འཕགས་པ་དུམ་བུ་ཞེ་གཉིས་པ་ཞེས་བྱ་བའི་མདོ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2024-02-17 07:55:28     རྩོམ་པ་པོ།   བཅོམ་ལྡན་འདས།     ཀློག་ཐེངས།  

༄༅། །རྒྱ་ནག་སྐད་དུ། ཧྥོ་བ་ཤོ་ཟ་ཤཱི་ཨི་ལ་ཊཱད་ཀྱིང་། བོད་སྐད་དུ། འཕགས་པ་དུམ་བུ་ཞེ་གཉིས་པ་ཞེས་བྱ་བའི་མདོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། དེའི་ཚེ་བཅོམ་ལྡན་འདས་ཀྱིས་བླ་ན་མེད་པའི་བྱང་ཆུབ་མངོན་དུ་མཛད་དེ་འདི་ལྟར་དགོངས་སོ། ཆགས་པ་དང་བྲལ་ཞིང་རབ་ཏུ་ཞི་བ་ནི་ཁྱད་དུ་འཕགས་ཏེ། ཏིང་ངེ་འཛིན་ཆེན་པོ་ལ་གནས་ནས་བདུད་སྟེ་ཐམས་ཅད་བཅོམ་པས། ད་ནི་སེམས་ཅན་རྣམས་གྲོལ་བར་བྱ་བའི་ཕྱིར་ཆོས་ཀྱི་འཁོར་ལོ་བསྐོར་བར་དགོངས་ཏེ། དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་གཤེགས་ནས་ཚེ་དང་ལྡན་པ་ཀུན་ཤེས་ཀོོ་ཎྜི་ནྱ་ལ་སོགས་པའི་ལྔ་སྡེ་ལ་བདེན་བཞིའི་ཆོས་འཁོར་བསྐོར་བས་དེ་དག་ལམ་དང་འབྲས་བུ་ལ་བཀོད་པར་མཛད་དོ། །དེ་ནས་དགེ་སློང་གཞན་དག་བཅོམ་ལྡན་འདས་ཀྱི་དྲུང་དུ་ལྷགས་ཏེ་རང་རང་གི་སེམས་ཀྱི་རྟོག་པ་བཅོམ་ལྡན་འདས་ལ་ཞུས་སོ། །བཅོམ་ལྡན་འདས་ཀྱིས་ཡང་དག་པར་བསྟན་པས་དེ་དག་སེམས་ཀྱི་རྟོག་པ་ལས་རྣམ་པར་གྲོལ་བར་གྱུར་ཏེ། བཅོམ་ལྡན་འདས་ཀྱི་ག་ལ་བ་དེ་ལགས་སུ་ཐལ་མོ་སྦྱར་བ་གཏད་ནས་བཅོམ་ལྡན་འདས་ཀྱིས་བསྟན་པ་ལ་གུས་པས་མཉན་པར་གྱུར་ཏོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་དམ་པའི་ཆོས་དུ་མ་བུ་བཞི་བཅུ་རྩ་གཉིས་པ་ཞེས་བྱ་བ་འདི་གསུངས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། ཉེ་དུ་དག་སྤངས་ཁྱིམ་ནས་རབ་ཏུ་བྱུང་ཏེ་བསླབ་པ་ལ་གནས་ནས་སེམས་ཀྱི་དེ་ཉིད་མཐོང་བར་བྱེད་ཅིང་འདུ་མ་བྱས་པའི་ཆོས་རྟོགས་པར་བྱེད་པ་ལ་དགེ་སྦྱོང་ཞེས་བྱའོ། །ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་མ་ལུས་པ་ལ་གནས་ཤིང་བརྩོན་པས་བདེན་པ་བཞིའི་ལམ་འབད་པས་བསྒྲུབས་ནས་ཡོངས་སུ་དག་པར་བྱས་པ་ལ་དགྲ་བཅོམ་པ་ཞེས་བྱའོ། །ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། །དགྲ་བཅོམ་པ་ནི་སྟེང་གི་ནམ་མཁར་འཕགས་ཏེ་རྫུ་འཕྲུལ་དང་སྤྲུལ་པ་སྣ་ཚོགས་སྟོན་པ་དང་། འཇིག་རྟེན་གྱི་ཁམས་རྣམས་ཀུན་ནས་གཡོ་བར་ནུས་པ་དང་། ཚེའི་འདུ་བྱེད་ཀྱང་ཇི་འདོད་དུ་ཡོངས་སུ་འཛིན་ནུས་པའོ། དེའི་འོག་མ་ནི་ཕྱིར་མི་འོང་ངོ་། །

76-282a

ཕྱིར་མི་འོང་ནི་ཚེ་འཕོས་ནས་ལྷ་གནས་པ་བཅུ་དགུ་པ་ལ་སྐྱེས་ནས་གནས་དེ་ཉིད་དུ་དགྲ་བཅོམ་འཐོབ་པར་འགྱུར་བའོ། །དེའི་འོག་མ་ལན་ཅིག་ཕྱིར་འོང་བའོ། །ལན་ཅིག་ཕྱིར་འོང་ནི་ཚེ་འཕོས་ནས་ཁམས་གོང་མར་སྐྱེ་བར་འགྱུར་ཞིང་དེ་ནས་ཕྱིར་འོངས་ནས་དགྲ་བཅོམ་འཐོབ་པར་འགྱུར་བའོ། །དེའི་འོག་མ་རྒྱུན་དུ་ཞུགས་པའོ། །རྒྱུན་དུ་ཞུགས་པ་ནི་ཚེ་ལན་བདུན་འཕོ་ཞིང་སྐྱེ་བ་ལན་བདུན་བླངས་པའི་མཐར་དགྲ་བཅོམ་འཐོབ་པར་འགྱུར་བའོ། །འདོད་སྲེད་ཡོངས་སུ་སྤངས་པ་ནི་ལུས་ཀྱི་ཡན་ལག་ཡོངས་སུ་བཅད་པ་དང་འདྲ་སྟེ། ཕྱིས་ཡོངས་སུ་བསྟེན་དུ་མི་རུང་བར་འགྱུར་རོ། །ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། རབ་ཏུ་བྱུང་བའི་དགེ་སློང་རྣམས་འདོད་སྲེད་དང་བྲལ་ཞིང་རང་གི་སེམས་ཉིད་ཡོངས་སུ་ཤེས་ནས་སངས་རྒྱས་ཀྱི་ལམ་ཟབ་མོའི་དོན་འདུས་བྱས་པ་རྟོགས་པར་བྱས་པས། ཐོབ་པ་མེད་པ། ཚོལ་བ་མེད་པ། ལམ་གྱིས་བཅིང་དུ་མེད་པ། ལམ་གྱིས་སྦྱོར་དུ་མེད་པ། བསམ་དུ་མེད་པ། བྱེད་དུ་མེད་པ། བསྒོམ་དུ་མེད་པ། མངོན་དུ་བྱར་མེད་པ། ཐམས་ཅད་དུ་མི་གནས་པ། རང་བཞིན་གྱིས་མཆོག་ཕུལ་དུ་བྱུང་བ་དེ་ལ་ལམ་ཞེས་བྱའོ། །ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐྲ་དང་ཁ་སྤུ་བྲེགས་ཏེ་དགེ་སློང་དུ་གྱུར་ནས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་ཞུགས་པ་རྣམས་ཀྱིས་འཇིག་རྟེན་གྱི་ཟང་ཟིང་སྤངས་ཏེ་བསོད་སྙོམས་ལ་སྤྱོད་ཅིང་ཉིན་ཕྱེད་དུ་ཟས་གཅིག་བཟའ་ཞིང་གནས་མལ་ཤིང་དྲུང་དུ་འཆའ་ཞིང་བག་ཡོད་པས་ཟས་ཕྱིས་ལེན་པར་མི་བྱའོ། དེ་ཅིའི་ཕྱིར་ཞེ་ན། འདོད་པ་ལ་སྲེད་པས་སྐྱེ་བོ་དག་རྨོངས་པར་བྱེད་པའི་ཕྱིར་རོ། །ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེམས་ཅན་དག་གིས་རྣམ་པ་བཅུས་དགེ་བ་སྒྲུབ་པར་འགྱུར་ལ་རྣམ་པ་བཅུས་མི་དགེ་བ་སྒྲུབ་པར་འགྱུར་རོ། །བཅུ་གང་ཞེ་ན། ལུས་ཀྱི་གསུམ་དང་། ངག་གི་བཞི་དང་། ཡིད་ཀྱི་གསུམ་མོ། ལུས་ཀྱི་རྣམ་པ་གསུམ་གང་ཞེ་ན། སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་

