བླ་མ་རྗེ་ཙོང་ཁ་བ་ཆེན་པོ་ལ་ཆེད་དུ་བསྟོད་པ་བཞུགས་སོ།།
༄༅། །གང་གི་བསོད་ནམས་ཆུ་མཚོ་ལས་སྐྱེས་མཁས་མཆོག་དབྱར་སྐྱེས་ཆུ་འཛིན་དབང་བོ་ཤེས་བྱའི་མཁའ་ལམ་རྣམ་པ་ཀུན་ཁྱབ་གཞུང་ལུགས་བྱེ་བའི་ཆུ་ཡི་ཁུར་ནི་ཅི་ཡང་འཛིན།།
སྐལ་བ་དམ་པའི་རི་ཀླུང་མ་ལུས་ལེགས་པར་བཤད་པའི་ཆར་གྱི་ཕྲེང་བ་ཟབ་ཅིང་རྒྱ་ཆེ་སྙོམས་པར་འབེབས་པ་བློ་བཟང་ཞིང་བའི་རེ་བའི་མིག་ནི་འདེགས་བྱེད་ཅིང་།།
མན་ངག་ཆུ་སྐྱར་མཛེས་མ་སྟོང་ཕྲག་འཕུར་ལྡིང་གཡོ་ལྡན་ལུང་དང་རིགས་པའི་གཤོག་རྩེ་ཤུགས་ཅན་ཤེས་རབ་སྟོབས་འཆང་ངང་བའི་རྒྱལ་བོའི་སྤྲིན་གྱིས་ཚིག་གསུང་འདྲེས།།
ཁྱད་པར་ལམ་རིམ་དབྱངས་སྙན་སྒྲོག་པའི་ཆར་སྡོད་བྱིའུ་ཆུས་མིག་མཛེས་པ་གྱེན་དུ་རབ་ཕྱོགས་དམ་ཆོས་བདུད་རྩིའི་ཐིགས་པ་བཟུང་ནས་ཕྲེང་བ་བྱས་ཏེ་གར་བྱེད་དོ།།
མཁས་པ་ངང་བའི་རྒྱལ་བོ་བློ་བཟང་མཆོག།
གྲགས་པ་མགྲིན་པའི་རྫ་རྔ་སྒྲོག་པ་ཅན།།
ལེགས་བཤད་གཤོག་རླབས་དབང་བོའི་སྙན་དྲུང་དུ།།
འཇིགས་མེད་བུང་བ་གཞོན་ནུས་འདི་སྐད་ཞུ།།
ཐུབ་བསྟན་ཉི་མ་ནུབ་རིར་ལྷུང་གྱུར་ཅིང་།།
ཤེས་ལྡན་རྐང་དྲུག་ལྡན་པ་མྱ་ངན་རྒྱས།།
ལོག་སྨྲ་འབྱུང་བོའི་བྱ་ཚོགས་རྒྱུ་དུས་འདིར།།
སྨྲ་བའི་ཟླ་བ་བློ་བཟང་གྲགས་པ་ཤར། །
ཤེས་བྱའི་མཁའ་ལ་ཐོགས་མེད་རབ་རྒྱུ་ཞིང་།།
མཁས་མང་རྒྱུ་སྐར་བྱེ་བས་ལེགས་བསྐོར་ནས།།
དམ་ཆོས་གྲངས་མེད་འོད་ཟེར་འགྱེད་དུས་འདིར།།
ལམ་སྟོན་ངལ་བ་བརྒྱ་ཕྲག་དབུགས་ཕྱུངས་ཤིག།
སྐབས་ཞུ།སྔ་གོང་དུ་སྐུ་ཁམས་ཅུང་ཞིག་མ་སྙོམས་ཟེར་བའི་ཚིག་གི་མུན་པས་བློའི་ལམ་ཐམས་ཅད་བཀག་པ་ལྟར་ཡང་།རྗེས་སུ་སྤྲིན་བྲལ་ལྟ་བུའི་གྲགས་པའི་འོད་ཟེར་དཀར་བོས་སྙིང་གི་ཀུ་མུད་ཁ་ཕྱེ་སྟེ་དགའ་སྤྲོའི་གེ་སར་ཅི་ཡང་རྒྱས་པར་གྱུར་ལགས།དམ་པ་ཁྱེད་ལྟ་བུ་འགྲན་ཟླ་ཐམས་ཅད་དང་བྲལ་བའི་བསྟན་པ་འཛིན་པའི་སྐྱེས་བུ་ཆེན་པོ་ཡིན་པས་སྐུ་ཁམས་ཀྱི་འཚོ་སྐྱོང་ལ་རབ་ཏུ་བརྩོན་པར་ཞུ་ཞིང་།ཞིབ་ཀྱི་ཆ་སྙན་དུ་བསྐུལ་བ་རྣམས་སློབ་དཔོན་ཐུབ་པ་རྒྱལ་བོས་འབུལ་བར་ཡོད་ལགས།རྟེན་སོགས་ཀྱང་གཅིག་ཕུལ། ལུག་ལོ་ཟླ་བ་གཉིས་པའི་ཚེས་བཅོ་ལྔ་ལ་ཞུས།
ཧི་མ་ལའི་རིག་མཛོད་ཁང་གིས་དཔར་བའི་༼བོ་དོང་གསུང་འབུམ་ཆེན་མོ༽ལས་བཤུས།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་་སྦྲེལ་ཐགhttp://www.tb1025.cn