འཕགས་པ་དཀོན་མཆོག་བརྩེགས་པོའི་ཆོས་ཀྱི་རྣམ་གྲངས་སྟོང་ཕྲག་ བརྒྱ་བ་ལས་སྡོམ་པ་གསུམ་བསྟན་པའི་ལེའུ་ཞེས་ བྱ་བ་ཐེག་པ་ཆེན་པོའི་མདོ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-08-06 19:19:50     རྩོམ་པ་པོ།   བཅོམ་ལྡན་འདས།    ཀློག་ཐེངས།  

རྒྱ་གར་སྐད་དུ།  མ་ཧ་རཏྣ་ཀ ་ཊ་དྷརྨ་་ཡ་ཤ་ཏ་ས་ཧ་སྲི་ཀ་གྲན་ཐེ་ཏྲི་སམྦ་ར་ནིར་དེ་ཤ་པ་རི་བརྟན་ན་མ་མ་ཧ་ཡ་ན་ས ་ཏྲ།  བོད་སྐད་དུ།  འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་སྟོང་ཕྲག་བརྒྱ་པ་ལས་སྡོམ་པ་གསུམ་བསྟན་པའི་ལེའུ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།  

བམ་པོ་དང་པོ།  སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ ཐམས་ཅད་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།  བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཀྱི་ཕུང་པོའི་རི་ལ་བཞུགས་ཏེ།  རིའི་རྒྱལ་པོ་བྱ་རྒོད་ཀྱི་ཕུང་པོ་དེ་ ནི་མཐོ་བ།  ཟླུམ་པ།  གནམ་འཕང་དང་རྒྱར་ཡངས་པ།  ལོ་ཏོག་ཐམས་ཅད་ཀྱི་ས་འཛིན་པ།  མེ་ཏོག་དང།  ཕྲེང་བ་དང།  སྤོས་རྣམ་པ་སྣ་ཚོགས་དང་ལྡན་པ།  མི་འམ་ཅི་དང།  སྐྱེས་བུ་ འམ་ཅིའི་ཚོགས་རྣམ་པར་རྒྱུ་བ།  གནོད་སྦྱིན་དང།  སྲིན་པོ་དང།  ཤ་ཟ་རྣམ་པ་མང་པོའི་གནས་སོ། ། རི་དགས་ཀྱི་ཚོགས་ཀྱང་རྣམ་པར་རྒྱུ་བ་ལ་འདི་ལྟ་སྟེ།  སེང་གེ་དང།   སྟག་དང།  གླང་པོ་ཆེ་དང།  བསེ་དང།  དོམ་དང།  དྲེད་དང།  གཟིག་དང།  མ་ཧེ་དང།  ཤ་བཀྲ་དང།  བསེ་ཁ་སྒོ་དང།  བ་ལང་ཁ་ཞོ་སྔོན་པོ་དང།  བ་ལང་དང།  ཤ་བ་དང།  ཤན་མར་དང།  སྤྲེའུའི་ ཚོགས་རྣམ་པར་རྒྱུ་བའོ། ། དེ་ན་བྱ་རྣམ་པ་མང་པོ་བརྒྱ་སྟོང་གནས་པ་འདི་ལྟ་སྟེ།  ནེ་ཙོ་དང།  རི་སྐེགས་དང།  ཁུ་བྱུག་དང།  ཤང་ཤང་ཏེའུ་དང།  ངང་པ་དང།  ཁྲུང་ཁྲུང་དང།  རྨ་བྱ་དང།  གྷུ་གྷུ་སྟ་ཀ་དང།  ཀ་ཌ་ཀ་དང།   ཐིང་རིལ་དང།  ཡིད་འོང་ངང་བ་དང།  གོང་མ་སྲེག་དང།  e ད་ནུ་མ་ཀ་ཀ་དྷེ་ནུ་དང།  དན་དྷ་ཞེས་བྱ་བ་དང།  ཀ་ད་རུ་ཧ་དང།  མོ་ར་དང།  ངུར་པ་དང།  བི་ར་བ་ཏ་དང།  རྡོ་རྗེ་མཆོག་དང།  ཀ་རན་ད་པ་དང།  ངང་སྐྱ་དང།  ཀུག་ ཀུ་ཧ་དང།  ནོར་སྐྱོང་དང། ། ཤ་མ་དང།  ཤི་ཁ་ན་ཤི་ལ་དང།  བྱ་གག་དང།  ཕུག་རོན་དང།  ཀ་ག་ཀ་བ་དང།  ཀུ་ར་ཏ་དང།  བྱ་རྒོད་དང།  བན་ཏ་ཤ་ཀ་དང།  ཙ་ད་ཙ་ལ་དང།  གསེར་བུ་དང།  འོལ་བ་དང།  ཁྲ་དང།  ཁྲ་སེམས་ཤེས་དང།  འུག་ པ་དང།  སྲེག་པ་དང།  ཀ་པིན་ཏ་ཀ་དང།  པཎ་ཊི་ཀ་དང།  ཙ་ཏི་ཀ་དང།  ན་བ་ཙ་ཏི་ཀ་དང།  ཙ་ཤ་དང།  ཙ་ཀོ་ར་དང།  བྱ་གག་རྒོད་དང།  རྒྱགས་བྱེད་རི་སྐེགས་དང།  ཀ་ཏ་མ་ཀ་དང།  ཀ་ཙ་རུ་ཙ་ཀ་དང།  ཀ་ ར་རུ་བེ་ཀ་དང།  དེ་དག་ལ་སོགས་པ་བྱའི་ཚོགས་རྣམས་གནས་ཏེ།  དེ་དག་ཀྱང་སངས་རྒྱས་ཀྱི་མཐུས་འདོད་ཆགས་ཀྱི་གནོད་པ་མེད་དོ། ། ཞེ་སྡང་དང།  གཏི་མུག་གི་གནོད་པ་མེད་དོ། ། གཅིག་ལ་གཅིག་མི་ཟའོ། །  དེ་དག་གཅིག་ལ་གཅིག་ཕ་མར་འདུ་ཤེས་ཤིང་གནས་སོ། ། ཡང་རིའི་རྒྱལ་པོ་བྱ་རྒོད་ཀྱི་ཕུང་པོ་དེ་ལ་ཤིང་གི་ཚོགས་བརྒྱ་སྟོང་དུ་མ་ཡལ་ག་སྟུག་ཅིང་ལོ་མ་རྒྱས་པ་འདབ་ན་དྲང་སྲོང་གནས་པ་དག་ཡོད་པ་ལ་འདི་ལྟ་སྟེ།  ཐང་ཤིང་དང།  པླག་ཤ་དང།    ཤྭད་ཐ་དང།  པི་པི་ལིང་གི་ཤིང་དང།  རྒྱ་སྐྱེགས་ཤིང་དང།  ཧ་རི་ཏ་དང།   རུ་རའི་ཤིང་དང།  སྐྱུ་རུ་རའི་ཤིང་དང།  བ་རུ་རའི་ཤིང་དང།  ས་ལ་དང།  ཏ་ལ་དང།  ནག་ཏ་མ་ལ་དང།  དོང་ཀའི་ཤིང་དང།   མྲ་དང།  འཛམ་བུའི་ཤིང་པ་དང།   ཁམ་ཤིང་དང།  ཀ་པིད་ཐ་དང།  རྒྱ་ཤུག་གི་ཤིང་དང།  སེང་ལྡེང་དང།  མ་ཏུ་ལུང་ག་དང།  བལ་པོ་སེའུ་ཤིང་དང།  སྟ་རྒ་ཤིང་དང།  ཏིན་ཏུ་ཀ་དང།  ཀུད་ཛ་ཀ་དང།  དྷ་བ་ཀ་དང།  ས་ར་ལ་དང།  e ལ་དང།  ཀྵུ་པ་དང།  ནྱ་གྲོ་དྷ་དང།  དྲ-i ཌྷ་ ནི་མ་དང།  འབྲ་གོ་དང།  ཀམ་པི་ལ་དང།  པ་ལ་ཤ་དང།  ནི་ཡ་མ་དང།  ཀ་ཀེ་རི་ཡ་དང།  ནིད་ཏྱ་པི་ལོ་དི་དང།  པོག་དཀར་པོའི་ཤིང་དང།  སྲ་ཙི་པོག་གི་ཤིང་དང།  ཤིང་ཀུན་ཤིང་དང།  ཙན་དན་དང།  ཙན་དན་དམར་པོ་དང།  u བ་ཏ་དང།   ས་ཀ་བི་ཛ་དང།  གར་ཛ་དང།  བི་གར་ཛ་དང།  གསར་ཤིང་དང།  པ་ན་ས་དང།  རྒུན་ཤིང་དང།  ཤིང་བལ་ཤིང་དང།  པ་རི་ཀྵ་ཏྲ་དང།  ཧི་ལ་སྟེ་ལྷ་དང་བཅས་པ་དག་གོ།  ཡང་རིའི་རྒྱལ་པོ་བྱ་རྒོད་ཀྱི་ཕུང་པོ་དེ་ལ་ཐང་ལས་སྐྱེས་པའི་མེ་ཏོག་རྣམ་པ་མང་པོ་ དག་སྐྱེ་བ་འདི་ལྟ་སྟེ།   ཏི་མུག་ཏ་ཀ་དང།  ཙམ་པ་ཀ་དང།  