ལྷས་བྱིན་གྱི་བརྟུལ་ཞུགས་ལྔ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-06-02 23:08:50         ཀློག་ཐེངས།  

དེ་ནས་ལྷས་བྱིན་འཕགས་པ་ལ་སྐུར་པ་འདེབས་པའི་ལོག་པའི་ལྟ་བ་དང་ལྡན་ཏེ། དགེ་བའི་རྩ་བ་ཆད་པ་འཇིག་རྟེན་ཕ་རོལ་མེད་དོ་སྙམ་པའི་ངེས་པ་ཐོབ་ནས། ཉན་ཐོས་རྣམས་ལ་གཞི་ལྔས་ཆོས་སྟོན་པར་བྱེད་དེ།

ཤེས་ལྡན་དག་དགེ་སྦྱོང་གོའུ་ཏ་མ་ནི་ཞོ་དང་འོ་མ་ལ་ལོངས་སྤྱོད་དེ། དེང་ཕྱིན་ཆད་བདག་ཅག་གིས་ལོངས་སྤྱོད་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གཞི་དེ་ལས་བེའུ་རྣམས་ལ་གནོད་པར་འགྱུར་བས་སོ། །

དགེ་སྦྱོང་གོའུ་ཏ་མ་ནི་ཤ་ལ་ལོངས་སྤྱོད་པར་བྱེད་དེ། བདག་ཅག་གིས་ལོངས་སྤྱོད་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གཞི་དེ་ལས་སྲོག་ཆགས་དག་གསོད་པར་འགྱུར་བས་སོ། །

དགེ་སྦྱོང་གོའུ་ཏ་མ་ནི་ལན་ཚྭ་ལ་ལོངས་སྤྱོད་དེ། བདག་ཅག་གིས་ལོངས་སྤྱོད་པར་མི་བྱ་སྟེ། རྡུལ་ཁྲོད་ནས་བྱུང་བའི་ཕྱིར་རོ། །

དགེ་སྦྱོང་གོའུ་ཏ་མ་ནི་རས་ཁ་ཚར་བཅད་པ་དག་གྱོན་ཏེ། བདག་ཅག་གིས་རས་ཁར་ཚར་རིང་པོ་དག་བགོའོ། །དེ་ཅིའི་ཕྱིར་ཞེ་ན། གཞི་དེ་ལས་ཐ་ག་པ་རྣམས་ཀྱི་སྐྱེས་བུའི་རྩལ་དོན་མེད་པར་འགྱུར་བས་སོ། །

དགེ་སྦྱོང་གོའུ་ཏ་མ་ནི་དགོན་པ་ན་གནས་ཏེ། བདག་ཅག་གྲོང་དུ་གནས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གཞི་དེ་ལས་མི་རྣམས་ཀྱི་སྦྱིན་པའི་ཆོས་ལ་ལོངས་མ་སྤྱད་པར་འགྱུར་བས་སོ་ཞེས་ཆོས་འཆད་པར་བྱེད་དོ། །

བར་སྡོམ་ལ། འོ་མ་ཤ་དང་ལན་ཚྭ་དང་། །གོས་དང་དགོན་པར་གནས་པའོ། །

ལྷ་སའི་བཀའ་འགྱུར་ང་དུམ་པ་ལས་བཤུས།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།