རྒྱལ་བ་བཙོང་ཁ་པ་ལ་བསྟོད་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-09-21 11:15:58     རྩོམ་པ་པོ།   རྗེ་དགེ་འདུན་རྒྱ་མཚོ།     ཀློག་ཐེངས།  

QQ图片20170921111645.jpg

ཆོས་ཀྱི་རྒྱལ་པོ་རྒྱལ་བ་བཙོང་ཁ་པའི། །རྒྱ་ཆེན་ཆོས་ཀྱི་སྲིད་ལ་མངའ་མཛད་པ། །བཤེས་གཉེན་མཁས་པ་དུ་མའི་ཕྱག་བྱའི་གནས། །བསྟན་པའི་རྒྱལ་མཚན་འཛིན་པ་རྒྱལ་གྱུར་ཅིག །སར་པའི་ཟླ་ཚེས་ཡུམ་གྱི་ཆུ་ལྡན་ལས། །གྲོལ་མ་ཐག་ཏུའང་ཡོན་ཏན་ཟླ་འོད་ཀྱི། །དབུས་སོན་མཁས་མང་རྒྱུ་སྐར་ཁྲོད་ཉིད་ན། །སྨྲ་མཁས་བདུད་རྩིའི་འོད་ཆགས་ཅི་ཡང་མཛེས། །མཁས་མང་ཚངས་དབང་མཁྱེན་པའི་རོལ་གནས་ནས། །ལེགས་འོངས་གཞུང་བརྒྱའི་མཐོ་རིས་གང་གཱ་ནི། །གང་གི་རྣམ་(༦༠ན)དཔྱོད་ཟུར་ཕུད་དང་འགྲོགས་པ། །ཐུབ་བསྟན་རི་སྲས་བདག་པོ་ཁྱོད་ཉིད་ལགས། །རིགས་སྨྲ་རི་དྭགས་ཚོགས་ལ་དབང་སྒྱུར་ཞིང་། །དྲེགས་ལྡན་རྒོལ་བའི་དྲེགས་པའི་མྱོས་བུམ་ནི། །རྣམ་པར་འཇིག་བྱེད་རིགས་པའི་སྡེར་ཕྲེང་ཅན། །གངས་ཅན་རི་དྭགས་དབང་པོ་དེ་ལ་འདུད། །རྣམ་པ་ཀུན་ལྡན་ཀུན་རྫོབ་སྒྱུ་མའི་གར། །སྒྲིབ་བྲལ་མི་འགྱུར་བདེ་བར་རོ་གཅིག་པ། །གསལ་བྱེད་དཔལ་ལྡན་དང་པོའི་སངས་རྒྱས་ལམ། །གཟིགས་ཤིང་གསལ་བར་གཞན་ལ་འདོམས་ལ་འདུད། །མི་དམན་ཡོན་ཏན་ནོར་བུའི་ཐེམ་སྐས་ཀྱིས། །བློ་བཟང་ཆོས་ཀྱི་གདན་ཁྲི་ལ་འཛེགས་པ། །དགེ་ལྡན་སྐབས་གསུམ་གནས་ཀྱི་བདག་པོ་མཆོག །ཆོས་ཀྱི་སྤྱན་སྟོང་ལྡན་དེར་རྟག་ཏུ་འདུད། །དེ་ལྟར་བསྟོད་པའི་དགེ་བས་འགྲོ་བ་ཀུན། །ནོར་བཟང་རྒྱལ་བའི་འབྱུང་གནས་རྣམ་ཐར་བཞིན། །ཐེག་མཆོག་བཤེས་གཉེན་ཚུལ་བཞིན་བསྟེན་པའི་མཐུས། །ནམ་ཡང་མི་འབྲལ་སྐུ་གསུམ་ཐོབ་པར་ཤོག །ཅེས་པ་འདི་ནི་བསྟན་པའི་གསལ་བྱེད་དབོན་པོ་རབ་འབྱམས་པ་ཆོས་ཀྱི་གྲགས་པས་བསྐུལ་བའི་ངོར་དགེ་འདུན་རྒྱ་མཚོའི་དཔལ་གྱི་ངག་ལས་བྱུང་བའོ།། །།

                                                                          རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ། 
    གསལ་འདེབས། 
       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
             དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།