སྐྱ་སྣར་དང།  བར་ཤི་ཀ་དང།  སྣ་མའི་མེ་ཏོག་དང།  དྲི་མཆོག་དང།  ཡུ་ཐི་ཀ་དང།  ད་ནུ་སྐ་རི་དང།  བལ་ལ་དང།  ཏ་ར་ཎི་དང།  ག་བ་ཏ་ར་ཎི་དང།  ཀང་ས་གུ་ན་དང།  ལུག་མིག་དང།  ཧ་རི་ ནི་ཀ་དང།  མ་ད་ཏ་ལི་ཀ་དང།  མན་ཛུ་བུ་སྤི་ཀ་སྟེ་མེ་ཏོག་སྣ་ཚོགས་དེ་ལྟ་བུ་དག་གིས་རིའི་རྒྱལ་པོ་བྱ་རྒོད་ཀྱི་ཕུང་པོ་གང་ཞིང་མཛེས་སོ། ། ཡང་རིའི་རྒྱལ་པོ་བྱ་རྒོད་ཀྱི་ཕུང་པོ་དེ་ལ་ཆུ་ལས་སྐྱེས་པའི་མེ་ཏོག་རྣམ་པ་མང་པོ་དག་སྐྱེ་བ་འདི་ལྟ་སྟེ།  ཨུད་པ་ལ་དང།  པད་ མ་དང།  ཀུ་མུ་ད་དང།  པད་མ་དཀར་པོ་དང།  པང་ཀ་ནི་རི་ཏི་ཀ་དང།  ཀང་ཀ་ར་ཀ་དང།  ཀང་ཀ་ར་ཀ་ཆེན་པོ་སྟེ།  དེ་དག་ལ་སོགས་པ་ཆུ་ལས་སྐྱེས་པའི་མེ་ཏོག་རྣམས་ཀྱིས་རིའི་རྒྱལ་པོ་བྱ་རྒོད་ཀྱི་ཕུང་པོ་མཛེས་པར་བྱས་སོ། །  ཡང་རིའི་རྒྱལ་པོ་བྱ་རྒོད་ཀྱི་ཕུང་པོ་དེ་ལ་རྟག་ཏུ་རྒྱུན་མི་འཆད་པར་ནམ་གྱི་གུང་ཐུན་ལ་སྤྲིན་ཆེན་པོ་མངོན་པར་འདུས་ཏེ།  ཐོག་མར་རིའི་རྒྱལ་པོ་བྱ་རྒོད་ཀྱི་ཕུང་པོ་དེ་ལ་ཆར་གྱི་སྤྲིན་ལྷའི་བུ་མངོན་པར་བསྒྲགས་ནས་པ་འཇོས་ཙམ་གྱི་བར་དུ་ཡན་ལག་བརྒྱད་དང་ལྡན་པའི་ཆར་ ཟིམ་བུ་ཟིམ་བུ་དལ་བུ་དལ་བུས་འབབ་སྟེ།  དེས་རིའི་རྒྱལ་པོ་བྱ་རྒོད་ཀྱི་ཕུང་པོའི་ཁོ་ར་ཁོར་ཡུག་ཚིམ་པར་བྱས་ནས་ཐོ་རངས་སྤྲིན་ལྷ་གྱེས་ཤིང་ནམ་མཁའ་ལ་སྤྲིན་མེད་པར་གྱུར་ནས་དེར་ཡང་བསིལ་ཞིང་འཇམ་ལ་སིམ་པར་བྱེད་པའི་རླུང་ལྡང་སྟེ།  དེ་དག་གིས་རིའི་རྒྱལ་པོ་ བྱ་རྒོད་ཀྱི་ཕུང་པོ་ལ་གནས་པའི་སེམས་ཅན་རྣམས་རྟས་པར་བྱེད།  སིམ་པར་བྱེད།  ཚིམ་པར་བྱེད་དེ། ། འདི་ལྟ་སྟེ།  དཔེར་ན་མེ་ཏོག་ཕྲེང་རྒྱུད་དམ།  མེ་ཏོག་ཕྲེང་རྒྱུད་ཀྱི་སློབ་མས་ཕྲེང་བ་བརྒྱུས་ཟིན་ནས་ཆུས་བཏབ་པ་དང་དེའི་ཕྲེང་བ་དེ་དག་སྔ་མ་བས་ཆེས་ བཟང་བར་འགྱུར་བ་དེ་བཞིན་དུ་རིའི་རྒྱལ་པོ་བྱ་རྒོད་ཀྱི་ཕུང་པོ་ལ་རྟག་ཏུ་རྒྱུན་མི་འཆད་པར་ནམ་གྱི་གུང་ཐུན་ལ་སྤྲིན་ཆེན་པོ་མངོན་པར་འདུས་ཏེ། ། ཐོག་མར་རིའི་རྒྱལ་པོ་བྱ་རྒོད་ཀྱི་ཕུང་པོ་དེ་ལ་ཆར་སྤྲིན་ལྷའི་བུ་མངོན་པར་བསྒྲགས་ནས་པ་འཇོས་ཙམ་གྱི་བར་དུ་ཡན་ལག་ བརྒྱད་དང་ལྡན་པའི་ཆར་ཟིམ་བུ་ཟིམ་བུ་དལ་བུ་དལ་བུས་འབབ་སྟེ།  