76-282b

པའོ། ངག་གི་རྣམ་པ་བཞི་གང་ཞེ་ན། རྫུན་དུ་སྨྲ་བ་དང་། ཚིག་འཁྱལ་སྨྲ་བ་དང་། ཚིག་རྩུབ་སྨྲ་བ་དང་། ཕྲ་མ་སྨྲ་བའོ། །ཡིད་ཀྱི་གསུམ་གང་ཞེ་ན། བརྣབས་སེམས་དང་། གནོད་སེམས་དང་། རྨོངས་པས་མཆོག་གསུམ་ལ་ཡིད་མི་ཆེས་ཏེ་ཤིང་ཕྱིན་ཅི་ལོག་ལྟ་བའོ། །དགེ་བསྙེན་རྣམས་ཆོས་རྣམ་པ་ལྔ་ལས་ལེ་ལོས་མི་ལྡོག་ཅིང་རྣམ་པ་བཅུས་དགེ་བ་ལ་སྤྱད་པས་ངེས་པར་འབྲས་བུ་ཐོབ་པར་འགྱུར་རོ། ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐྱེ་བོ་དག་ཉེས་པ་མང་པོ་བྱས་ལ་འགྱོད་པ་མེད་པར་རིམ་གྱིས་བསགས་པའི་སྡིག་པའི་འབྲས་བུ་རང་ཉིད་ལ་སྨིན་པར་འགྱུར་ཏེ། དཔེར་ན། ཆུ་ཀླུང་རྣམས་རྒྱ་མཚོ་ཆེན་པོར་བབས་པ་ན་རང་གིས་ཟབ་ཅིང་ཡངས་བར་གྱུར་ཏེ་བརྒལ་དཀའ་བར་འགྱུར་བ་བཞིན་ནོ། །སྐྱེ་བོ་དག་ཉེས་པ་མཐོང་ནས་སླན་ཆད་བསྡམས་པས་དགེ་བའི་ཆོས་རྣམས་འཕེལ་བར་འགྱུར་ཞིང་སྡིག་པ་རིམ་གྱིས་ཞི་བར་འགྱུར་ཏེ་ལམ་རྣམས་ཀྱང་འགྲུབ་པར་འགྱུར་རོ། །ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། སྐྱེ་བོ་རྨོངས་པ་དག་གིས་དེ་བཞིན་གཤེགས་པ་ལ་སྡིག་པ་མི་དགེ་བའི་ལས་བྱས་ཀྱང་བྱམས་པ་ཚད་མེད་པས་ཡོངས་སུ་འཛིན་ཅིང་ཕྱི་ཕྱིར་ཚུལ་མིན་གྱི་ས་ཐོབ་ཙམས་ཀྱང་ཕྱིར་ཞིང་བྱམས་སོགས་ཚད་མེད་པའི་ཐུགས་རྗེས་བསྐྱངས་པར་མཛད་དོ། །གཞི་དེས་དེ་བཞིན་གཤེགས་པ་ནི་བསོད་ནམས་དང་ཡོན་ཏན་གྱི་དཔལ་ལ་མངའ་བརྙེས་སོ། སྐྱེ་བོ་དེ་དག་ལ་གནོད་པ་དང་སྡུག་བསྔལ་བ་འབྱུང་ངོ་། །ཡང་རྨོངས་པ་འགའ་ཞིག་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཀུན་ཏུ་སྤྱོད་པའི་ཆོས་ཉིད་ནི་བྱམས་པ་དང་ཐུགས་རྗེའི་བདག་ཉིད་ནི་འདི་ལགས་པས་ཐོ་བཙམས་ཀྱང་ཕྱིར་ཞིང་བྱམས་པར་མཛད་དོ་ཞེས་ཐོས་ནས་བཅོམ་ལྡན་འདས་ཀྱི་དྲུང་དུ་འོངས་ཏེ་སྤྱོས་ཀྱང་ཅང་མི་གསུང་བར་བཞུགས་ཏེ། འདི་ནི་གཏི་མུག་ཅན་མི་གསལ་བ་རྨོངས་པའོ་ཞེས་ཐུགས་རྗེ་ཆེན་པོས་དགོངས་སོ། །སྤྱོས་རྙེས་པར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། བུ་ཁྱོད་ཀྱིས་གཞན་ཞིག་ལ་བསྙེན་བཀུར་བྱས་པ་ལ་དེས་དང་དུ་མ་བླངས་ན་ཇི་ལྟར་བྱ། དེས་གསོལ་བ། ཕྱིར་འབྲངས་

76-283a

བར་བྱའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། བུ་ཁྱོད་ཀྱིས་ད་བཟོད་སྤྱོས་པ་དེ་བཞིན་གཤེགས་པས་བདག་གིར་མ་མཛད་པས་ཕྱིར་ཁུར་ཞིག་ཁྱོད་ལ་སྡུག་བསྔལ་འབྱུང་ངོ་། །དཔེར་ན། བྲག་ཆ་སྒྲའི་རྗེས་སུ་འབྲངས་པ་དང་། གྲིབ་མ་ལུས་ཀྱི་རྗེས་སུ་འབྲངས་པ་ལྟར་ནམ་ཡང་རྣམ་སྨིན་དེ་དང་འབྲལ་བར་མི་འགྱུར་རོ། །དེའི་ཕྱིར་སྡིག་པ་མི་དགེ་བའི་ལས་ལ་འཇོམས་པར་བྱའོ། །ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། དམ་པ་དག་ལ་སྡིག་ཅན་རྣམས་ཀྱིས་འཚེ་བར་བྱེད་པ་ནི། དཔེར་ན། ནམ་མཁར་མཆིལ་མ་འདོར་བ་དང་འདྲ་སྟེ། མཆིལ་མས་ནམ་མཁའ་སྦགས་མི་ནུས་ཤིང་རང་ཉིད་སྦགས་པར་འགྱུར་བ་དང་། རླུང་གི་རྫི་ཕྱོགས་སུ་གཞན་ལ་ཐལ་བ་འཐོར་བ་ལྟར་རྡུལ་ཕ་རོལ་པོ་ལ་བསྒོ་མི་ནུས་ཤིང་ཕྱིར་ཞིང་རང་ཉིད་ལ་འགོས་པར་འགྱུར་བ་དང་མཚུངས་སོ། །དམ་པ་དག་ལ་སྐུར་པ་འདེབས་པར་མི་བྱ་སྟེ། དམ་པ་དག་ལ་གནོད་པ་བྱས་པས་རང་ཉིད་ཉམས་པར་འགྱུར་རོ། །ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། སྤྱོད་པ་ལ་སློབ་པ་དག་གིས་བྱམས་པ་དང་སྙིང་རྗེ་ལ་བརྩོན་པར་བྱ་ཞིང་སྦྱིན་པ་ཡང་སྦྱིན་པར་བྱ་སྟེ། སྦྱིན་པའི་ཕན་ཡོན་ཤིན་ཏུ་ཆེའོ། །བསྡམས་པའི་ཡིད་ཀྱིས་ལེགས་པར་ཆོས་སྤྱད་ན་དེའི་བསོད་ནམས་ཤིན་ཏུ་ཆེའོ། །གཞན་གྱིས་ཆོས་སྤྱོད་པ་མཐོང་བའི་ཚེ་ཕན་འདོགས་ཤིང་རྗེས་སུ་ཡི་རང་བྱས་པས་ཀྱང་བསོད་ནམས་ཀྱི་རྣམ་སྨིན་འཐོབ་པར་འགྱུར་རོ། །གསོལ་བ། བཅོམ་ལྡན་འདས་དེ་ལྟར་ན་དེའི་བསོད་ནམས་ཀྱི་ཕུང་པོ་དེ་བྲི་བར་མི་འགྱུར་རམ། བཀའ་སྩལ་བ། དཔེར་ན། གནས་ཞིག་ན་དཔལ་འབར་སྦར་བ་ཞིག་ཡོད་ལ་ཕྱོགས་བཞིའི་སྐྱེ་བོ་མང་པོས་དཔལ་འབར་མང་པོ་ཁྱེར་ཏེ་དེ་ལས་སྦར་ཏེ་བཟའ་བཅའ་དག་འཆེད་པར་བྱེད། མུན་པ་དག་སེལ་བར་བྱས་ཀྱང་མེ་དེ་ཟད་པར་མི་འགྱུར་བ་ལྟར་བསོད་ནམས་ཀྱི་ཕུང་པོ་དེ་ཡང་དེ་བཞིན་ནོ། །ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། 

