བཀའ་འགྱུར་དུ་མི་བཞུགས་པའི་བཀའ། བྱང་ཆུབ་སེམས་དཔའ་འཇམ་པའི་དབྱངས་ཀྱིས་སངས་རྒྱས་ཀྱི་སྐུ་ལ་ཕྱག་འཚལ་ཞིང་བསྟོད་པ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-08-07 21:08:27     རྩོམ་པ་པོ།   འཇམ་པའི་དབྱངས།    ཀློག་ཐེངས།  

  གསལ་བཤད།

བྱང་ཆུབ་སེམས་དཔའ་འཇམ་པའི་དབྱངས་ཀྱིས་སངས་རྒྱས་ཀྱི་སྐུ་ལ་ཕྱག་འཚལ་ཞིང་བསྟོད་པ་འདི་བོད་དུ་འགྱུར་ཡོད་མོད། དར་ཁྱབ་བྱུང་མེད་ཅིང་བཀའ་འགྱུར་དུ་ཚུད་མེད། ད་རེས་པེ་ཅིན་གྱི་དགའ་ལྡན་བྱིན་ཆགས་གླིང་གི་པར་མ་ལས་བཤུས་ཏེ་བཀོད་པ་འདི་ཉིད་ཀུན་གྱི་དགའ་སྟོན་དུ་ཕུལ་བ་ཡིན།གཞན་ད་དུང་སུ་ལ་བཀའ་འགྱུར་དུ་ཚུད་མའི་བཀའ་ཡོད་ན་ངེད་དགེ་ལུགས་དྲ་བ་ལ་བསྐུར་བར་ཞུ།

  ༄༅། །   རྒྱ་གར་སྐད་དུ།  བོ་ངྷི་ས་ཏྭ་མཉྫུ་ཤྲཱི་ན་མ་སྟུ་ཏི་བུངྡྷ་ཀཱ་ཡ།  བོད་སྐད་དུ།    བྱང་ཆུབ་སེམས་དཔའ་འཇམ་པའི་དབྱངས་ཀྱིས་སངས་རྒྱས་ཀྱི་སྐུ་ལ་ཕྱག་འཚལ་ཞིང་བསྟོད་པ།  འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།  བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི་ལ།   དགྲ་བཅོམ་པའི་དགེ་སློང་གི་དགེ་འདུན་ཉིས་ཁྲི་ལྔ་སྟོང་དང་།  འཇམ་དཔལ་གཞོན་ནུར་གྱུར་པ་ལ་སོགས་པ་བྱང་ཆུབ་སེམས་དཔའི་དགེ་འདུན་བྱེ་བ་ཕྲག་བདུན་ཅུ་དོན་གཉིས་དང་ཐབས་གཅིག་ཏུ་བཞུགས་སོ། །  དེའི་ཚེ་འཇམ་དཔལ་གཞོན་ནུར་གྱུར་པ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ནས་གུས་པས་ཐལ་མོ་སྦྱར་ཏེ་དད་པ་རྩེ་གཅིག་པས་ཚིགས་སུ་བཅད་པའི་སྒོ་ནས་བསྟོད་པ།  གཟུགས་སུ་མ་གྲུབ་རང་བཞིན་མེད།།  དབང་པོ་མེད་ཅིང་གནས་པ་མེད།།  སྐྱེས་པ་མེད་ཅིང་འགག་པ་མེད།།  དམིགས་པ་མེད་ལ་་ཕྱག་འཚལལོ།། འོང་པ་མེད་ཅིང་རྟེན་པ་མེད།།  བླང་བ་མེད་ཅིང་འདོར་བ་མེད།།  ཡུལ་དྲུག་སྤྱོད་ལས་འདས་པའི་ཕྱིར།། དམིགས་པ་མེད་ལ་ཕྱག་འཚལ་ལོ།།  