ཐོ་རངས་སྐྱ་རེངས་ཤར་བའི་དུས་ན་སྤྲིན་ལྷ་གྱེས་ཤིང་ནམ་མཁའ་ལ་སྤྲིན་མེད་པར་གྱུར་ཏོ། ། ཡང་རིའི་རྒྱལ་པོ་བྱ་རྒོད་ཀྱི་ཕུང་པོ་ལ་རྩྭ་སར་པ་དག་སྐྱེ་སྟེ།  རེག་བཟོད་པ་དང་ལྡན་པ།  དྲི་དང་ ལྡན་པ།  སྔོ་ཞིང་འཇམ་པ།  གཡས་ཕྱོགས་སུ་འཁྱིལ་པ་དག་སྐྱེ་བ་འདི་ལྟ་སྟེ།  དཔེར་ན་རྨ་བྱའི་མགྲིན་པའི་སྤུའི་ཁ་དོག་བཞིན་ནོ།  འདི་ལྟ་སྟེ།  དཔེར་ན་བར་ཤ་ཀའི་མེ་ཏོག་གི་དྲི་བཞིན་ནོ།  འདི་ལྟ་སྟེ།  དཔེར་ན་ཀ་ཙ་ལིན་ངའི་ གོས་ལ་རེག་པ་བཞིན།  རྐང་མཐིལ་བཞག་ན་ནི་སོར་བཞིས་ནེམས་ཞེས་བྱེད་པ།  རྐང་མཐིལ་བཏེགས་ན་ནི་སོར་བཞིས་པར་ཅེས་བྱེད་པ།  མེ་ཏོག་དང།  འདབ་མ་དང།  འབྲས་བུ་དང་ལྡན་པ་བལྟ་བས་ཆོག་མི་ཤེས་པ་དག་གོ། ། ཡང་ རིའི་རྒྱལ་པོ་བྱ་རྒོད་ཀྱི་ཕུང་པོ་དེ་ལ་འབབ་ཆུའི་དངོ་དང།  མཚོ་བྲན་དང།  མཚོ་དང།  མཚེའུ་དང།  རྫིང་རྣམ་པ་མང་པོ་བསིལ་བའི་ཆུས་རབ་ཏུ་གང་བ་དག་ཡོད་དེ།  དེ་དག་ལས་པད་མ་སྔོན་པོ་དང།  སེར་པོ་དང།  དམར་པོ་དང།  དཀར་པོ་དང།   ལེབ་རྒན་དང།  ཤེལ་གྱི་ཁ་དོག་ལྟ་བུ་དང།  གསེར་གྱི་ཁ་དོག་ལྟ་བུ་ཆེ་ཁྱད་ཤིང་རྟའི་འཕང་ལོ་ཙམ་དག་སྐྱེ་སྟེ།  དེ་དག་བཅད་ན་དྲི་དང་ཕྱོགས་བཞི་ཀུན་ཏུ་དཔག་ཚད་ཙམ་དུ་ལྡང་ངོ། ། རིའི་རྒྱལ་པོ་ངེའི་རྩེ་མོ་པད་མའི་གདན་ ཆེན་པོ་ཨན་ད་རྙིལ་གཞན་གྱིས་མི་ཚུགས་པ་རྡོ་རྗེ་ལྟ་བུའི་ཆུ་བ་ཅན།  ་ཆེན་པོས་མཐའ་བསྐོར་བ། ། འཛམ་བུ་ཆུ་བོའི་གསེར་དི་མ་མེད་པའི་འདབ་མ་རྒྱས་པ།  ཙན་དན་དུས་ཀྱི་རྗེས་སུ་འབྲང་བའི་སྙིང་པོ་རྣམ་པར་དག་པ།  རིན་པོ་ཆེ་རྡོའི་སྙིང་ པོའི་ཟེ་བ་དང་ལྡན་པ།  ཚད་རྒྱ་མཚོ་ལྟར་ཡངས་ཤིང་རྒྱ་ཆེ་བ། ། ལྷ་མ་ཡིན་གྱི་དབང་པོ་ས་ཡས་སྙིང་པོ་ཀུན་ཏུ་བཟུང་བ།  ནོར་བུ་རིན་པོ་ཆེ་ས་ཡའི་དྲ་བ་སྣ་ཚོགས་ཀྱིས་གཡོགས་པ།  ཀླུའི་དབང་པོ་ས་ཡས་སྤྲིན་ལས་སྤོས་ཆུའི་ཆར་ཕབ་པ།  ནམ་ མཁའ་ལྡིང་གི་དབང་པོས་ཡས་ཁ་ནས་དར་སྤྱངས་ཤིང་རི་མོ་བྱས་པ།  མིའམ་ཅིའི་དབང་པོ་ས་ཡས་ཕན་པའི་སེམས་ཀྱིས་བལྟས་པ།  ལྟོ་འཕྱེ་ཆེན་པོའི་དབང་པོ་ས་ཡས་གདོང་གིས་ཕྱག་འཆལ་ཞིང་རི་མོ་བྱས་པ།  དྲི་ཟའི་དབང་པོ་ས་ཡས་བསྟོད་ཅིང་ བསྔགས་ལ་མཆོད་པ།  ལྷའི་དབང་པོ་ས་ཡས་མེ་ཏོག་དང།  ཕྲེང་བ་དང།  སྤོས་དང།  