རྗེ་བཙུན་ཆོས་ཀྱི་རྒྱལ་པོ་བཙོང་ཁ་པའི་ཆོས་ཀྱི་རྒྱལ་སྲིད་འཛིན་པ་མདར་བ་བློ་བཟང་གྲགས་པའི་ཞབས་ལ་བསྟོད་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-09-21 10:37:56     རྩོམ་པ་པོ།   རྗེ་དགེ་འདུན་རྒྱ་མཚོ།     ཀློག་ཐེངས།  

微信图片_20170915110115.jpg

微信图片_20170915110115.jpg

 བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །རབ་འབྱམས་རྒྱལ་བའི་ཆོས་སྐུ་ནམ་མཁའི་དབྱིངས། །སྤྲུལ་སྐུའི་འཆར་བ་བགྲང་ཡས་སྐར་ཚོགས་བཞིན། །འགྲོ་ལ་ལམ་བཟང་ཉེར་མཚོན་བཤེས་གཉེན་གྱི། །རྣམ་རོལ་གང་དེ་མཆོག་ཏུ་བསྔགས་པར་འོས། །མི་དམན་བསོད་ནམས་ནོར་བུའི་རྐང་སྟེགས་ཀྱིས། །བློ་བཟང་ཆོས་ཀྱི་གདན་ཁྲི་ལ་འཛེགས་པའི། །རབ་དཀར་གྲགས་པའི་བ་དན་ས་གསུམ་ན། །འཕུར་ལྡིང་གར་གྱིས་མཛེས་ལ་(༥༨བ)གསོལ་བ་འདེབས། །བདེ་ཆེན་ཡུམ་གྱི་ཆུ་འཛིན་ཕུང་པོ་ལས། །འཁྲུངས་མ་ཐག་ཏུ་སར་པའི་ཟླ་ཚེས་ནི། །དྲན་དང་ཤེས་བཞིན་བག་ཡོད་ཤེས་རབ་ཀྱི། །བདུད་རྩིའི་འོད་ཀྱིས་མཛེས་ལ་གསོལ་བ་འདེབས། །ཐུབ་བསྟན་འཛིན་མའི་ལྟོ་བར་ལེགས་ཞུགས་པའི། །ཁྱོད་སྐུའི་ལྷུན་པོ་ཆོས་གོས་འཚམས་སྤྲིན་གྱིས། །གསར་དུ་བརྒྱན་ཚེ་ཉེ་བར་འཁོར་ལྟ་བུར། །བསྔགས་འོས་མཆོག་ཏུ་གྱུར་ལ་གསོལ་བ་འདེབས། །མངོན་མཐོ་ངེས་ལེགས་ཕུན་ཚོགས་ཇི་སྙེད་པ། །གང་ལ་རག་ལས་ཐེག་མཆོག་དགེ་བའི་བཤེས། །གུས་པས་བསྟེན་ལ་མཁས་པའི་མཆོག་གྱུར་པའི། །ནོར་བཟང་དང་མཚུངས་ཁྱོད་ལ་གསོལ་བ་འདེབས། །ཕུན་ཚོགས་དལ་དང་འབྱོར་བའི་ཡིད་བཞིན་ནོར། །རྙེད་དཀའ་དོན་ཆེར་གཟིགས་ནས་བསླབ་གསུམ་གྱི། །རྒྱལ་མཚན་རྩེར་བཀོད་ཐོས་བསམ་སྒོམ་པ་ཡིས། །བྱི་དོར་མཆོག་ཏུ་མཛད་ལ་གསོལ་བ་འདེབས། །ལུས་སྲོག་གཡོ་བ་གློག་གི་ཟློས་གར་དང་། །ཚེ་འདིའི་དཔལ་འབྱོར་གདུག་པའི་སྦྲུལ་གྱི་གནས། །ཇི་བཞིན་ཐུགས་ཆུད་དཀར་ནག་ལས་འབྲས་ལ། །བླང་དོར་ཚུལ་བཞིན་མཛད་ལ་གསོལ་བ་འདེབས། །བཟོད་དཀའ་སྡུག་བསྔལ་གསུམ་གྱི་དུས་མཐའི་སེམས། །སྙིང་ལ་ཁོལ་བ་འཛིན་པའི་འཁོར་བའི་གནས། །རབ་འབར་དམྱལ་བའི་ལྕགས་ཁང་ལྟར་གཟིགས་ནས། །ཐར་པའི་ལམ་ལ་གཞོལ་ལ་གསོལ་བ་འདེབས། །མི་དམན་ལྷག་བསམ་མཆོག་གི་སྟོབས་རྒྱས་ཤིང་། །སྙིང་རྗེ་ཆེན་པོའི་སྐྱ་བ་འཛིན་མཁས་པས། །རིན་ཅེན་བྱང་ཆུབ་སེམས་ཀྱི་གྲུར་ཞུགས་ནས། །འགྲོ་བའི་དེད་(༥༩ན)དཔོན་གྱུར་ལ་གསོལ་བ་འདེབས། །ཐེག་མཆོག་རིགས་ཀྱི་ས་བོན་ལས་འཁྲུངས་ཤིང་། །བྱམས་བརྩེའི་མེ་ཏོག་དཀར་པོ་རབ་རྒྱས་ལ། །ཕ་རོལ་ཕྱིན་དྲུག་ཡལ་གའི་ཁྱོན་ཡངས་པ། །སྐུ་བཞིའི་འབྲས་བུས་མཛེས་ལ་གསོལ་བ་འདེབས། །