ཆོས་རྣམས་ཀུན་ལ་གནས་པ་པ་མེད།།  ཡོད་དང་མེད་པའི་མཐའ་ལས་འདས།།  བཏང་སྙོམས་རང་བཞིན་སྤྱོད་པའི་ཕྱིར།། དམིགས་པ་མེད་ལ་ཕྱག་འཚལ་ལོ།། ཁམས་གསུམ་ལས་ནི་ཡང་དག་འདས།། མཁའ་དབྱིངས་སྟོང་བའི་མཐའ་དང་མཉམ།།  ཆགས་པ་ཀུན་དང་བྲལ་བའི་ཕྱིར།། དམིགས་པ་མེད་ལ་ཕྱག་འཚལ་ལོ།། སྤྱོད་ལམ་རྣམ་པ་ཐམས་ཅད་དུ།། འགྲོ་འོང་རྣལ་དང་སད་པ་ཡང་།།  ཀུན་ཏུ་ཞི་བ་ཉིད་ཡིན་ཕྱིར།།  དམིགས་པ་མེད་ལ་ཕྱག་འཚལ་ལོ།།  འོང་དང་ལྡོག་པ་མཉམ་པ་ཉིད།། བཏང་སྙོམས་ཉིད་ལ་རྟག་ཏུ་གནས།།  མཉམ་ཉིད་རང་བཞིན་མི་གཡོ་ཕྱིར།།དམིགས་པ་མེད་ལ་ཕྱག་འཚལ་ལོ།།  མཚན་མེད་ཏིང་འཛིན་ལ་གནས་ཤིང་།། རབ་ཏུ་ཞི་བའི་ཆོས་ཉིད་རྟོགས།།  རྟག་ཏུ་ཏིང་འཛིན་ལ་གནས་ཕྱིར།།  དམིགས་པ་མེད་ལ་ཕྱག་འཚལ་ལོ།།  གཞི་དང་བྲལ་ཕྱིར་དམིགས་པ་མེད།། དེ་ཁོ་ན་ཉིད་དབང་ཕྱུག་ཐོབ།། ཤེས་རབ་སྤྱོད་ཡུལ་རྟག་གནས་ཕྱིར།།  དམིགས་པ་མེད་ལ་ཕྱག་འཚལ་ལོ།། དབང་བོ་དྲུག་ལ་མི་གནས་ཤིང་།།  ཡུལ་དྲུག་ལ་ཡང་ཞེན་པ་བྲལ།། ཆོས་ཉིད་ཁོ་ནར་རྟག་བཞུགས་ཕྱིར།།དམིགས་པ་མེད་ལ་ཕྱག་འཚལ་ལོ།། མཚན་མ་མེད་ལ་འཇུག་པས་ན།། སྒྲིབ་པ་ཐམས་ཅད་མཐར་བྱེད་ཅིང་།།  མིང་དང་གཟུགས་ལས་འདས་པའི་ཕྱིར།།  དམིགས་པ་མེད་ལ་ཕྱག་འཚལ་ལོ།།  མཚན་མ་ཀུན་ལ་མི་གནས་ཤིང་།། མའི་མཐའ་ལས་ཡང་དག་འདས། ། མཚན་མེད་ཉིད་ལ་འཇུག་པའི་ཕྱིར། ། དམིགས་པ་མེད་ལ་ཕྱག་འཚལ་ལོ། །  ཆ་དང་ཆ་ཅན་རྟོག་པ་སྤོང་། །  བློ་གྲོས་གནས་པ་མེད་ལ་གནས། །  སྤྲོས་པའི་རྩོམ་པ་གཏན་མེད་ཕྱིར། ། དམིགས་པ་མེད་ལ་ཕྱག་འཚལ་ལོ། ། སྙིང་པོ་མེད་བློ་མཁའ་དང་འདྲ། ། དྲི་མ་བྲལ་ཞིང་རྣམ་རྟོག་མེད། ། དུས་གསུམ་ལས་ནི་འདས་པའི་ཕྱིར། ། དམིགས་པ་མེད་ལ་ཕྱག་འཚལ་ལོ། ། ནམ་མཁའ་མཐའ་དག་དབུས་བྲལ་བ། ། རྒྱལ་བའི་ཐུགས་ཀྱང་དེ་བཞིན་ཏེ། །  མཁའ་དང་མཚུངས་པའི་ཐུགས་ཅན་ཕྱིར། །  དམིགས་པ་མེད་ལ་ཕྱག་འཚལ་ལོ། ། རྒྱལ་བའི་རང་བཞིན་ནམ་མཁའི་དབྱིངས། །  