བྱུག་པ་དང།  ཕྱེ་མ་དང།  གོས་དང།  གདུགས་དང།  རྒྱལ་མཚན་དང།  ལྷའི་བ་དན་གྱི་སྤྲིན་གྱི་ཆར་ཕབ་པ།  ཚངས་པའི་དབང་པོ་ས་ཡས་མགོ་བོས་ཕྱག་འཚལ་ ཞིང་རི་མོ་བྱས་པ།  གནས་གཙང་མའི་རིས་ཀྱི་ལྷའི་བུ་ས་ཡས་ཐལ་མོ་སྦྱར་ནས་ཕྱག་བྱས་པ།  མིའི་དབང་པོ་འཁོར་ལོས་སྒྱུར་བ་ས་ཡས་ནོར་བུ་རིན་པོ་ཆེ་སྣ་བདུན་དང་ལྡན་པས་བསུ་བ། ། རྒྱ་མཚོའི་ལྷ་ས་ཡས་བསུ་ཞིང་ཕྱག་བྱས་པ།  ནོར་བུ་རིན་ པོ་ཆེ་སྐར་མདོག་ས་ཡས་འོད་ཟེར་གྱིས་སྣང་བར་བྱས་པ།  བསོད་ནམས་ཀྱིས་དག་པའི་ནོར་བུ་རིན་པོ་ཆེ་ས་ཡས་ཤིན་ཏུ་ངེས་པར་མཛེས་པར་བྱས་པ།  ནོར་བུ་རིན་པོ་ཆེ་རྣམ་པར་སྣང་བྱེད་ས་ཡས་སྙིང་པོ་དྲི་མ་མེད་པ།  ནོར་བུ་རིན་པོ་ཆེ་དཔལ་གྱི་འོད་ཟེར་ས་ཡས་དཔལ་ རབ་ཏུ་ཐལ་ལེ་བ།  ནོར་བུ་རིན་པོ་ཆེའི་མཛོད་སྣ་ཚོགས་ས་ཡས་མཐའ་ཡས་པར་སྣང་བ། ། ནོར་བུ་རིན་པོ་ཆེ་འཛམ་བུའི་རྒྱལ་མཚན་ས་ཡས་ལེགས་པར་བཟུང་བས་བརྟན་པར་གྱུར་པ།  ནོར་བུ་རིན་པོ་ཆེ་རྡོ་རྗེ་སེང་གེ་ས་ཡས་གཞན་གྱིས་མི་ཐུབ་པར་བཀོད་པ།  ནོར་བུ་རིན་པོ་ ཆེ་ཉི་མའི་སྙིང་པོ་ས་ཡས་རྒྱ་ཆེར་སྤྲས་པ།  ནོར་བུ་རིན་པོ་ཆེ་བསམ་གྱིས་མི་ཁྱབ་པ་ས་ཡས་ཁ་དོག་སྣ་ཚོགས་ཀྱི་རི་མོ་བྱས་པ།  ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ས་ཡས་མི་ཟད་པ་བཀོད་པས་རི་མོ་བྱས་པ་བྱུང་སྟེ། ། པད་མོ་ཆེན་པོ་དེ་ནི་དེ་བཞིན་གཤེགས་པའི་འཇིག་རྟེན་ལས་ འདས་པའི་དགེ་བའི་རྩ་བ་ལས་ངེས་པར་བྱུང་བ། ། བྱང་ཆུབ་སེམས་དཔའི་བསམ་པས་མནོས་པ། ། ཕྱོགས་ཐམས་ཅད་དུ་མངོན་དུ་གོ་བར་བྱེད་པ།  སྒྱུ་མར་གྱུར་པའི་ཆོས་ལས་ངེས་པར་བྱུང་བ། ། དྲི་ང་བ་མེད་པའི་ལས་ལས་སྐྱེས་པ།  ཉོན་མོངས་པ་མེད་པའི་ཆོས་ཉིད་ཀྱི་ཚུལ་ བཀོད་པ།  རྨི་ལམ་ལྟ་བུའི་ཆོས་ཉིད་ཀྱིས་ཀུན་ཏུ་རྒྱུ་བ། ། མངོན་པར་འདུ་བྱེད་པའི་ཆོས་ཉིད་ཀྱིས་རྒྱས་བཏབ་པ།  ཆགས་པ་མེད་པ་དང་ལྡན་པ།  ཕྱོགས་ཀུན་ཏུ་ཆོས་ཀྱི་དབྱིངས་ཀྱིས་ཁྱབ་པར་བྱེད་པ།  སངས་རྒྱས་ཀྱི་ཡུལ་རབ་ཏུ་བྲྗོད་པ་དང་འཐུན་པ་སྟེ། ། དེའི་རྣམ་ པ་དང།  ཡོན་ཏན་དང། ། དབྱིབས་དང།  ཁ་དོག་དང།  བཀོད་པའི་མཐའ་ནི་བསྐལ་པ་གྲངས་མེད་པར་ཡང་རྟོགས་པར་མི་ནུས་པའི་པད་མ་ཆེན་པོ་དེ་ལ་བཅོམ་ལྡན་འདས་སྐྱིལ་མོ་ཀྲུང་བཅས་ནས་བཞུགས་ཏེ།  