་བས་ཕུག་པའི་མི་བཟོད་སྡུག་བསྔལ་ཅན། །

གདུལ་བར་ཆེས་དཀའ་དེང་དུས་སེམས་ཅན་ལ། །

སྐྱོབ་པ་ཁྱོད་ཀྱི་ཐུགས་རྗེའི་དཔུང་སྐྱེད་ཅིག །

རྒྱལ་བ་ཐམས་ཅད་སྤངས་རྟོགས་འཕྲིན་ལས་ཀུན། །

ཕུན་སུམ་ཚོགས་པར་མཉམ་པ་ཉིད་མོད་ཀྱང་། །

སྙིགས་དུས་འགྲོ་ལ་ལྷག་པར་མགོན་དང་སྐྱབས། །

མཛད་པའི་དམ་བཅའ་བཙན་པོ་མ་གཡེལ་དགོངས། །

ཞྭ་སེར་ལུགས་བཟང་ཀུན་སྣང་འབར་བའི་འོད། །

རྟག་ཏུ་མི་ཉམས་ཕྱོགས་བཅུར་འཕེལ་བ་དང་། །

རྒྱ་ཧོར་བོད་གསུམ་སེམས་ཅན་སྡུག་བསྔལ་ཉིད། །

རབ་སངས་གཏན་བདེའི་སྣང་བར་སྦྱོར་དུ་གསོལ། །

སྲིད་པའི་གནས་ལ་བཙོན་རའི་མི་བཞིན་དུ། །

ངེས་འབྱུང་བཅོས་མ་མིན་པས་གཞི་བཟུང་སྟེ། །

མར་གྱུར་འགྲོ་ལ་བྱམས་དང་སྙིང་རྗེ་ཆེས། །

བདག་རྒྱུད་རྟག་ཏུ་ཕྱུག་པར་བྱིན་གྱིས་རློབས། །

འགྲོ་རྣམས་སྡུག་བསྔལ་བྲལ་བའི་བྱང་ཆུར་ཆེར། །

སྐད་ཅིག་ཉིད་ལ་སྦྱོར་འདོད་སེམས་བསྐྱེད་དང་། །

རྟག་ཆད་མཐའ་བྲལ་ཟབ་མོ་དབུ་མའི་ལྟ། །

ཇི་བཞིན་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །

འདི་ཕྱིའི་ལེགས་ཚོགས་ཀོ་བི་དཱ་རིའི་ཤིང་། །

མ་ལུས་སྐྱེ་བའི་ས་གཞི་དམ་ཚིག་དང་། །

སོ་ཐར་བྱང་སེམས་རིག་འཛིན་སྡོམ་པ་ལ། །

ཉེས་པས་མི་གོས་རྣམ་པར་དག་བྱིན་རློབས། །

ཐ་མལ་སྣང་ཞེན་སྤངས་ཏེ་དཀྱིལ་འཁོར་ལྷར། །

བསྐྱེད་པའི་རྣལ་འབྱོར་ཕྲ་རགས་བརྟན་པ་དང་། །

རྫོགས་རིམ་ཟབ་ལམ་བླ་མེད་ཁྱད་བར་ཅན། །

རྒྱུད་ལ་མྱུར་དུ་སྐྱེ་བར་བྱིན་གྱིས་རློབས། །

མདོར་ན་རང་གཞན་དོན་གཉིས་རླབས་པོ་ཆེ། །

བསྒྲུབ་ལ་བར་གཅོད་ཉེར་འཚེས་མི་བརྫི་ཞིང་། །

ཕྱི་དང་ནང་གི་མཐུན་རྐྱེན་ཇི་སྙེད་པ། །

འབད་མེད་ལྷན་གྱིས་གྲུབ་པར་བྱིན་གྱིས་རློབས། །

བསླུ་མེད་དཀོན་མཆོག་གསུམ་གྱི་བྱིན་རླབས་དང་། །

ཡི་དམ་དཀྱིལ་འཁོར་ལྷ་ཚོགས་མཁའ་འགྲོར་བཅས། །

དཀར་ཕྱོགས་སྲུང་མའི་མཐུ་སྟོབས་ནུས་པ་ཡིས། །

བསམ་དོན་སྨོན་པ་ཐམས་ཅད་འགྲུབ་པར་ཤོག །

ཅེས་རྗེ་བཙུན་བླ་མ་ཙོང་ཁ་པ་ཆེན་པོ་ལ་གསོལ་བ་འདེབས་ཤིང་། ཁྱད་པར་སྙིགས་དུས་གྱི་རྒུད་པ་ཞི་ཕྱིར་ཐུགས་རྗེ་བསྐུལ་བ་འདི་ནི། རྗེ་བླ་མ་གང་གི་གསང་བ་གསུམ་གྱི་རྣམ་ཐར་ལ་ཤེས་ནས་དད་པ་ཐོབ་བ་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་ལི་ཐང་ཐུབ་ཆེན་བྱམས་པ་གླིང་དུ་སྦྱར་བའོ། །

      རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                    དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།