ནམ་མཁའི་དབྱིངས་ལ་མཚན་མ་མེད། ། རྒྱུ་འབྲས་ཀུན་ལས་རྣམ་གྲོལ་ཕྱིར། ། དམིགས་པ་མེད་ལ་ཕྱག་འཚལ་ལོ། །  ཆོས་རྣམས་ཀུན་ལ་ཞེན་པ་མེད། །ཆུ་ཟླ་ལྟ་བུར་གཟུང་དུ་མེད། །  བདག་དང་བདག་གི་བྲལ་པའི་ཕྱིར། །དམིགས་པ་མེད་ལ་ཕྱག་འཚལ་ལོ། །  ཕུང་པོ་ཀུན་ལ་མི་གནས་ཤིང་། ། ཁམས་དང་སྐྱེ་མཆེད་ལ་མི་གནས། །  ཕྱིན་ཅི་ལོག་ལས་འདས་པའི་ཕྱིར། །  དམིགས་པ་མེད་ལ་ཕྱག་འཚལ་ལོ། །  ཆོས་ཀྱི་དབྱིངས་དང་རྟག་མཉམ་པས། །  བདག་ཏུ་ལྟ་བ་རྣམ་པར་སྤངས། །  མཐའ་གཉིས་ལས་ནི་འདས་པའི་ཕྱིར། །  དམིགས་པ་མེད་ལ་ཕྱག་འཚལ་ལོ། །  གཟུགས་ཀྱི་ཡུལ་ལ་མི་གནས་པས། །  བླང་བ་མེད་ཅིང་དོར་བ་མེད། །  ཆོས་མ་ཡིན་ལས་འདས་པའི་ཕྱིར། །  དམིགས་པ་མེད་ལ་ཕྱག་འཚལ་ལོ། །  སྒྲིབ་ཐོགས་མེད་པ་མངོན་དུ་བྱས། །ཆོས་རྣམས་ཀུན་གྱི་གཏིང་དཔོགས་པ། །  བདུད་ཀྱི་ལས་རྣམས་སྤངས་པའི་ཕྱིར། །  དམིགས་པ་མེད་ལ་ཕྱག་འཚལ་ལོ། །  ཡོད་པ་མ་ཡིན་མེད་པ་མིན། །  ཡོད་མེད་གཉིས་ཀྱི་དམིགས་སུ་མེད། །  བརྗོད་པའི་མཐའ་ལས་འདས་པའི་ཕྱིར། །  དམིགས་པ་མེད་ལ་ཕྱག་འཚལ་ལོ། ། བདག་དང་ང་རྒྱལ་དར་ཆེན་བསྙིལ། ། གཅིག་མིན་ཐ་དད་མ་ཡིན་ཞིང་། །  གཅིག་དང་ཐ་དུ་མ་བྲལ་བའི་ཕྱིར། །  ལས་གསུམ་གཙང་ཞིང་རྣམ་པར་དག །  དཔེས་ཀྱང་བསྒྲུན་དུ་མེད་པའི་ཕྱིར། །  དམིགས་པ་མེད་ལ་ཕྱག་འཚལ་ལོ། །  ཡེ་ཤེས་རྟག་ཏུ་མཉམ་པར་ བཞག།  མཐུན་པར་འཇུག་ཀྱང་འབད་རྩོལ་བྲལ།།   སྐྱོན་རྣམས་མ་ལུས་སྤང་པའི་ཕྱིར།།   དམིགས་པ་མེད་ལ་ཕྱག་འཚལ་ལོ།།  དྲན་པ་ཕྲ་ཞིབ་ཟག་པ་མེད།།   མཐའ་ལས་འདས་ཤིང་བྱེ་བྲག་མེད།།   ཤེས་དང་ཤེས་མེད་མཉམ་ཉིད་ཕྱིར།།   དམིགས་པ་མེད་ལ་ཕྱལ་འཚལ་ལོ།།   ཐོགས་པ་མེད་ལ་ངེས་གནས་པས།།  སྣ་ཚོགས་སེམས་ཀྱི་རྒྱུ་བ་མཁྱེན།།  བདག་གཞན་རིས་སུ་མེད་པའི་ཕྱིར།།  དམིགས་པ་མེད་ལ་ཕྱག་འཚལ་ལོ།།   སྒྲིབ་པ་མེད་ཅིང་དམིགས་སུ་མེད།།   རྟག་པར་གཟུང་དུ་མེད་ལ་གནས།།   