འདི་ལྟར་དགེ་སློང་བརྒྱད་སྟོང་ག་དགེ་འདུན་ཚན་པ་དང་ཐབས་ཅིག་པ་ལ་ འདི་ལྟ་སྟེ། ། ཚེ་དང་ལྡན་པ་ཀུན་ཤེས་ཀོའུ་དི་ནྱ་དང།  ཚེ་དང་ལྡན་པ་རྟ་ཐུལ་དང།  ཚེ་དང་ལྡན་པ་རླངས་པ་དང།  ཚེ་དང་ལྡན་པ་མིང་ཆེན་དང།  ཚེ་དང་ལྡན་པ་འཆར་ཀ་དང།  ཚེ་དང་ལྡན་པ་གྲགས་པ་དང།  ཚེ་དང་ལྡན་པ་གང་པོ་དང།  ཚེ་དང་ལྡན་པ་དྲི་མ་མེད་པ་དང།  ཚེ་ དང་ལྡན་པ་བ་ལང་བདག་དང།  ཚེ་དང་ལྡན་པ་ལག་བཟངས་དང།  ཚེ་དང་ལྡན་པ་ལྟེང་རྒྱས་འོད་སྲུང་དང།  ཚེ་དང་ལྡན་པ་ཆུ་ཀླུང་འོད་སྲུང་དང།  ཚེ་དང་ལྡན་པ་ག་ཡ་འོད་སྲུང་དང།  ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་དང།  ཚེ་དང་ལྡན་པ་ཀཏྱའི་བུ་དང།  ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ དང།  ཚེ་དང་ལྡན་པ་མོཨོད་གལ་གྱི་བུ་ཆེན་པོ་དང།  ཚེ་དང་ལྡན་པ་མ་འགགས་པ་དང།  ཚེ་དང་ལྡན་པ་རབ་འབྱོར་དང། ། ཚེ་དང་ལྡན་པ་རབ་འབྱོར་དང།  ཚེ་དང་ལྡན་པ་ནམ་གྲུ་དང།  ཚེ་དང་ལྡན་པ་བྱམས་མའི་བུ་གང་པོ་དང།  ཚེ་དང་ལྡན་པ་ཉེ་བར་འཁོར་དང།  ཚེ་དང་ལྡན་པ་སྒྲ་གཅན་ཟིན་དང།  ཚེ་དང་ལྡན་པ་ ཀུན་དགའ་བོ་ལ་སོགས་པ་དགེ་སློང་བརྒྱད་སྟོང་ཐམས་ཅད་ཀྱང་བདེན་པའི་ངོ་བོ་ཉིད་ཀྱི་ཚུལ་མངོན་པར་རྫོགས་པའི་རྟོགས་པ།  ཡང་དག་པའི་མཐའ་མངོན་སུམ་དུ་གྱུར་པ།  ཆོས་ཀྱི་རང་བཞིན་ལ་ཞུགས་པ།  སྲིད་པའི་རྒྱ་མཚོ་ལས་རྒལ་བ།  དེ་བཞིན་ཉིད་ནམ་མཁའ་ལྟ་ བུའི་སྤྱོད་ཡུལ་བ།  ཀུན་ཏུ་སྦྱོར་བ་དང་བག་ལ་ཉལ་གྱི་འཆིང་བ་བཅད་པ།  གནས་དང་རྟེན་ལ་མ་ཆགས་པ།  ནམ་མཁའ་ལྟར་ཞི་བ་ལ་རྣམ་པར་རྒྱུ་བ། ། སངས་རྒྱས་ལ་ནེམ་ནུར་དང།  ཡིད་གཉིས་དང།  ཐེ་ཚོམ་ཟ་བ་བཅད་པ།  སངས་རྒྱས་ཀྱི་ཡེ་ཤེས་ཀྱི་རྒྱ་མཚོ་ལ་ མོས་པའི་ལམ་དུ་ཞུགས་པ།  འགྲོ་བ་ཐམས་ཅད་ལ་ཕན་པའི་ཕྱིར་ཞུགས་པ།  གསོལ་བ་མ་བཏབ་པར་དགེ་བའི་བཤེས་གཉེན་བྱེད་པ།  སེམས་ཅན་ཐམས་ཅད་བསྲུང་བར་ཞུགས་པ།  སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བའི་མཛའ་བཤེས་སུ་གྱུར་པ།  སངས་ རྒྱས་ཀྱི་བསྟན་པའི་སྤྱོད་ཡུལ་ལས་ངེས་པར་བྱུང་བ། ། དེ་བཞིན་གཤེགས་པའི་བསྟན་པ་བསྲུང་བར་ཞུགས་པ།  