76-283b

སྐྱེ་བོ་ཐ་མལ་བ་བརྒྱ་ལ་ཟས་བྱིན་བབས་དམ་པ་གཅིག་ལ་ཟས་བྱིན་པའི་ཆར་མི་ཕོད། །དམ་པ་སྟོང་ལ་ཟས་བྱིན་པ་བས་ལས་བསླབ་པའི་གཞི་ལྔ་འཛིན་པ་གཅིག་ལ་ཟས་བྱིན་པའི་ཆར་མི་ཕོད། བསླབ་པའི་གཞི་ལྔ་འཛིན་པ་ཁྲི་ཕྲག་ལ་ཟས་བྱིན་པ་བས་རྒྱུན་ཏུ་ཞུགས་པ་གཅིག་ལ་ཟས་བྱིན་པའི་ཆར་མི་ཕོད། རྒྱུན་ཏུ་ཞུགས་པ་ཁྲི་ཕྲག་བརྒྱ་ལ་ཟས་བྱིན་པ་བས་ལན་ཅིག་ཕྱིར་འོང་གཅིག་ལ་ཟས་བྱིན་པའི་ཆར་མི་ཕོད། ལན་ཅིག་ཕྱིར་འོང་ཁྲི་ཕྲག་སྟོང་ལ་ཟས་བྱིན་པ་བས་ཕྱིར་མི་འོང་གཅིག་ལ་ཟས་བྱིན་པའི་ཆར་མི་ཕོད། ཕྱིར་མི་འོང་བྱེ་བ་ལ་ཟས་བྱིན་པ་བས་དགྲ་བཅོམ་པ་གཅིག་ལ་ཟས་བྱིན་པའི་ཆར་མི་ཕོད། །དགྲ་བཅོམ་པ་དུང་ཕྱུར་ལ་ཟས་བྱིན་པ་པས་རང་སངས་རྒྱས་གཅིག་ལ་ཟས་བྱིན་པའི་ཆར་མི་ཕོད། རང་སངས་རྒྱས་བྱེ་བ་བརྒྱ་ལ་ཟས་བྱིན་པ་བས་སངས་རྒྱས་གཅིག་ལ་གདུགས་ཚོད་གསོལ་བའི་ཆར་མི་ཕོད་དོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་ཀྱི་ལམ་ཡོངས་སུ་འཚོལ་ཅིང་སློབ་པར་འདོད་པ་དང་སེམས་ཅན་ཐམས་ཅད་ལ་ཕན་པ་བསྒྲུབ་པར་འདོད་པའི་ཕྱིར་རོ། །དེ་བས་ན་དམ་པ་རྣམས་ལ་ཟས་ཕུལ་བའི་བསོད་ནམས་ཀྱི་ཕུང་པོ་ཤིན་ཏུ་ཆེའོ། །གང་དག་གིས་འཇིག་རྟེན་གྱི་ལྷ་འདྲེ་འབྱུང་པོ་དག་ལ་བསྙེན་བཀུར་བ་བས་ཕ་མ་ལ་གུས་པ་དང་སྲི་ཞུ་བགྱིད་པ་མཆོག་སྟེ། ཕ་མ་གཉིས་བསོད་ནམས་ཀྱི་ཞིང་མཆོག་ཏུ་གྱུར་བའོ། །ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇིག་རྟེན་ན་དཀའ་བ་རྣམ་པ་ཉི་ཤུ་ཡོད་དེ། །དེ་དག་གང་ཞེ་ན་འདི་ལྟ་སྟེ། དབུལ་བོས་སྦྱིན་པ་གཏོང་བ་དཀའ། ཕྱུག་འབྱོར་ལྡན་པས་ལམ་ལ་སློབ་པ་དཀའ། སྲོག་བློས་ངེས་པར་གཏོང་བ་དཀའ། །གསུང་རབ་དམ་པའི་ཆོས་བལྟའ་བ་དཀའ། །སངས་རྒྱས་བྱུང་བའི་ཞིང་ཁམས་སུ་སྐྱེ་བ་དཀའ། འདོད་པ་ལ་མི་ཆགས་ཤིང་སྲན་ཚུགས་པ་དཀའ། ཡིད་འོང་མཐོང་བས་མི་རེ་བ་དཀའ། སྟོབས་འབྱོར་ཅན་སྟོབས་འབྱོར་གྱི་དབང་དུ་མི་འགྲོ་བ་དཀའ། སྨོད་ཕྱིར་བྱེད་པ་ལ་མི་ཁྲོ་བ་དཀའ། བྱ་

76-284a

བའི་ཡུལ་དང་འཕྲད་པའི་ཚེ་སེམས་འདུ་མི་བྱེད་པ་དཀའ། མང་དུ་བསླབས་ཀྱང་མཐར་ཕྱིན་པ་དཀའ། མ་བསླབས་བདག་ལ་མི་བརྙས་པ་དཀའ། ངའོ་སྙམ་པའི་ང་རྒྱལ་གཞོམ་པ་དཀའ། དགེ་བའི་བཤེས་གཉེན་དང་འཕྲད་པ་དཀའ། སེམས་ཀྱི་རང་བཞིན་ཤེས་ནས་ལམ་ལ་སློབ་པ་དཀའ། ཡུལ་དང་ཕྲད་པའི་ཚེ་ཀུན་ནས་མི་གཡོ་བ་དཀའ། བློ་དང་འཚམས་པའི་ཐབས་ཀྱིས་སྤྱོད་པ་དཀའ། ཁམས་དང་མཐུན་པར་གདུལ་བ་དཀའ། སེམས་བཏང་སྙོམས་སུ་འཇོག་པ་དཀའ། བྱ་བ་དང་བྱ་བ་མ་ཡིན་པ་མི་སྨྲ་བ་དཀའོ། །བཅོམ་ལྡན་འདས་ལ་དགེ་སློང་ཞིག་གིས་གསོལ་པ། རྒྱུ་གང་གིས་བྱང་ཆུབ་ཐོབ་པར་འགྱུར། རྐྱེན་གང་གིས་སྔོན་གྱི་གནས་རྗེས་སུ་དྲན་པར་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱང་ཆུབ་ལ་རྟགས་དང་མཚན་མ་མེད་པ་ཞེས་པ་ཙམ་གྱས་མི་ཕན་པས་སེམས་ཀྱི་སྤྱད་པ་བསྲུང་བ་གལ་ཆེའོ། །དཔེར་ན། མེ་ལོང་ཕྱིས་པས་གཡའ་དག་སྟེ་དྭངས་ཤིང་གསལ་བར་གྱུར་བས་གཟུགས་བརྙན་གསལ་བར་སྣང་བར་འགྱུར་རོ། །དེ་བཞིན་དུ་འདོད་པ་ཡོངས་སུ་སྤངས་ཤིང་སྟོང་པའི་ཆོས་ལ་ཀུན་ཏུ་སྤྱད་པས་འཕགས་པའི་ལམ་ཡང་དག་པ་ཇི་ལྟ་བ་བཞིན་དུ་འཐོབ་པར་འགྱུར་ཞིང་སྔོན་གྱི་གནས་ཀྱང་རྗེས་སུ་དྲན་པར་འགྱུར་རོ། །ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་བའི་མཆོག་གང་ཞེ་ན། ལམ་ལ་སྤྱོད་པ་ཉིད་དགེ་བའི་མཆོག་གོ། ཆེ་བའི་མཆོག་གང་ཞེ་ན། བློ་ཆོས་དང་མཐུན་པར་སྦྱོར་བ་ཆེ་བའི་མཆོག་གོ། སྟོབས་དང་ལྡན་པའི་མཆོག་གང་ཞེ་ན། བཟོད་པ་གང་ཡིན་པ་སྟེ། བཟོད་པ་དང་ལྡན་ན་སྡིག་པའི་ལས་མི་བྱེད་པས་ངེས་པར་མི་རྣམས་ཀྱིས་བཀུར་བར་འགྱུར་རོ། །མཆོག་ཏུ་གསལ་བ་གང་ཞེ་ན། གང་སྒྲིབ་པ་མེད་པ་དྲི་མ་དང་བྲལ་བ། ཉེས་སྤྱོད་མེད་པ་ཡོངས་དག་པ། ཐོག་མ་མེད་པ་ནས་ད་ལྟའི་བར་གྱི་ཕྱོགས་བཅུའི་འཇིག་རྟེན་ན་གང་དག་ཡོད་པ་དེ་དག་ཐམས་ཅད་མ་མཁྱེན་པའམ། མ་གཟིགས་པའམ། རྣམ་པར་མ་མཁྱེན་པའམ། མ་གསན་པ་ཅུང་ཟད་ཙམ་ཡང་མི་མངའ་ཞིང་