དེ་ལྟར་ཐུན་མོང་ལམ་གྱིས་རྒྱུད་སྦྱངས་ནས། །རྡོ་རྗེ་ཐེག་པའི་ཡིད་བཞིན་རྒྱ་མཚོ་ཆེར། །དངོས་གྲུབ་གཉིས་ཀྱི་རིན་ཅེན་ལེན་པ་ལ། །བརྩོན་པ་ལྷུར་མཛད་ཁྱོད་ལ་གསོལ་བ་འདེབས། ཁྱད་པར་དྲེགས་ལྡན་དྲག་པོ་གསུམ་གྱི་ཡིད། །རྣམ་པར་གནོན་མཛད་གཏུམ་པོ་གོས་སྔོན་ཅན། །གང་དེས་རྗེས་བཟུང་ནག་ཕྱོགས་བདུད་སྡེའི་དཔུང་། །ཟིལ་གྱིས་གནོན་མཛད་ཁྱོད་ལ་གསོལ་བ་འདེབས། །ལེགས་དཔྱད་འབྱོར་པའི་དབང་ཕྱུག་རྣམ་ཐོས་སྲས། །མཁྱེན་པའི་སྤྱན་སྟོང་རབ་གཡོ་འཆི་མེད་བདག །མི་ཟད་ནུས་མཐུའི་གཏེར་གྱུར་རྡོ་རྗེ་འཛིན། །ངོ་མཚར་གཏེར་ཆེན་གྱུར་ལ་གསོལ་བ་འདེབས། །ཐུགས་ཀྱི་ཤེལ་བུམ་རྨད་བྱུང་ལུང་རྟོགས་ཀྱི། །བདུད་རྩིས་ཡོངས་གང་མཐོན་པོའི་ཆོས་ཀྱི་ཁྲི། །ལེགས་བཤད་སྨྲ་བའི་དཔལ་གྱིས་རབ་མཛེས་པ། །བློ་གསལ་གདུལ་བྱའི་གཉེན་གསོལ་བ་འདེབས། ཁྱབ་བདག་རྡོ་རྗེ་འཆང་དུ་ལེགས་བསྒོམས་ནས། །ཞབས་ལ་གུས་པས་བརྟེན་པའི་འགྲོ་འདི་ལ། །འཕྲལ་དང་ཡུན་གྱི་ཕན་བདེ་མ་ལུས་པ། །སྩོལ་མཛད་དགེ་བའི་བཤེས་ལ་གསོལ་བ་འདེབས། །དེ་ལྟར་བཤེས་གཉེན་དམ་པའི་ཡོན་ཏན་ལ། །ཆ་ཙམ་བསྟོད་ལས་བྱུང་བའི་རྣམ་དཀར་གྱིས། །ཚེ་རབས་ཀུན་ཏུ་ཡོངས་འཛིན་བླ་མ་ཡིས། །(༥༩བ)དགྱེས་བཞིན་རྗེས་སུ་འཛིན་པར་བྱིན་གྱིས་རློབས། །ཚེ་འདིའི་ཆོས་བརྒྱད་རོལ་རྩེད་རྒྱང་བསྲིངས་ཤིང་། །སྲིད་པའི་ཕུན་ཚོགས་ཀུན་ལ་མ་ཆགས་པར། །བྱམས་དང་སྙིང་རྗེ་བྱང་ཆུབ་སེམས་བསྐྱེད་ནས། རྒྱལ་སྲས་སྤྱོད་ལ་སློབ་པར་བྱིན་གྱིས་རློབས། །རིང་ནས་གོམས་པའི་འཁྲུལ་པའི་བག་ཆགས་ཀྱིས། །རྨི་ལམ་བཞིན་དུ་འཁྲུལ་པའི་བློ་འདི་ལ། །སྣ་ཚོགས་ཆོས་ཀུན་ཡུལ་སྟེང་ནས་གྲུབ་པར། །སྣང་ཚུལ་ཇི་བཞིན་རྟོགས་པར་བྱིན་གྱིས་རློབས། །འཁོར་འདས་ཡུལ་དང་ཡུལ་ཅན་མ་ལུས་པ། །རྟོག་པས་རི་མོར་བྱས་ཙམ་ཁོ་ན་ལས། །མ་གཏོགས་ཡུལ་སྟེང་ཆ་ཙམ་མ་མཆིས་པའི། །གནས་ལུགས་མཐར་ཐུག་རྟོགས་པར་བྱིན་གྱིས་རློབས། །ཞེས་རྗེ་བཙུན་ཆོས་ཀྱི་རྒྱལ་པོ་བཙོང་ཁ་པའི་ཆོས་ཀྱི་རྒྱལ་སྲིད་འཛིན་པ་མདར་བ་བློ་བཟང་གྲགས་པའི་ཞབས་ལ་བསྟོད་པ་འདི་ནི་ཆོས་རྒྱལ་མིའི་དབང་པོ་རྣམ་རྒྱལ་བའི་བཀས་བསྐུལ་ནས་དགེ་འདུན་རྒྱ་མཚོའི་དཔལ་གྱིས་ཕོ་བྲང་འོལ་ཁ་སྟག་རྩེར་སྨྲས་པའོ། །

                                                                   རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ། 
      གསལ་འདེབས། 
   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
             དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།