བསྟོད་ཚིག་རྦ་རླབས་ཀྱི་ཕྲེང་བ་མངོན་པར་གཡོ་བ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-07-05 08:08:34     རྩོམ་པ་པོ།   ཞང་ཞུང་ཆོས་དབང་གྲགས་པ།    ཀློག་ཐེངས།  

341408989559682994.jpg

ཁྱོད་ཡོན་རི་ཡི་དབང་བོས་ཤེས་བྱ་ཡི།།

དཀྱིལ་འཁོར་ཡུངས་འབྲུའི་གོ་སར་འགོད་(བྱེད)ཅིང་།།

རྣམ་དཔྱོད་གཟུགས་སུ་མ་མཛད་ཆོས་རྣམ་ཀུན།།

རང་རང་ལུས་འཛིན་སྐལ་བ་ཅི་ཡང་བཟང༌།།

བློ་བཟང་མཁྱེན་པའི་སྐད་ཅིག་གིས།།

ཤེས་བྱའི་དཀྱིལ་འཁོར་ཀུན་ཁྱབ་ཅན།།

གྲགས་པའི་འོད་དཔུང་ས་གསུམ་གྱི།།

ཁོངས་ལས་ཨེ་མ་ཤིན་ཏུ་བརྒལ།།

ཕྱོགས་བཅུའི་རྒྱལ་རྣམས་ཀུན་མཆོད་ལས།།

འདི་ཡི་ལུས་སྐྱེས་ཁང་བཟང་ནི།།

དང་བ་ཆེས་ལྷག་ལེ་ལོའི་སྐབས།།

ནམ་ཡང་རགས་པ་མ་ཡིན་ནོ།།

མཁན་པོ་ཁྱོད་ལས་རིག་པ་ནི།།

ཆ་ཤས་མངོན་སུམ་བགྱིས་པ་གང༌།།

འདི་ནི་སྲིད་མཚོ་ཉམ་ང་ལས།།

ངེས་པར་སྒྲོལ་བའི་གྲུ་བརྫིངས་(རྫིངས)ཉིད།།

ཁྱོད་ཀྱི་དྲིན་ལས་གསུང་རབ་ཚོགས།།

རིགས་ལམ་ནས་དྲངས་བསྒྲུབ་བགྱིད་ཅིང༌།།

སྡེབ་སྦྱོར་ལ་མཁས་ངག་སྨྲ་འདིས།།

སྙིང་ནས་ཁྱོད་མཆོད་མཉེས་གྱུར་ཅིག།

 དབང་བོའི་སྒོ་ཀུན་ལེགས་བསྡམས་ཤིང༌།།

དགེ་ལས་མི་གཡོའི་རྟ་དམར་ཅན།།

བླང་དོར་རྣམ་འབྱེད་དཔྱོད་བཟང་གིས།།

 རྟག་ཏུ་དམ་པ་ཁྱོད་མཆོད་དོ།།

 བསྟན་པ་འདི་ལས་ཕྱིར་ཕྱོགས་པའི།།

 རྟོག་གེའི་རིགས་ཚུལ་བྱེ་བ་བརྒྱའི།།

 མི་གཡོའི་སེམས་ཀྱི་རི་ཡི་དབང༌།།

འདི་བསྟེན་ཞབས་ཟུང་ཆུ་སྐྱེས་རྒོད།།

དོན་དེ་ཉིད་ཚིགས་སུ་བཅད་དེ་ཡང་སྨྲ་བ།།

བླ་མའི་ཡོན་ཏན་ཆུ་ཕུང་ལས་འོངས་པའི།།

དད་པའི་ཆུ་ཀླུང་ཆེ་ཆེར་རྒྱས་པ་ན།།

བསྟོད་ཚིག་རྦ་རླབས་བསྟན་པར་མ་བཟོད་དེ།།

མྱུར་བ་མྱུར་བར་ཆལ་ཆིལ་མངོན་པར་འཕྲོ།།

         ཅེས་བྱ་བ་ནི་རྗེ་བཙུན་བླ་མ་ཙོང་ཁ་བ་ཆེན་པོའི་བཀའ་དྲིན་གློ་བུར་ཐོ་རུངས་ ( ཐོ་རེངས་ ) སུ་དྲན་པའི་དད་པའི་ཆུ་ཀླུང་ཅེས་བྱ་བ་ལས་བསྟོད་ཚིག་རྦ་རླབས་ཀྱི་ཕྲེང་བ་མངོན་པར་གཡོ་བ་སྟེ། དོན་ཆེན་པོ་དང་ལྡན་པ་ཉིད་ཀྱི་ཕྱིར་ངག་རིག་(སྨྲ་བ་)ཆོས་དབང་གྲགས་པས་མྱུར་བར་བྲིས་པའོ།།

                                   རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                    དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།