76-284b

རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ལྡན་པ་དེ་ལ་གསལ་བ་ཞེས་བྱའོ། །ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེམས་ཅན་འདོད་ཆགས་དང་བཅས་པའི་སེམས་ཀྱིས་བསྒྲིབས་པས་ཐ་མ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བར་མི་འགྱུར་ཏེ། དཔེར་ན། ཆུ་རྙོགས་པ་ཅན་ལ་ཚོན་རྩི་སྣ་ལྔ་བཏབ་སྟེ་ཅི་ནུས་པའི་སྟོབས་ཀྱིས་དཀྲུགས་པ་ལ་སྐྱེ་བོ་གང་དག་དེར་བལྟས་པའི་ཚེ་རང་གི་ལུས་ཀྱི་གཟུགས་བརྙན་མཐོང་མི་ནུས་སོ། །དེ་བཞིན་དུ་འདོད་ཆགས་ཀྱིས་འཁྲུལ་བའི་སེམས་རྙོགས་པ་ཅན་དུ་བྱས་པས་ལམ་མཐོང་བར་མི་འགྱུར་རོ། །འོན་ཀྱང་སྐྱེ་བོ་གང་དག་མོས་པས་ཉེས་པ་རིམ་གྱིས་བཤགས་ཤིང་བསྡམས་ཏེ་དགེ་བའི་བཤེས་གཉེན་མཉེས་པར་བྱས་པ་ན་ཆུའི་རྙོགས་པའི་དྲི་མ་དག་སྟེ་གཟུགས་བརྙན་གསལ་བར་འགྱུར་བ་ལྟར་ལམ་མཐོང་བར་འགྱུར་རོ། །ཡང་འདི་ལྟ་སྟེ་དཔེར་ན། ཟངས་ཀྱི་འོག་ཏུ་མེ་ལྕེ་མཆེད་པར་བྱས་ནས་ནང་གི་ཆུ་ཤིན་ཏུ་ཁོལ་བའི་སྟེང་དུ་རས་ཀྱིས་བཀབ་པ་ལ་སྐྱེ་བོ་གང་དག་ཟངས་ཀྱི་ཐད་དུ་འོངས་ནས་བལྟས་པའི་ཚེ་རང་གི་གཟུགས་བརྙན་མི་མཐོང་བ་ལྟ་བུ་སྟེ། རྒྱུད་དུ་ཐོག་མ་མེད་པ་ནས་གནས་པའི་དུག་གསུམ་གྱིས་དཀྲུགས་ཤིང་སྒྲིབ་པ་ལྔས་གཡོགས་པར་བྱས་པས་ལམ་མཐོང་བར་མི་ནུས་སོ། །སེམས་ཀྱི་དྲི་མ་ཡོངས་སུ་ཟད་པ་ན་རྣམ་པར་ཤེས་བ་གང་ནས་འོངས་ཤིང་སྐྱེས་པ་དང་། ཤི་འཕོས་ནས་སངས་རྒྱས་ཀྱི་ཞིང་གང་དག་ཏུ་འགྲོ་བར་འགྱུར་བ་ཤེས་ཤིང་ལམ་གྱི་ཡོན་ཏན་རྣམས་ཀྱང་མཐོང་བར་འགྱུར་རོ། །ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྤྱོད་པ་ལ་སློབ་དཔོན་གྱིས་དཔེར་ན། ལག་ཏུ་སྒྲོན་མེ་ཐོགས་ཏེ་མུན་ཁང་དུ་ཞུགས་པ་ན་མུན་པ་སེལ་ཞིང་སྣང་བ་ཉིད་དུ་བྱ་བ་དང་འདྲ་སྟེ། ལམ་ལ་བསླབས་ཏེ་བདེན་པ་མཐོང་བའི་ཚེ་གཏི་མུག་རྨོངས་པའི་མུན་པ་སངས་པས་གང་ཡང་མི་གསལ་བ་མེད་དོ། །ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་གཤེགས་པས་གང་དགོངས་པ་ཐམས་ཅད་ལམ་ལ་དགོངས་པའོ། །གང་མཛད་པ་ཐམས་ཅད་ལམ་མཛད་པའོ། །གང་གསུངས་པ་ཐམས་ཅད་ལམ་གསུངས་པའོ། །དེ་བཞིན་གཤེགས་པ་ནི་དྲན་པས་ལམ་ཡང་དག་པ་མི་བསྙེལ་བའོ། །ཡང་བཅོམ་ལྡན་འདས་ཀྱིས་བཀའ་

76-285a

སྩལ་པ། ནམ་མཁའ་དང་ས་མཐོང་བའི་ཚེ་མི་རྟག་པའོ་ཞེས་སེམས་པར་བྱའོ། །རི་དང་ལུང་བ་མཐོང་བའི་ཚེ་འདི་ནི་མི་རྟག་པའོ་ཞེས་སེམས་པར་བྱའོ། །དངོས་པོ་རྣམས་ཀྱི་དབྱིབས་དང་གཟུགས་འཕེལ་ཞིང་རྒྱས་པ་མཐོང་བའི་ཚེ་དེ་ཡང་མི་རྟག་པའོ་ཞེས་སེམས་པར་བྱ་སྟེ། འདི་ལྟར་བསམས་པས་རིང་པོར་མི་ཐོགས་པར་ལམ་རྣམས་འཐོབ་པར་འགྱུར་རོ། །ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉིན་རེ་བཞིན་རྒྱུན་དུ་ལམ་ལ་སེམས་པ་དང་སྤྱད་པར་བྱ་སྟེ། དེས་དད་པའི་དབང་པོ་རྗེས་སུ་འཐོབ་པས་བསོད་ནམས་ཀྱི་རྣམ་གྲངས་ཚད་མེད་དོ། །ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལུས་ཀྱི་འབྱུང་བ་ཆེན་པོ་དག་ལ་བདག་ཅེས་པའི་ཐ་སྙད་གདགས་ཀྱང་དེ་དག་བདག་མེད་པའོ། །བདག་ནི་རེ་ཞིག་ཙམ་དུ་ཟད་ཀྱི་རྟག་ཏུ་གནས་པ་མ་ཡིན་ཏེ། དཔེར་ན་སྒྱུ་མ་བཞིན་ནོ། །ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །སེམས་ཅན་འདོད་ཆགས་ཀྱི་རྗེས་སུ་འབྲངས་ཏེ་གྲགས་པ་དོན་དུ་གཉེར་བ་ནི། དཔེར་ན། བདུག་སྤོས་ཀྱིས་བདུགས་པ་དང་འདྲ་སྟེ། གང་དག་དེའི་དྲི་ཚོར་ནས་བདུག་སྤོས་ཀུན་ཏུ་བདུགས་པར་བྱས་པ་ལས་བདུག་སྤོས་དེ་ཡོངས་སུ་མཛད་པ་ལས་མི་འདའོ། །དེ་བཞིན་དུ་བླུན་པོ་དག་འཇིག་རྟེན་ཐ་མལ་བའི་སྙན་གྲགས་ལ་ཆགས་ཏེ་བདེན་པ་ཡང་དག་པའི་གྲགས་པ་ལ་བརྩོན་པར་མི་བྱེད་པ་དག་གྲགས་པ་དང་རྙེད་པས་ཕོངས་པར་གྱུར་ཏེ་འགྱོད་པ་སྐྱེ་བར་འགྱུར་རོ། །ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཟུགས་དང་ནོར་ནི། དཔེར་ན། གྲིའི་སོ་ལ་ཆགས་པའི་སྦྲང་རྩི་དང་འདྲ་སྟེ་ཁྱེའུ་ཆུང་དག་གིས་དེའི་རོ་མྱངས་པ་ཙམ་གྱིས་ལྕེ་སྨས་པའི་སྡུག་བསྔལ་འབྱུང་ངོ་། །ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེམས་ཅན་གང་དག་བུ་དང་ཆུང་མ་དང་ནོར་དང་ཁྱིམ་གྱིས་བཅིངས་པའི་འཇིགས་པ་ནི། དཔེར་ན། བཙོན་རར་བཅུག་པའི་མི་ལ་གདོས་དང་ལྕགས་སྒྲོག་སོགས་ཀྱི་འཇིགས་པ་ལས་ཆེ་བའི་འཇིགས་པའོ། །བཙོན་རའི་འཇིགས་པ་ལས་སྟེས་དབང་གིས་ཐར་བ་འབྱུང་ལ། བུ་དང་ཆུང་མ་སོགས་ལ་ཆགས་པ་ནི་སྟག་གི་ཁར་ཚུད་པ་དང་འདྲ་བའི་འཇིགས་པ་ཡོད་བཞིན་དུ་རྨོངས་པ་དག་བག་མེད་པར་འཇུག་པས་ན་དེ་ལས་ཐར་བར་མི་ནུས་སོ། །