འདུ་ཤེས་ཀུན་དང་བྲལ་པའི་ཕྱིར།།   དམིགས་པ་མེད་ལ་ཕྱག་འཚལ་ལོ།།   ཡིད་ལ་སྤྲོས་པ་ཡི་ཡང་མེད།།  རང་གི་རང་བཞིན་གཟུང་དུ་མེད།།   མཉམ་བཞག་ཚད་དང་བྲལ་བའི་ཕྱིར།།  དམིགས་པ་མེད་ལ་ཕྱག་འཚལ་ལོ།།  ཡིད་ཀྱི་རང་བཞིན་རྟེན་པ་མེད།།   ཞིང་ཁམས་མཐའ་དག་མངོན་དུ་སྣང་།།  སེམས་ཀྱི་སྤྱོད་པ་ཀུན་མཁྱེན་ཕྱིར།།   དམིགས་པ་མེད་ལ་ཕྱག་འཚལ་ལོ།།   ཆོས་ཀུན་མཁྱེན་པའི་ཡེ་ཤེས་ནི།།   དོན་དམ་རང་བཞིན་ཅི་ཡང་མེད།།   སངས་རྒྱས་ཡེ་ཤེས་དཔག་དཀའི་ཕྱིར།།   དམིགས་པ་མེད་ལ་ཕྱག་འཚལ་ལོ།།  ཆོས་རྣམས་སྒྱུ་མ་ལྟ་བུ་སྟེ།།  སྒྱུ་མ་ལྟ་བུ་གཟུང་དུ་མེད།།  སྒྱུ་མའི་ཆོས་དང་བྲལ་བའི་ཕྱིར།།  དམིགས་པ་མེད་ལ་ཕྱག་འཚལ་ལོ།།   སངས་རྒྱས་འཇིག་རྟེན་རྟག་བཞུགས་ཀྱང་།།   འཇིག་རྟེན་སྐྱོན་གྱིས་གོས་པ་མེད།།  འཇིག་རྟེན་དྲི་མ་བྲལ་བའི་ཕྱིར།།   དམིགས་པ་མེད་ལ་ཕྱག་འཚལ་ལོ།།   ཀུན་མཁྱེན་ཡེ་ཤེས་ རྟག་གནས་པ།།  རང་བཞིན་སྟོང་ཞིང་ཁམས་ཀྱང་སྟོང་།།  བརྗོད་པ་ཀུན་ཀྱང་སྟོང་པའི་ཕྱིར།།  དམིགས་པ་མེད་ལ་ཕྱག་འཚལ་ལོ།།   རིས་སུ་མ་ཆད་ཏིང་འཛིན་གནས།།  སྒྱུ་མ་ལྟ་བའི་བསམ་གཏན་ཐོབ།།  རྫུ་འཕྲུལ་ཆེན་པོས་རོལ་པའི་ཕྱིར།།   དམིགས་པ་མེད་ལ་ཕྱག་འཚལ་ལོ།།  དོན་གཅིག་མ་ཡིན་ཐ་དད་མིན།།   ཉེ་བ་མ་ཡིན་རིང་བ་མིན།།  ཆོས་རྣམས་གཡོ་བ་མེད་པའི་ཕྱིར།།   དམིགས་པ་མེད་ལ་ཕྱག་འཚལ་ལོ།།  རྡོ་རྗེ་ཏིང་འཛིན་དེ་མ་ཐག།  སྐད་ཅིག་ཉིད་ལ་མངོན་སངས་རྒྱས།།  རྡུལ་མེད་ཐུགས་སུ་ཆུད་པའི་ཕྱིར།།   དམིགས་པ་མེད་ལ་ཕྱག་འཚལ་ལོ།།   དུས་གསུམ་པ་ཡི་ཆོས་རྣམས་ཀུན།།   ཐབས་ལ་མཁས་པས་ཡོངས་སུ་རྫོགས།།   