ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བཙོང་ཁ་པ་ཆེན་པོ་ལ་བསྟོད་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-07-12 11:32:40     རྩོམ་པ་པོ།   རྗེ་དགེ་འདུན་རྒྱ་མཚོ།     ཀློག་ཐེངས།  

y5y5IMG_3738.JPG

ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། ཡོངས་རྫོགས་བསྟན་པའི་མངའ་བདག་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བཙོང་ཁ་པ་ཆེན་པོ་ལ་བསྟོད་པའི་རབ་ཏུ་བྱེད་པའི་བྱིན་རླབས་ཀྱི་འདོད་འཇོ་ཞེས་བྱ་བ། དཔལ་ལྡན་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །ཤུགས་དྲག་དད་པའི་དྲི་ཡི་བཞོན་པ་ཡིས། །(༥ན)ཡིད་ཀྱི་ལྗོན་ཤིང་རྣམ་པར་བསྐྱོད་པ་ལས། །ལྷུང་བར་གྱུར་པའི་བསྟོད་ཚིག་མེ་ཏོག་ཕྲེང་། ཁྱོད་ཐུགས་དགྱེས་པ་བསྐྱེད་སླད་དབུལ་བར་བགྱི། །དཔལ་ལྡན་བློ་གྲོས་དཀྱིལ་འཁོར་རབ་ཏུ་རྒྱས། །འཕྲིན་ལས་བཟང་པོའི་རི་བོང་མཚན་མས་མཛེས། །གྲགས་པའི་འོད་དཀར་ཕྱོགས་བཅུར་འཕྲོ་བ་ཅན། །ཐུབ་བསྟན་ཀུ་མུད་གཉེན་ཁྱོད་རྒྱལ་གྱུར་ཅིག །མང་དུ་ཐོས་པའི་ཡལ་གའི་ཁྱོན་ཡངས་ཤིང་། །ཚུལ་བཞིན་སེམས་པའི་མེ་ཏོག་རྣམ་པར་བཀྲ། བསྒོམས་བྱུང་རྟོགས་པའི་འབྲས་བུ་སྦ་བ་ཡི། །བཤེས་གཉེན་རྐང་འཐུང་དབང་པོ་རྒྱལ་གྱུར་ཅིག །ལུང་རིགས་གློག་གི་དབང་པོའི་སྐ་རགས་ཅན། ཁྱོད་ཀྱི་མཁྱེན་པའི་ཆུ་འཛིན་ལྟོ་བ་ལས། །ལེགས་བཤད་ཆུ་ཆར་ཕབ་པས་སྐལ་བཟང་གི །གདུལ་བྱ་ཚིམ་པར་མཛད་པ་ཁྱོད་ལ་འདུད། །ཤུགས་དྲག་རིགས་པའི་དྲི་ཡི་བཞོན་པ་ཡིས། །ལོག་པའི་གཞུང་ལུགས་ཆུ་འཛིན་ཕྲེང་བ་དག །ངེས་པར་བཅོམ་པས་ཐུབ་བསྟན་ཀུན་གསལ་གདོང་། །ལོག་པའི་དྲི་མ་ཀུན་དང་བྲལ་བར་མཛད། །རྫོགས་ལྡན་ལྟ་བུར་ཡོངས་སུ་བགྱིས་པ་ཡིས། །ཡོངས་རྫོགས་ཐུབ་བསྟན་ཁུར་ཆེན་བཟུང་ནས་ཀྱང་། །ངལ་གསོ་མེད་པར་གཞན་ཕན་གོམ་པ་ནི། །རིངས་པར་འགོད་པའི་ཟློས་གར་ཅི་ཡང་མཛད། །དེ་ཚེ་མཁས་རྣམས་ཡིད་ཀྱི་ལྗོན་པ་དག །ཡ་མཚན་དྲི་བཞོན་གྱིས་བསྐྱོད་དྲི་བསུང་ནི། །ཕྱོགས་ཀུན་མཛེས་མའི་དྲི་འཛིན་རེག་པ་ལས། །འགྲོ་རྣམས་དད་པའི་རྩེད་འཇོ་ཅི་ཡང་སྟོན། ཁྱོད་ཞབས་པདྨ་སྒྲ་ཡི་ཚོགས་ཀྱིས་ནི། །མཆོད་པར་མི་བྱེད་འཇིག་རྟེན་དྲེགས་ལྡན་སུ། །ཤཱཀྱ་སེང་གེའི་ཆོས་ཀྱི་རྒྱལ་སྲིད་ལ། །དབང་སྒྱུར་མཛད་ཁྱོད་ཆོས་ཀྱི་(༥བ)རྒྱལ་པོ་ལགས། །དེ་ཕྱིར་ཁྱོད་ཞལ་ཆུ་གཏེར་ལས་འོངས་པའི། །སྡེབ་ལེགས་བཀའ་ཡི་རིན་ཅེན་ཕྲེང་བ་དག