76-285b

ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདོད་ཡོན་ལ་ཆགས་པའི་ནང་ན་གཟུགས་ལ་ཆགས་པ་ནི་ཆགས་པ་གཞན་ལས་ལྷག་གོ། གཟུགས་ལ་ཆགས་པ་ལས་ལྷག་པའི་ཆགས་པ་མེད་དོ། །སྟེས་དབང་གིས་གཟུགས་ལ་འདོད་ཅིང་ཆགས་པ་ནི་གཅིག་ཉིད་དེ། དེ་འདྲ་བ་གཉིས་པ་ཞིག་གྲུབ་ན་འཇིག་རྟེན་ན་ལམ་ལ་སློབ་ནུས་པ་འབྱུང་བར་མི་འགྱུར་རོ། །ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདོད་ཆགས་ཀྱི་ཡུལ་ལ་འཇུག་པ་ནི། དཔེར་ན། རྨོངས་བདག་ལག་ཏུ་སྒྲོན་མེ་ཐོགས་ཏེ་རླུང་གི་རྫི་ཕྱོགས་སུ་གཏད་ནས་འགྲོ་བ་དང་མཚུངས་ཏེ། སྒྲོན་མེ་དེ་མ་འདོར་ན་ལག་བསྲེག་པའི་ཉེས་པ་ངེས་པར་འབྱུང་ངོ་། །འདོད་ཆགས་ཞེ་སྡང་གཏི་མུག་གསུམ་རྒྱུད་ལ་ཡོད་པ་སྔོན་དུ་ལམ་གྱིས་མ་བསལ་ན་རྨོངས་པ་དག་ལག་ཏུ་སྒྲོན་མེ་ཐོགས་པ་མ་བཏང་བས་ལག་པ་སྲེ་པ་དང་མཚུངས་པའི་ཉེས་དམིགས་ཆེའོ། །དེ་ནས་ལྷ་ཞིག་གིས་ཚོད་བག་མས་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ལྷའི་བུ་མོ་ཞིག་བཏང་ངོ་། །བཅོམ་ལྡན་འདས་ཀྱིས་དེ་ལ་བཀའ་སྩལ་པ། མི་གཙང་བ་སྣ་ཚོགས་ཀྱིས་གང་བའི་རྒྱལ་བ་ཁྱོད་ཅིའི་ཕྱིར་དུ་འོངས། སྐྱེ་བོ་ཐ་མལ་བ་བསླུ་ནུས་ཀྱི་དེ་བཞིན་གཤེགས་པ་མངོན་པར་ཤེས་པ་དྲུག་དང་ལྡན་པ་རྣམ་པ་ཐམས་ཅད་དུ་གཡོ་བར་ག་ལ་ནུས། ཁྱོད་དེ་བཞིན་གཤེགས་པ་ལ་དགོས་པ་མེད་དོ་སོང་ཞིག །དེ་ནས་ལྷ་དེ་བཅོམ་ལྡན་འདས་ལ་མངོན་པར་དད་པར་གྱུར་ནས་སེམས་ཀྱི་རྟོག་པ་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་རྣམ་པར་ཕྱེ་སྟེ་བསྟན་པས་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་བཀོང་བར་མཛད་དོ། །ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐྱེ་བོ་དག་ལམ་ལ་སློབ་པའི་ཚེ་ཆུའི་ཁ་ལ་གཡེངས་པའི་ཤིང་དང་མཚུངས་ཏེ། གལ་ཏེ་ཤིང་དེ་ཆུའི་རྒྱུན་ཕྱོགས་སུ་ཁྱེར་བ་ཕར་འགྲམ་དུ་ཡང་མ་རེག་ཚུར་འགྲམ་དུ་ཡང་མ་རེག །མིས་མ་བླངས། ལྷ་འདྲེ་དག་གིས་ཀྱང་མ་བཟློག །ཀློང་དུའང་མ་ལུས། རུལ་བར་ཡང་མ་གྱུར་ན་ངེས་པར་རྒྱ་མཚོ་ཆེན་པོར་འབབས་པར་འགྱུར་རོ་ཞེས་ང་སྨྲའོ། །དེ་བཞིན་དུ་གལ་ཏེ་སྐྱེ་བོ་གང་དག་ལམ་ལ་སློབ་པའི་ཚེ་འདོད་ཆགས་ཀྱིས་རྨོངས་པར་མ་གྱུར། ཕྱིན་ཅི་ལོག་དག་གིས་མ་ཟིན། ནེམ་

76-286a

ནུར་མི་བྱེད་ཅིང་འབད་པས་འགྲུས་པར་བྱས་ན་སྐྱེ་བོ་དེ་ངེས་པར་ལམ་ཐོབ་པར་འགྱུར་རོ་ཞེས་ང་སྨྲའོ། །ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སྦྱོང་དག་སེམས་ལ་ཡིད་མ་ཆེས་ཤིག །སེམས་ལ་གཏན་ནས་ཡིད་ཆེས་པར་མི་བྱའོ། །བག་ཡོད་བར་གྱིས་ཤིག །གཟུགས་ལ་ཆགས་པར་མ་བྱེད་ཅིག །གཟུགས་ལ་ཆགས་པས་སྡུག་བསྔལ་འབྱུང་ངོ་། །གང་ཚེ་དགྲ་བཅོམ་པ་མངོན་དུ་བྱས་པ་དེའི་ཚེ་གདོད་སེམས་ལ་ཡིད་ཆེས་པར་རིགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཡང་དགེ་སྦྱོང་རྣམས་ལ་བཀའ་སྩལ་པ། དགེ་སྦྱོང་དག་བག་ཡོད་པར་གྱིས་ཤིག །བུད་མེད་ལ་བལྟ་བར་མི་བྱའོ། །གལ་ཏེ་འཕྲད་པའི་ཚེ་ཡང་བལྟ་བར་མི་བྱ་བག་དང་ལྡན་པར་བགྱིས་ཏེ་གཏམ་སྨྲ་བར་མི་བྱ་སྟེ། གལ་ཏེ་གཏམ་སྨྲ་ཚེ་བསམས་བབ་དག་ནི་དགེ་སྦྱོང་སྟེ། སྙིགས་མའི་འཇིག་རྟེན་དུ་པད་མའི་དམ་གྱིས་མ་གོས་པ་ལྟར་གནས་པར་བྱའོ་སྙམ་ནས་རྒན་མོ་ལ་མའི་འདུ་ཤེས། རང་ལས་ཅུང་ཟད་རྒན་པ་ལ་ཨ་ཕྱིའི་འདུ་ཤེས། རང་ལས་གཞོན་པ་ལ་སྲིང་མོའི་འདུ་ཤེས་བསྐྱེད་པར་བྱ་ཞིང་། ན་ཚོད་ཆུང་བ་དག་ལ་ཚུལ་མིན་གྱིས་བརྙས་པར་མི་བྱའོ། །གལ་ཏེ་ཚུལ་མིན་ཡིད་བྱེད་བྱུང་བའི་ཚེ་ཞིབ་ཏུ་དཔྱད་ཅིང་བརྟག་པར་བྱའོ། །འདི་ལྟར་བརྟག་པར་བྱ་སྟེ། ལུས་ཀྱི་སྤྱི་བོ་ནས་རྐང་མཐིལ་གྱི་བར་དུ་བརྟག་པར་བྱའོ། དེ་ནས་ལུས་ཀྱི་ནང་དུ་བརྟག་པར་བྱ་སྟེ། ལུས་ཀྱི་ནང་མི་གཙང་བ་སྣ་ཚོགས་ཀྱིས་ཀུན་ནས་གང་ཞིང་འཛག་པ་ཉིད་ཡིན་ནོ་ཞེས་ཚུལ་མིན་ཡིད་བྱེད་དེ་ཡོངས་སུ་བསལ་བར་བྱའོ། །ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དཔེར་ན། རྩྭ་སྐམ་ལ་མེ་མཆེད་པའི་ཚེ་དེ་ལས་རིངས་རྟབས་ཀྱིས་བཟློས་དགོས་པ་ལྟར་ལམ་ལ་སློབ་པའི་སྐྱེ་བོ་དག་འདོད་ཆགས་ཀྱི་ཡུལ་རྣམས་རྒྱང་རིང་དུ་འདོར་བར་བྱའོ། །ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐྱེ་བོ་ཞིག་ཡིད་འདོད་ཆགས་ཀྱིས་གདུངས་ཏེ་ཆགས་སེམས་དེ་ཞི་བའི་ཐབས་མ་རྙེད་ནས་རང་གི་མཚན་མ་སྟ་གྲིས་བཅད་དོ། །བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཁྱོད་ཀྱིས་མཚན་མ་གཅོད་པ་ལས་སེམས་གཅོད་པ་མཆོག་གོ། སེམས་ནི་