སངས་རྒྱས་ཀྱི་བསྟན་པ་ཀུན་ཏུ་འཛིན་པར་སྨོན་ལམ་བཏབ་པ།  དེ་བཞིན་གཤེགས་པའི་གདུང་རིགས་འབྱུང་བར་མངོན་དུ་ཕྱོགས་པ།  ཐམས་ཅད་མཁྱེན་པའི་ ཡེ་ཤེས་མངོན་དུ་གྱུར་པ་ཤ་སྟག་གོ།  ཀུན་ཏུ་བཟང་པོ་དང།  བྱང་ཆུབ་སེམས་དཔའ་འཇམ་དཔལ་ལ་སོགས་པ་བྱང་ཆུབ་སེམས་དཔའ་བརྒྱད་སྟོང་དང་ཐབས་ཅིག་པ་ལ་འདི་ལྟ་སྟེ། ། བྱང་ཆུབ་སེམས་དཔའ་ཡེ་ཤེས་བླ་མའི་ཡེ་ཤེས་ཅན་དང།  རིན་ཆེན་བླ་མའི་ ཡེ་ཤེས་ཅན་དང།  སྐད་ཐམས་ཅད་ཤེས་པ་ཅན་དང།  ཐོགས་པ་མེད་པའི་ཡེ་ཤེས་ཅན་དང།  མེ་ཏོག་བླ་མའི་ཡེ་ཤེས་ཅན་དང།  ཉི་མའི་བླ་མའི་ཡེ་ཤེས་ཅན་དང།  ཟླ་བའི་བླ་མའི་ཡེ་ཤེས་ཅན་དང།  དྲི་མ་མེད་པའི་བླ་མའི་ཡེ་ཤེས་ཅན་དང།  རྡོ་རྗེའི་ཡེ་ཤེས་ཅན་དང།   མཚན་དང།  ཉི་མའི་རྒྱལ་མཚན་དང།  མཛེས་པའི་རྒྱལ་མཚན་དང།  རྡུལ་མེད་རྒྱལ་མཚན་དང།  བྱང་ཆུབ་སེམས་དཔའ་རྣམ་པར་སྣང་བའི་རྒྱལ་མཚན་དང།  བྱང་ཆུབ་སེམས་དཔའ་སའི་གཟི་བྲྗིད་དང།  རིན་པོ་ཆེའི་གཟི་བྲྗིད་དང།  གཟི་བྲྗིད་ཆེན་པོ་དང།  ཡེ་ ཤེས་རྡོ་རྗེའི་གཟི་བྲྗིད་དང།  དྲི་མ་མེད་པའི་གཟི་བྲྗིད་དང།  ཉི་མའི་གཟི་བྲྗིད་དང།  ཟླ་བའི་གཟི་བྲྗིད་དང།  བསོད་ནམས་རིའི་གཟི་བྲྗིད་དང། ། ཡེ་ཤེས་སྣང་བའི་གཟི་བྲྗིད་དང།  བྱང་ཆུབ་སེམས་དཔའ་ཀུན་ནས་དཔལ་གྱི་གཟི་བྲྗིད་དང།  བྱང་ཆུབ་སེམས་དཔའ་ནམ་ མཁའི་སྙིང་པོ་དང།  པད་མའི་སྙིང་པོ་དང།  རིན་པོ་ཆེའི་སྙིང་པོ་དང།  ཉི་མའི་སྙིང་པོ་དང།  ཡོན་ཏན་རྣམ་པར་དག་པའི་སྙིང་པོ་དང།  ཆོས་ཀྱི་རྒྱ་མཚོའི་སྙིང་པོ་དང།  རྣམ་པར་སྣང་བའི་སྙིང་པོ་དང།  ལྟེ་བའི་སྙིང་པོ་དང། ། བྱང་ཆུབ་སེམས་དཔའ་པད་མའི་དཔལ་གྱི་སྙིང་པོ་ དང།  བྱང་ཆུབ་སེམས་དཔའ་ཉི་མའི་མིག་དང།  རྣམ་པར་དག་པའི་མིག་དང།  དྲི་མ་མེད་པའི་མིག་དང།  མ་ཆགས་པའི་མིག་དང།  ཀུན་ཏུ་ལྟ་བའི་མིག་དང།  ཡེ་ཤེས་ཤིན་ཏུ་རྣོ་བའི་མིག་དང།  རྡོ་རྗེའི་མིག་དང།  རིན་པོ་ཆེའི་མིག་དང།  ནམ་མཁའི་མིག་དང།  བྱང་ ཆུབ་སེམས་དཔའ་ཀུན་ནས་མིག་དང།  བྱང་ཆུབ་སེམས་དཔའ་ལྷའི་ཅོད་པན་དང།  ཆོས་ཀྱི་དབྱིངས་སྣང་བའི་ནོར་བུའི་ཅོད་པན་དང།  བྱང་ཆུབ་ཀྱི་སྙིང་པོའི་ནོར་བུའི་ཅོད་པན་དང།  