ཁོར་ཡུག་རི་བོའི་ཁོངས་ཀྱི་མཁས་ཀུན་གྱི། །གཙུག་ན་གཙུག་རྒྱན་ལྟ་བུར་ངལ་གསོ་བགྱིད། །ཐུབ་བསྟན་ཁ་བའི་རྡུལ་བརྩེགས་ལ་གནས་ཤིང་། །གཞུང་ལུགས་བྱེ་བའི་རལ་ཁུར་ཅི་ཡང་གཡོ། །དངོས་སྟོབས་རིགས་པའི་སྡེར་ཁྱིམ་འབར་བ་ཡིས། །ལོག་སྨྲ་གཉིས་འཐུང་དྲེགས་པ་མ་ལུས་འཇོམས། །དེ་ལྟར་མཁས་པའི་བྱ་བ་རྣམ་གསུམ་གྱིས། །ཐུབ་བསྟན་མིང་ཙམ་ལྷག་མར་གྱུར་པའི་ཚེ། །རྫོགས་ལྡན་བཞིན་དུ་རྒྱས་པར་མཛད་པས་ན། །རྒྱལ་བ་གཉིས་པར་ཡོངས་སུ་གྲགས་པ་ལགས། །རྒྱལ་བ་ཀུན་གྱི་མཁྱེན་བརྩེའི་ཅོད་པན་ནི། །གང་གི་དབུ་ལ་རྣམ་པར་འཕོས་གྱུར་པས། །རྡོ་རྗེ་འཆང་དབང་ཆོས་ཀྱི་རྒྱལ་སྲིད་ལ། །དབང་སྒྱུར་མཛད་པ་ཁྱོད་ནི་བདག་གི་སྐྱབས། །རིག་སྔགས་འཆང་དབང་ཀུན་གྱི་གཙུག་ཕུད་ལ། །ཞབས་ཀྱི་གོམ་པ་གསར་པར་འགོད་པ་ཅན། །ཐེག་མཆོག་འཁོར་ལོས་སྒྱུར་བ་ཁྱོད་ཞབས་ལ། །བདག་ཀྱང་གུས་པས་མགོ་བོ་འདུད་པར་བགྱི། །ཆོས་སྐུ་ཀུན་གསལ་མཛེས་མའི་ཕང་པ་ལས། །གཟུགས་སྐུ་མཆོག་གི་རི་བོང་འཛིན་པ་ནི། །རྒྱལ་སྲས་རྒྱུ་སྐར་བྱེ་བས་ཡོངས་བསྐོར་ཏེ། །བརྩེ་བས་བསྐྱོད་པའི་ཟློས་གར་འདི་རྨད་དོ། །ཕན་བདེའི་ཀུ་མུད་ཟུམ་པར་མི་བྱེད་ཅིང་། །བསྟན་པའི་པད་ཚལ་ལྷག་པར་རྒྱས་མཛད་པ། །སྔོན་མེད་ནམ་མཁའི་ནོར་བུ་ཁྱོད་ཀྱིས་ནི། །འགྲོ་བའི་བློ་མུན་མཐའ་དག་བཅོམ་པར་གྱུར། །དེ་ཚེ་མཁའ་ལ་རྒྱུ་བའི་ཉི་མ་འདི། །ཡིད་ཀྱི་བུད་ཤིང་ཕྲག་དོག་མེས་བསྲེགས་ཏེ། །ནུབ་རིའི་ངོས་ལ་མྱ་ངན་ཆུ་འཛིན་གྱི། །(༦ན)བླ་གོས་འཐུག་པོ་བགོས་ཏེ་འབྲོས་པར་རྩོམ། །ཉོན་མོངས་ཆང་གིས་མྱོས་ལྡན་མི་བསྲུན་པ། །གཉིས་འཐུང་དྲེགས་པ་ཀུན་གྱི་སྤྱི་བོ་ལ། །ཐུགས་རྗེའི་ལྕགས་ཀྱུ་ཕོག་པ་ཙམ་གྱིས་ཀྱང་། །དུལ་བའི་སྤྱོད་པས་ཐར་ལམ་འཇུག་པར་གྱུར། །འཇིག་རྟེན་མེས་པོ་གསེར་གྱི་མངལ་ལྡན་དང་། །མིག་སྟོང་ལྡན་སོགས་དྲེགས་ལྡན་ཐམས་ཅད་ཀྱི། །སྤྱི་བོ་རྣམ་པར་གནོན་པ་ཁྱོད་ཞབས་ལ། །ཤུགས་དྲག་དད་པའི་ཡིད་ཀྱིས་ཕྱག་འཚལ་ལོ། །ཆོས་ཀུན་གཟིགས་པའི་འདྲེན་བྱེད་སྟོང་ལྡན་ཞིང་། །བློ་གསལ་འཆི་མེད་ཡོངས་ཀྱི་གཙུག་གི་རྒྱན། །ཐེག་མཆོག་བདུད་རྩིའི་དཔལ་ལ་དབང་འབྱོར་པ། །ཐུབ་བསྟན་སྐབས་གསུམ་བདག་པོ་རྒྱལ་གྱུར་ཅིག །རྣམ་དཀར་གྲགས་པ་རྔ་ཆེན་དབྱར་སྐྱེས་སྒྲ། །ཐོས་པས་དགའ་བ་རྒྱས་པའི་གཙུག་ཕུད་ཅན། །བློ་གྲོས་གཤོག་རྩེ་ཅུང་ཟད་བསྐྱོད་པ་ཡིས། །བསྟོད་པའི་ཚིག་གི་ཟློས་གར་འདི་བྱས་སོ། ཁྱོད་ཀྱི་མཁྱེན་པ་མཆོག་ལྟར་རྒྱ་ཆེ་ཞིང་། །ཐུགས་རྗེ་ལྟ་བུར་གཏིང་དཔག་དཀའ་བ་ཡི། །གང་གི་ཡོན་ཏན་ཆུ་གཏེར་ཆེན་པོ་ནི། །བདག་བློའི་སྐྲ་རྩེས་དཔག་པར་ནུས་མ་ལགས། །འོན་ཀྱང་དེ་ལྟར་ཅུང་ཟད་བསྔགས་པ་ཡིས། །ཟླ་བའི་ཁུ་བ་ལྟ་བུར་རབ་དཀར་བའི། །དཔག་མེད་དགེ་བ་བདག་གིས་ཐོབ་པ་དེ། ཁྱོད་ཀྱིས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །རྒྱལ་བས་གསུངས་པའི་མདོ་སྔགས་དམ་ཆོས་ཀུན། ཁྱོད་ཀྱི་དགོངས་པ་ཇི་བཞིན་ལེགས་རྟོགས་ནས། །རྨོངས་པའི་མུན་པས་བསྒྲིབས་པའི་འགྲོ་བ་ལ། །ཐར་པའི་ལམ་མཆོག་སྟོན་པ་ཉིད་གྱུར་ཅིག །དགེ་ལེགས་ནོར་བུའི་ཚོགས་ཀྱིས་མངོན་པར་ཕྱུག །འདུན་ལྡན་གདེངས་ཅན་ཡོངས་(༦བ)ཀྱི་གཙུག་གི་རྒྱན། །མདོ་སྔགས་རྒྱ་མཚོའི་དཔལ་ལ་དབང་འབྱོར་པའི། །བཤེས་གཉེན་བཟང་པོ་བདག་ཀྱང་འགྱུར་བར་ཤོག །སྐྱེ་བ་ཀུན་དུ་ཁྱོད་ཞབས་མཆོད་པ་དང་། ཁྱོད་གསུང་བདུད་རྩིའི་དགའ་སྟོན་མྱོང་གྱུར་ཏེ། །མར་གྱུར་སེམས་ཅན་མཐའ་དག་འདྲེན་པའི་ཕྱིར། །རྫོགས་པའི་སངས་རྒྱས་མྱུར་དུ་ཐོབ་པར་ཤོག །ཅེས་ཡོངས་རྫོགས་བསྟན་པའི་མངའ་བདག་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་རྒྱལ་བ་གཉིས་པ་ས་སྟེང་ན་འགྲན་ཟླ་ཐམས་ཅད་དང་བྲལ་བ་ཐམས་ཅད་མཁྱེན་པ་བློ་བཟང་གྲགས་པའི་དཔལ་ལ་བསྟོད་པའི་རབ་ཏུ་བྱེད་པ་བྱིན་རླབས་ཀྱི་འདོད་འཇོ་ཞེས་བྱ་བ་འདི་ནི། དགེ་བའི་བཤེས་གཉེན་དུ་མས་བསྐུལ་ཞིང་། ཁྱད་པར་རང་ཉིད་དང་བས་བསྐུལ་བ་ལ་བརྟེན་ནས། རྗེ་ཉིད་ལ་སྐྱེས་ཙམ་ཉིད་ནས་མི་ཕྱེད་པའི་དང་བ་ཐོབ་པའི་བཙུན་པ་དགེ་འདུན་རྒྱ་མཚོ་དཔལ་བཟང་པོས་ན་ཚོད་ལོ་བཅུ་དྲུག་ལོན་པའི་ཚེར་ཆོས་གྲྭ་ཆེན་པོ་བཀྲ་ཤིས་ལྷུན་པོར་སྦྱར་བའོ།། །།

                    རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ། 
གསལ་འདེབས། 
       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།