76-286b

གཙོ་བོ་སྟེ་གཙོ་བོ་ཆོད་ན་འཁོར་ངང་གིས་འགག་པར་འགྱུར་རོ། །ཕྱིན་ཅི་ལོག་གི་སེམས་མ་བཅད་པར་མཚན་མ་བཅད་པས་ཅི་ལ་ཕན་ཞེས་གསུངས་སོ། །དེ་ནས་མི་དེ་ཤི་བར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇིག་རྟེན་གྱི་སྐྱེ་བོ་ལོག་ལྟ་ཅན་དག་མི་གཏི་མུག་ཅན་འདི་དང་འདྲ་བའི་བླུན་པོའོ། །ཡང་གཞོན་ནུ་མ་ཞིག་སྐྱེས་པ་ཞིག་དང་དུས་བཏབ་པ་ལས་སྐྱེས་པ་དེ་དུས་སུ་མ་སླེབས་པས་གཞོན་ནུ་མ་དེ་འགྱོད་ནས་ཚིགས་སུ་བཅད་པ་སྨྲས་པ། འདོད་ཆགས་ཁྱོད་ཀྱི་རྩ་བ་ང་ཡིས་ཤེས། །ཁྱོད་ནི་རྣམ་པར་རྟོག་ལས་བྱུང་བ་ཡིན། །ཁྱོད་ལ་ང་ཡིས་རྟོག་པར་མ་བྱས་ཚེ། ཁྱོད་ནི་ནམ་ཡང་སྐྱེ་བར་མི་འགྱུར་རོ། །ཞེས་སྨྲས་སོ། །དེའི་ཚེ་ལམ་དེ་ནས་བཅོམ་ལྡན་འདས་གཤེགས་པས་གསན་ཏེ། །དགེ་སྦྱོང་དག་ལ་གསུངས་པ། དགེ་སྦྱོང་དག་ཟུངས་ཤིག །ཚིགས་སུ་བཅད་པ་འདི་ནི་བཅོམ་ལྡན་འདས་སངས་རྒྱས་འོད་སྲུངས་ཀྱིས་གསུངས་པ་འཇིག་རྟེན་དུ་གྲགས་ཤིང་རྒྱུན་འབྱམས་པའོ། །ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེམས་ཅན་འདོད་ཡོན་ལ་ཆགས་པས་སྡུག་བསྔལ་འབྱུང་ཞིང་སྡུག་བསྔལ་ལས་འཇིགས་པ་འབྱུང་བར་འགྱུར་རོ། །ཆགས་པ་མེད་པས་སྡུག་བསྔལ་མི་འབྱུང་། སྡུག་བསྔལ་མེད་པས་འཇིགས་པ་འབྱུང་བར་མི་འགྱུར་རོ། །ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐྱེ་བོ་དག་ལམ་ལ་སློབ་པའི་ཚེ་མི་གཅིག་མི་ཁྲི་ཕྲག་མང་པོ་དག་དང་གཡུལ་འགྱེད་པ་ལྟ་བུ་སྟེ། དཔེར་ན། མི་ཞིག་གོ་གྱོན་མཚོན་ཐོགས་ནས་ཕྱིར་ཐོན་པ་དང་འཇིགས་སྔངས་ཀྱིས་ཕྱིར་ལྡོག་པའམ། ལམ་གྱི་བར་མདོར་ལྡོག་པའམ། གཡུལ་བཀྱེས་པས་བསད་པའམ། རྒྱལ་ནས་རང་ཡུལ་དུ་འཁོར་ཏེ་གཙོ་བོར་འགྱུར་བའང་ཡོད་དོ། །དེ་བཞིན་དུ་ཤིན་ཏུ་བརྟན་པའི་ཡིད་ཀྱིས་སྤྱོད་པ་ལ་འབད་ཅིང་བརྩོན་པས་གཏི་མུག་གིས་བསླུས་པར་མ་གྱུར་ན་འདོད་ཆགས་ངེས་པར་སྤངས་ཏེ་འབྲས་བུ་འཐོབ་པར་འགྱུར་རོ། །དེའི་ཚེ་དགེ་སྦྱོང་ཞིག་མཚན་མོ་ཀློག་པ་བྱས་པའི་ཚེ་གདངས་དྲག་ལ་མྱུར་བ་ལས་གདུངས་པས་འགྱོད་དེ་ཁྱིམ་དུ་འབབ་བོ་སྙམ་དུ་སེམས་པར་གྱུར་ཏོ། །དེའི་ཚེ་བཅོམ་ལྡན་འདས་

76-287a

ཀྱིས་དེ་བོས་ནས་བཀའ་སྩལ་པ། ཁྱོད་སྔོན་ཁྱིམ་ན་གནས་པའི་ཚེ་ལས་ཅི་ཞིག་བགྱིད། གསོལ་པ། པི་ཝང་བརྡུང་བའི་ལས་བྱེད་པ་ལགས་སོ། །བཀའ་སྩལ་པ། རྒྱུད་ལྷོད་ན་ཅིར་འགྱུར། གསོལ་པ། སྒྲ་འབྱུང་བར་མི་འགྱུར་རོ། །རྒྱུད་དམ་ན་ཅིར་འགྱུར། སྒྲ་འཆད་པར་འགྱུར་རོ། །རྒྱུད་རན་པར་བཅས་ན་ཅིར་འགྱུར། རྒྱུད་མཐོ་དམན་མེད་ཅིང་སྙོམས་པར་འགྱུར་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་དེ་ལ་བཀའ་སྩལ་པ། ལམ་ལ་སློབ་པའི་ཚེ་ཡང་དེ་ལྟ་བུར་སེམས་སྙོམས་པར་བསྡམས་པས་ལམ་ཐོབ་པར་འགྱུར་རོ། །ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལམ་ལ་སློབ་པ་དང་། །དཔེར་ན། ལྕགས་བཞུ་སྦྱང་བྱས་ཏེ་རིམ་གྱིས་བརྡུངས་པས་གཡའ་དག་པར་བྱས་པ་དེ་ལས་སྣོད་ཅི་བྱེད་ཀྱང་ལས་སུ་རུང་བར་འགྱུར་བ་ལྟ་བུ་སྟེ། ལམ་ལ་སློབ་པ་དག་སེམས་ཀྱི་དྲི་མ་རིམ་གྱིས་དག་པར་བྱས་ཏེ་བརྩོན་པས་བྱང་ཆུབ་སྦྱང་བར་བྱས་པས་གདོན་མི་ཟ་བར་བྱང་ཆུབ་འགྲུབ་པར་འགྱུར་ཏེ། གཞན་དུ་ན་རང་ཉིད་སྐྱོ་བར་འགྱུར། སྐྱོབས་ཉོན་མོངས་པར་འགྱུར། ཀུན་ནས་ཉོན་མོངས་པས་ལམ་ལས་ལྡོག་པར་འགྱུར། ལམ་ལས་ལོག་པས་ལྡིག་པའི་ལས་གསོགས་པར་འགྱུར་རོ། །ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐྱེ་བོ་དག་ལ་མལ་སྤྱོད་ཀྱང་སྡུག་བསྔལ་ལ་ལམ་ལ་མི་སྤྱོད་ཀྱང་སྡུག་བསྔལ་ལོ། སེམས་ཅན་སྐྱེས་ནས་རྒ་བའི་བར་དང་། རྒས་ནས་ན་བ་དང་འཆི་བའི་བར་སྡུག་བསྔལ་འབྱུང་བ་ནི་དཔག་པར་དཀའ་སྟེ། སེམས་ཉོན་མོངས་པས་དཀྲུགས་ཤིང་སྡིག་པའི་ལས་བསགས་པས་སྐྱེ་འཆི་བརྒྱུད་མར་འབྱུང་བའི་ཕྱིར་སྡུག་བསྔལ་བརྗོད་ཀྱིས་ལོངས་པ་མ་ཡིན་ནོ། །ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེམས་ཅན་ངན་སོང་ལས་གྲོལ་ཏེ་མིའི་ལུས་རྟེན་ཐོབ་པ་དཀའ། མིའི་ལུས་རྟེན་ཐོབ་ཀྱང་བུད་མེད་ཀྱི་རྟེན་ལས་ལོག་སྟེ་སྐྱེས་པའི་དངོས་པོ་ཐོབ་པ་དཀའ། སྐྱེས་པའི་ལུས་རྟེན་ཐོབ་ཀྱང་དབང་པོ་ཀུན་ཚང་བ་དཀའ། དབང་པོ་ཐམས་ཅད་ཚང་ཡང་ཡུལ་དབུས་སུ་སྐྱེ་བ་དཀའ། ཡུལ་དབུས་སུ་སྐྱེས་ཀྱང་སངས་རྒྱས་ཀྱི་བསྟན་པའི་རྗེས་སུ་སློབ་པ་དཀའ། སངས་རྒྱས་ཀྱི་བསྟན་པའི་རྗེས་

