འཕགས་པ་རིམས་ནད་རབ་ཏུ་ཞི་བར་བྱེད་པ་ཞེས་བྱ་བའི་གཟུངས།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2022-02-04 15:09:10         ཀློག་ཐེངས།  

༄༅།།དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།།འཕགས་པ་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ།།ཏདྱ་ཐཱ།ཨི་ལི་མི་ཏི་མེ་ལི།ཧ་ནེ་སུ་ཧ་ནེ།ཆེ་གེ་མོ་ཞིག་ཛྭ་ར་བནྡྷཱ་མི།ཨེ་ཀ་ཧི་ཀཾ།ཏྲི་ཧི་ཀཾ།ཙ་ཏུརྩ་ཀྃ།ནི་ཏྱ་ཛྭ་རཾ་སྭཱ་ཧཱ།ཆོ་ག་ནི་འདི་བྲིས་ཏེ་མགུལ་དུ་བཏགས་ན་རིམས་ནད་མེད་པར་བྱེད་དོ།།རིམས་ནད་ཞི་བའི་གཟུངས་རྫོགས་སོ།།

༄༅།།རྒྱ་གར་སྐད་དུ།ཨཱརྱ་ཛྭ་ར་པྲ་ཤ་མ་ནི་ནཱ་མ་དྷཱ་ར་ཎཱི།བོད་སྐད་དུ།འཕགས་པ་རིམས་ནད་རབ་ཏུ་ཞི་བར་བྱེད་པ་ཞེས་བྱ་བའི་གཟུངས།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།།འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན།བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ན་བཞུགས་ཏེ།དེ་ནས་དགེ་སློང་ཞིག་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ།ཕྱིན་ནས།བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ།།ཕྱོགས་གཅིག་ཏུ་འདུག་ནས་དགེ་སློང་དེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།།བཙུན་པ་བཅོམ་ལྡན་འདས་འདི་ན་སེམས་ཅན་རིམས་ནད་ཀྱིས་རྣམ་པར་གཙེས་པ་དག་མཆིས་ན།བཅོམ་ལྡན་འདས་དེ་དག་ལ་བསྲུང་དུ་གསོལ།དེ་ནས་བཅོམ་ལྡན་འདས་ཀྱིས་སྣམ་ལོགས་སུ་གཟིགས་ཏེ།ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ།ཀུན་དགའ་བོ་ཕྱོགས་འདི་ན་མེ་ལྕེ་ཕྲེང་བ་ཞེས་པའི་རིམས་གནས་ཏེ།དེ་སེམས་ཅན་རྣམས་ལ་ཉིན་གཅིག་པ་དང་།ཉིན་གཉིས་པ་དང་།ཉིན་གསུམ་པ་དང་།ཉིན་བཞི་པའི་ཚུལ་གྱིས་རྣམ་པར་འཚེ་བར་བྱེད་དེ།དེ་བསྲུང་བའི་གསང་སྔགས་ཀྱི་གཞི་ནི་འདི་དག་ཡིན་ནོ།།ཏདྱ་ཐཱ།ཛྭ་ལ་ནི་ཛྭ་ལ་ནི།པྲ་ཛྭ་ལ་ནི།པྲ་ཏི་པ་ནི།པྲ་ཤ་མ་ནི།བདག་གི་རིམས་ནད་སོང་ཤིག།མ་འདུག་ཅིག།སྭཱ་ཧཱ།བདེན་པ་དང་།བདེན་པའི་ཚིག་གང་གིས་འཇིག་རྟེན་ན་སངས་རྒྱས་བླ་ན་མེད་པ་དང་།འཇིག་རྟེན་ན་ཆོས་དང་།དགེ་འདུན་བླ་ན་མེད་པའི་བདེན་པ་དང་།བདེན་པའི་ཚིག་དེས་བདག་གི་རིམས་ནད་སོང་ཤིག།མ་འདུག་ཅིག་སྭཱ་ཧཱ།སིདྡྷྱནྟུ་མནྟྲ་པ་དེེ།།ཏ་ར་ཏུ།བིདྱ་ཏཾ་བྲཧྨ་ཨ་ནུ་མོ་ཏེ་སྭཱ་ཧཱ།སྐུད་པ་ནག་པོ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ།མདུད་པ་ཉི་ཤུ་རྩ་གཅིག་དོར་རོ།།བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས།དགེ་སློང་དེ་དག་ཡི་རངས་ཏེ།བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།།འཕགས་པ་རིམས་ནད་རབ་ཏུ་ཞི་བར་བྱེད་པ་ཞེས་བྱ་བའི་གཟུངས་རྫོགས་སོ།།།།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་།དཱ་ན་ཤཱ་ལ་དང་།ཞུ་ཆེན་གྱི་ལོ་ཙྪ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།།།།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།