མྱ་ངན་འདས་ལས་མི་གཡོ་ཕྱིར།།དམིགས་པ་མེད་ལ་ཕྱག་འཚལ་ལོ།།ཞི་བའི་དབྱིངས་ལས་གཡོ་བ་མེད།།ཚུ་རོལ་ཕ་རོལ་མཐའ་ལ་མིན།།ཐབས་མཁས་ཡོངས་སུ་རྫོགས་པའི་ཕྱིར།།དམིགས་པ་མེད་ལ་ཕྱག་འཚལ་ལོ།།མཚན་མ་མེད་ཅིང་དངོས་པོ་མེད།།སྡུག་བསྔལ་མེད་ཅིང་རྟོག་པ་མེད།།ཡོད་དང་མེད་ལ་མི་གནས་ཕྱིར།།དམིགས་པ་མེད་ལ་ཕྱག་འཚལ་ལོ།།ཤེས་དང་ཤེས་བྱ་མཉམ་པ་ཉིད།།རབ་ཏུ་ཞི་བ་གཉིས་འཛིན་བྲལ།།བདག་གཞན་རང་བཞིན་གཅིག་པའི་ཕྱིར།།དམིགས་པ་མེད་ལ་ཕྱག་འཚལ་ལོ།།ཀུན་ཏུ་མཉམ་པ་ཉིད་ལ་འདུད།།འདུད་པ་མེད་ཅིང་མི་འདུད་མེད།།འདུད་པས་འགྲོ་བ་ཐམས་ཅད་ཀྱང་།།དོན་དམ་སྐུ་མཆོག་ཐོབ་པར་ཤོག།དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ལེགས་སོ་ལེགས་སོ།།ཁྱོད་ཀྱིས་དེ་བཞིན་གཤེགས་པའི་ཡོན་ཏན་གྱི་ཚོགས་ཆོས་རྣམས་ཀྱི་རང་བཞིན་རྣམ་པར་དག་པ་ལེགས་པར་བསྟན་ཏོ།།འཇམ་དཔལ་གཞོན་ནུར་གྱུར་བ་དཔེར་ན་གང་ཟག་གཅིག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་རང་སངས་རྒྱས་ཀྱི་བྱང་ཆུབ་ལ་བཀོད་པ་བས་གང་དག་ཆོས་འདིའི་ཡོན་ཏན་དང་བསྔགས་པ་ཐོས་ནས་སྐད་ཅིག་ཙམ་ལ་སེམས་རབ་ཏུ་དང་བ་ཐོབ་ན་སྔ་མའི་ཡོན་ཏན་ལས་བརྒྱ་སྟོང་ཁྲིའི་ཆ་ལས་འདས་པ་ཉིད་དེ་རྒྱས་པར་ན་ཚད་མེད་གྲངས་མེད་མཐའ་མེད་པའི་ཆེས་མངོན་པར་འཕགས་པ་ཡིན་ནོ་ཞེས་སྔ་མ་བཞིན་དུ་རིག་པར་བྱའོ།།བྱང་ཆུབ་སེམས་དཔའ་འཇམ་དཔལ་དབྱངས་ཀྱིས་སངས་རྒྱས་ཀྱི་སྐུ་ལ་ཕྱག་འཚལ་ཞིང་བསྟོད་པ་རྫོགས་སོ།།ཆོས་འདི་སྔོན་དུས་ཐང་གི་རྒྱལ་རབས་ལ་དགེ་སྦྱོང་སྡེ་སྣོད་འཛིན་པ་བློ་གྲོས་ཆེན་པོ་དོན་ཡོད་ཅེས་བྱ་བས་རྒྱ་གར་གྱི་དཔེ་ལས་རྒྱ་ནག་གི་སྐད་དུ་བསྒྱུར་བ་གནམ་སྐྱོང་གི་ལྕགས་གླང་ལོའི་དཔྱིད་ཐ་ལ་ཞིང་མཆོག་རི་བོ་རྩེ་ལྔར ༸གོང་མ་ཆན་ལུང་རྒྱལ་པོ་ངོས་མཇལ་དུ་ཕེབས་སྐབས་རང་ཉིད་ཀྱིས་མན་ཇུའི་སྐད་དུ་བསྒྱུར་བ་དྲུང་འཁོར་ནང་གྲའི་ཨེ་ཕུ་པཱ་རིན་གུང་བདེ་ལེགས་ལ་གཏད་དེ་ངོ་བཞུས་བགྱིས་སོ།།

ཡིག་གཏག་པ་ཐར་ཤུལ་ཡེ་ཤེས་རྒྱ་མཚོ།ཀླུ་ཚང་འཇིགས་མེད་དོན་འགྲུབ།ཐར་ཤུལ་ཤེས་རྒྱ་མཚོ།སྤྲེལ་རྫོང་སྐལ་བཟང་ཆོས་འཕེལ།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།