76-287b

སུ་བསླབས་ཀྱང་ཆོས་ལྡན་གྱི་རྒྱལ་པོ་དང་འཕྲད་པ་དཀའ། ཆོས་ལྡན་གྱི་རྒྱལ་པོ་དང་ཕྲད་ཀྱང་བྱང་ཆུབ་སེམས་དཔའི་ཁྱིམ་དུ་སྐྱེ་བ་དཀའ། བྱང་ཆུབ་སེམས་དཔའི་ཁྱིམ་དུ་སྐྱེས་ཀྱང་མཆོག་གསུམ་ལ་དད་ཅིང་སངས་རྒྱས་བཞུགས་པའི་འཇིག་རྟེན་གྱི་ཁམས་སུ་སྐྱེ་བ་དཀའོ། །ཡང་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་དག་ལ་བཀའ་སྩལ་པ། མིའི་སྲོག་ཇི་ཙམ་དུ་གནས། དགེ་སྦྱོང་ཞིག་གིས་གསོལ་པ། ཞག་བཅུ་ཙམ་དུ་གནས་སོ། །བཀའ་སྩལ་པ། བུ་ཁྱོད་ཀྱིས་ད་དུང་ལམ་ལ་སྦྱང་བ་མ་བྱས་སོ། །ཡང་དགེ་སྦྱོང་ཞིག་ལ་བཀའ་སྩལ་པ། མིའི་སྲོག་ཅི་ཙམ་དུ་གནས། དེས་གསོལ་པ། འཚལ་མ་འཚལ་བའི་ཡུན་ཙམ་དུའོ། །བཀའ་སྩལ་པ། སོང་ཞིག་ཁྱོད་ཀྱིས་ཀྱང་ལམ་ལ་སྦྱང་བ་མ་བྱས་སོ། །ཡང་དགེ་སྦྱོང་ཞིག་ལ་བཀའ་སྩལ་པ། མིའི་སྲོག་ཇི་ཙམ་དུ་གནས། དེས་གསོལ་པ། དབུགས་འབྱུང་འཇུག་གི་ཡུན་ཙམ་དུ་གནས་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གསུངས་པ། ལེགས་སོ། །དེའི་ཕྱིར་བུ་ཁྱོད་ཀྱིས་ལམ་ལ་སྦྱང་བ་བྱས་སོ་ཞེས་བརྗོད་པར་བྱའོ། །ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉན་ཐོས་རྣམས་དེ་བཞིན་གཤེགས་པ་ལས་ཐག་རིང་དཔག་ཚད་སྟོང་དུ་ཕྱིན་ཡང་བཅོམ་ལྡན་འདས་ཀྱི་འདུལ་བའི་བསླབ་པ་ཡིད་ལ་བྱས་ན་གདོན་མི་ཟ་བར་འབྲས་བུ་ཐོབ་པར་འགྱུར་རོ། །གལ་ཏེ་སྟོན་པའི་སྤྱན་སྔར་གནས་ཀྱང་དོན་མ་ཡིན་པ་ཡིད་ལ་བྱས་ན་ནམ་ཡང་ལམ་གྱི་འབྲས་བུ་ཐོབ་པར་མི་འགྱུར་རོ། །དེའི་གནད་ནི་སྤྱོད་པ་ལ་རག་ལས་ཏེ། སྟོན་པའི་དྲུང་དུ་གནས་ཀྱང་རང་གིས་མ་སྦྱང་ན་དོན་ཅུང་ཟད་ཙམ་ཡང་མི་རྙེད་དོ། །ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐྱེ་བོ་དག་ལམ་ལ་སྤྱོད་པ་ནི་སྦྲང་རྩི་ལྟ་བུ་སྟེ། མཐའ་དབུས་ཀུན་ནས་རོ་མངར་བའོ། །སངས་རྒྱས་ཀྱི་ཆོས་ཀྱང་དེ་ལྟར་ཀུན་ནས་དགའ་བ་དང་བདེ་བའི་དོན་དང་ལྡན་པ་སྤྱད་པས་ལམ་ཐོབ་པར་འགྱུར་རོ། །ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐྱེ་བོ་དག་ལ་མལ་སྤྱད་པས་འདོད་ཆགས་ཀུན་དྲུང་ནས་འབྱིན་པར་འགྱུར་ཏེ། །དཔེར་ན། བར་སྣང་ལ་བཀལ་བའི་ཕྲེང་བའི་རྡོག་པོ་རེ་རེ་ནས་བླངས་པས་ཕྲེང་བ་རིམ་གྱིས་ཟད་པར་འགྱུར་བ་ལྟར། དེས་ཀྱང་སྒྲིབ་པ་ཐམས་ཅད་རིམ་གྱིས་ཟད་དེ་ལམ་

76-288a

གྱི་འབྲས་བུ་འཐོབ་པར་འགྱུར་རོ། །ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སྦྱོང་དག་ལ་མལ་སློབ་པའི་ཚེ་ཁལ་བཀལ་པའི་བ་ལང་འདམ་དབྱིན་ནས་ཇི་ཙམ་ངལ་ཡང་འགྲམ་གཉིས་གང་རུང་དུ་ཕྱིན་ཏེ་ངལ་བསོ་སྙམ་པ་མེད་པ་ལྟར། དགེ་སྦྱོང་འདོད་པ་ལ་འདམ་གྱི་འཇིགས་པ་དེ་ལྟ་བུ་ལས་ཀྱང་ཆེས་འཇིགས་ཤིང་དྲང་པོའི་སེམས་ཀྱིས་གཅིག་ཏུ་ལམ་ལ་འགྲུས་པས་འཁོར་བའི་སྡུག་བསྔལ་ལས་བསྐྱབ་པར་བྱའོ། །ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་གཤེགས་པས་རྒྱལ་པོ་དང་བློན་པོའི་འབྱོར་པ་ཕུན་སུམ་ཚོགས་པ་ཐམས་ཅད་མཆིལ་མ་དང་ཐལ་བ་ལྟ་བུར་གཟིགས་སོ། །གསེར་དངུལ་སོགས་རིན་པོ་ཆེ་རྣམས་གསེག་མ་དང་གྱོ་མོ་ལྟ་བུར་གཟིགས་སོ། །གོས་དར་སོགས་རིན་ཐང་ཅན་གྱི་གོས་རྣམས་གོས་ཧྲུལ་ལྟ་བུར་གཟིགས་སོ། །སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སྐྱུ་རུ་ར་ལྟ་བུར་གཟིགས་སོ། །རྒྱ་མཚོ་ཆེན་པོ་བཞིའི་ཆུ་རྐང་མཐིལ་མཉེད་པའི་འབྲུ་མར་ལྟ་བུར་གཟིགས་སོ། །ཐབས་མཁས་ཀྱི་སྒོ་རིན་པོ་ཆེས་གང་བའི་གཟིངས་ལྟ་བུར་གཟིགས་སོ། །ཐེག་པ་ཆེན་པོ་རྨི་ལམ་གྱི་གསེར་དང་གོས་ལྟ་བུར་གཟིགས་སོ། །སངས་རྒྱས་ཀྱི་ལམ་འཚོལ་བ་མིག་སྔར་གནས་པའི་མེ་ཏོག་ལྟ་བུར་གཟིགས་སོ། །ཏིང་ངེ་འཛིན་འཚོལ་བ་ལྷུན་པོ་ལྟར་བརྟན་པའི་ཀ་བ་ལྟ་བུར་གཟིགས་སོ། །ཡོངས་སུ་མྱ་ངན་ལས་འདས་པ་འཚོལ་བ་ཉིན་མཚན་ཀུན་ཏུ་སད་པ་ལྟ་བུར་གཟིགས་སོ། །ཡང་དག་དང་ཡང་དག་མ་ཡིན་པ་ཀླུ་དྲུག་གི་གར་ལྟ་བུར་གཟིགས་སོ། །བཏང་སྙོམས་པ་བདེན་པ་ཉིད་ལྟ་བུར་གཟིགས་སོ། །དར་རྒུད་དུས་བཞིའི་ལྗོན་ཤིང་ལྟ་བུར་གཟིགས་སོ། །དེ་སྐད་ཅེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །འཁོར་གྱི་དགེ་སློང་ཐམས་ཅད་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །དེ་ཡང་ཊིའུ་ཊོའུ་ཝང་གི་ལོ་ཉེར་བཞི་བ་ཤིང་ཕོ་སྟག་ལོའི་ཟླ་བ་བཞི་པའི་ཚེས་བརྒྱད་ལ་ལྷོ་ནུབ་ཀྱི་མཚམས་ནས་འོད་ཀྱི་ཕུང་པོ་ཞིག་ཕོ་བྲང་དུ་བྱུང་བ་རྒྱལ་པོས་བློན་པོ་ལྟས་ཤེས་པ་དག་ལ་དྲིས་པས་དེ་ཕྱོགས་སུ་བདག་ཉིད་ཆེན་པོ་འབྱུང་བའི་ལྟས་ཡིན་པ་དང་། ལོ་སྟོང་ནས་དེའི་བསྟན་པ་ཡུལ་འདིར་དར་བར་ལུང་བསྟན་ཏོ། །དེ་ནས་མུ་ཝང་གི་ལོ་ང་

76-288b

གསུམ་པ་ཆུ་ཕོ་སྤྲེལ་ལོའི་ཟླ་བ་གཉིས་པའི་ཚེས་བཅོ་ལྔ་ལ་སྟོན་པ་མྱ་ངན་ལས་འདས་ཚུལ་བསྟན། དེ་ནས་ལོ་ཆིག་སྟོང་བཅུ་གསུམ་པ་ལ་ཧཱན་མིང་དྷི་རྒྱལ་པོ་ཡུང་ཕིང་གི་ལོ་བདུན་པའི་ཟླ་བ་དང་པོའི་ཚེས་བཅོ་ལྔའི་མཚན་མོ་རྒྱལ་པོའི་རྨི་ལམ་དུ་སྐྱེས་བུ་ཆེན་པོ་སྲིད་དུ་འདོམ་དོ་ལྷག་མངའ་བ་གསེར་གྱི་མདོག་ཅན་ཉི་འོད་ལྟ་བུའི་འོད་འཕྲོ་བ་ཞིག་ཕོ་བྲང་དུ་བབས་ཏེ་ངའི་བསྟན་པ་ཡུལ་འདིར་རིམ་གྱིས་དར་བར་འགྱུར་རོ་ཞེས་གསུངས་སོ། །ཕྱི་ཉིན་བློན་པོ་རྣམས་ལ་དྲིས་པས་བློན་པོ་ཧྥུ་ཡི་ཞེས་བྱ་བས། སྔོན་ཊིའུ་ཊོའུ་ཝང་གི་དུས་ཀྱི་ལུང་བསྟན་ཞུས་ཤིང་རྒྱལ་པོའི་རྨི་ལམ་དེ་དང་མཐུན་ནོ་ཞེས་གསོལ། དེ་ནས་རྒྱལ་པོས་ཡིག་རྙིང་རྣམས་བཀླགས་པ་ས་ཊིའུ་ཊོའུ་ཝང་གི་དུས་ཀྱི་ལུང་བསྟན་དེ་རྙེད་ནས་དགྱེས་ཤིང་། རྒྱལ་པོས་བློན་པོ་ཝང་ཙུན་སོགས་མི་བཅོ་བརྒྱད་མངགས་ཏེ་ནུབ་ཕྱོགས་སུ་སངས་རྒྱས་ཀྱི་བསྟན་པ་འཚོལ་བར་བཏང་། དེ་དག་ཡཱ་ཤི་ཞེས་པའི་རྒྱལ་ཁམས་སུ་འབྱོར་བ་དང་། དེ་སྐབས་རྒྱ་གར་ནས་འོད་སྲུངས་ཀྱི་རིགས་ལས་དགྲ་བཅོམ་པ་མ་ཏང་གི་བ་དང་། པཎྜི་ཏ་གོ་བྷ་ར་ན་གཉིས་ཀྱིས་རྟ་དཀར་པོ་ཅིག་ལ་སྟོན་པའི་བྲིས་ཐང་གཅིག །གསུང་རབ་མདོ་དུམ་བུ་ཞེ་གཉིས་པ་སོགས་ཐེག་པ་ཆེ་ཆུང་གི་མདོ་དང་། སྟོན་པའི་རང་བསྲེལ་བུམ་པ་གང་བཅས་བྱོན་པ་ལམ་ཐོག་ཏུ་འཛོམ་སྟེ། གོང་ཕེང་གི་ལོ་བཅུ་པའི་ཟླ་བ་བཅུ་གཉིས་པའི་གནམ་གང་ལ་ལེའུ་ཡང་མཁར་དུ་འབྱོར། དེ་ནས་ལོ་དྲུག་ན་དགྲ་བཅོམ་པ་དང་། པཎྜི་ཏ་གཉིས་ཀྱིས་རྒྱའི་བོན་པོ་བཏུལ། དེ་ནས་དགྲ་བཅོམ་པ་དང་། པཎྜི་ཏ་གཉིས་ཀྱིས་བར་སྣང་ལ་འཕགས་ཏེ། རྒྱལ་པོ་ལ་ཚིགས་སུ་བཅད་པ་གསུངས་པ། ཝ་སྐྱེས་སེང་གེའི་རིགས་མ་ཡིན། །སྒྲོན་མེ་ཉི་ཟླ་བཞིན་གསལ་མིན། །རྫིང་བུར་རྒྱ་མཚོ་ཤོང་བ་མིན། །རི་འབུར་ལྷུན་བཞིན་ལྟར་མཛེས་མིན། །ཆོས་སྤྲིན་འཇིག་རྟེན་ཀུན་ལ་ཁྱབ། །ཆོས་ཆར་འགྲོ་རྒྱུད་མྱུ་གུ་བརླན། །རྫུ་འཕྲུལ་རྨད་བྱུང་མངོན་དུ་བསྟན། །ཕྱོགས་རྣམས་ཀུན་ཏུ་འགྲོ་བ་འདུལ། །ཞེས་གསུངས་ནས་རྫུ་འཕྲུལ་གྱིས་རྒྱ་གར་དུ་གཤེགས་སོ། །དེ་ལྟ་བུའི་ཁུངས་དང་ལྡན་པའི་མདོ་འདི་སྔོན་བོད་དུ་མ་འགྱུར་ཞིང་རྒྱའི་བཀའ་འགྱུར་ན་བཞུགས་པ་ལས་གནམ་སྐྱོང་གོང་མའི་

76-289a

བཀས་མཉྫུའི་སྐད་དུ་བསྒྱུར་ཞིང་བོད་སྐད་དུ་བཀའ་བཅུ་སུ་བྷག་ཤྲེ་ཡངྷྭ་ཛ་དང་བཀའ་བཅུ་དྷྱཱ་ནཱ་རིཥྜཾ་བྱཱས་གཉིས་ཀྱིས་བསྒྱུར། སོག་སྐད་དུ་རབ་འབྱམས་པ་པྲཛྙོད་ཡ་བྱཱ་སས་བསྒྱུར་བ། རྒྱལ་བསྟན་ལ་ལྷག་པར་དད་པའི་སྦྱིན་བདག་ཧཱིང་ལཱིན་གྱིས་ཆོས་སྦྱིན་རྒྱ་ཆེར་སྤེལ་བའི་ཕྱིར་དངུལ་སྲང་བརྒྱས་སྐད་བཞི་ཤན་སྦྱར་བའི་སྦར་བསྒྲུབས་ཏེ་ཅི་ལྕོགས་ཤིག་སྦར་ནས་ཞིང་མཆོག་དམ་པར་འགྱུར་བ་རྣམས་ལ་ཕུལ་བའི་དགེ་བའི་རྩ་བས་རྒྱལ་བསྟན་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་། འཇིག་རྟེན་གྱི་ཁམས་སུ་ནད་དང་མུ་གེ་འཁྲུགས་རྩོད་ནམ་ཡང་མི་འབྱུང་ཞིང་མ་གྱུར་སེམས་ཅན་ཐམས་ཅད་མྱུར་བ་ཉིད་དུ་བླ་ན་མེད་པའི་བྱང་ཆེན་ཐོབ་པར་གྱུར་ཅིག །སརྦ་མངྒ་ལཾ། །

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།