ཕྱོགས་རྣམ་པར་སྣང་བའི་ཅོད་པན་དང།  སངས་རྒྱས་ཐམས་ཅད་བྱུང་བའི་སྙིང་པོའི་ཅོད་པན་ དང།  འཇིག་རྟེན་ཐམས་ཅད་ལས་འཕགས་པའི་ཅོད་པན་དང།  ཀུན་ནས་རྣམ་པར་སྣང་བའི་ཅོད་པན་དང།  ཟིལ་གྱིས་མི་ནོན་པའི་ཅོད་པན་དང།  དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སེང་གེའི་གདན་གཡོགས་པའི་ཅོད་པན་དང།  བྱང་ཆུབ་སེམས་དཔའ་ནམ་མཁའ་ལྟ་བུའི་ ཆོས་ཀྱི་དབྱིངས་ཀུན་ནས་སྣང་བའི་ཅོད་པན་དང། ། བྱང་ཆུབ་སེམས་དཔའ་ཚངས་པའི་དབང་པོའི་གཙུག་པུད་དང། ། ཀླུའི་དབང་པོའི་གཙུག་པུད་དང།  སངས་རྒྱས་ཐམས་ཅད་ཀྱི་སྤྲུལ་པ་སྣང་བའི་གཙུག་པུད་དང།  བྱང་ཆུབ་ཀྱི་སྙིང་པོའི་གཙུག་པུད་དང།  སྨོན་ལམ་ཐམས་ཅད་ ཀྱི་རྒྱ་མཚོའི་དབྱིངས་ཀྱི་ནོར་བུའི་རྒྱལ་པོའི་གཙུག་པུད་དང།  དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འོད་ཀྱི་དཀྱིལ་འཁོར་གྱིས་འགྲོལ་བའི་ནོར་བུ་རིན་པོ་ཆེ་རབ་ཏུ་བསྒྲགས་པའི་གཙུག་པུད་དང།  ནམ་མཁའི་དཀྱིལ་ཐམས་ཅད་དབྱེར་མེད་པ་རྣམ་པར་རིག་པའི་ནོར་བུ་རིན་པོ་ཆེས་བརྒྱན་ པའི་གཙུག་པུད་དང།  དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྣམ་པར་སྤྲུལ་པ་སྣང་བའི་རྒྱལ་མཚན་གྱི་ནོར་བུ་རིན་པོ་ཆེའི་དྲ་བས་གཡོགས་པའི་གཙུག་པུད་དང།  དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་འཁོར་ལོའི་དབྱངས་ཀྱི་གཙུག་པུད་དང།  བྱང་ཆུབ་སེམས་དཔའ་དུས་གསུམ་ ཐམས་ཅད་ཀྱི་འཁོར་ལོའི་དབྱངས་ཀྱི་གཙུག་པུད་ཅེས་བྱ་བ་དང།  བྱང་ཆུབ་སེམས་དཔའ་འོད་ཆེན་དང།  དྲི་མ་མེད་པའི་འོད་དང།  རིན་པོ་ཆེའི་འོད་དང།  རྡུལ་མེད་འོད་དང།  སྐར་མའི་འོད་དང།  ཆོས་ཀྱི་འོད་དང། ། ཞི་བའི་འོད་དང།  ཉི་མའི་འོད་དང།  རྣམ་པར་སྤྲུལ་པའི་འོད་ དང།  བྱང་ཆུབ་སེམས་དཔའ་ལྷའི་འོད་དང།  བྱང་ཆུབ་སེམས་དཔའ་བསོད་ནམས་ཀྱི་ཏོག་དང།  ཡེ་ཤེས་ཀྱི་ཏོག་དང།  ཆོས་ཀྱི་ཏོག་དང།  མངོན་པར་ཤེས་པའི་ཏོག་དང།  འོད་ཀྱི་ཏོག་དང།  མེ་ཏོག་གི་ཏོག་དང།  ནོར་བུའི་ཏོག་དང།  བློའི་ཏོག་དང།  ཚངས་པའི་ཏོག་དང།   བྱང་ཆུབ་སེམས་དཔའ་ཀུན་ནས་སྣང་བའི་ཏོག་དང།  བྱང་ཆུབ་སེམས་དཔའ་ཚངས་པའི་དབྱངས་དང།  རྒྱ་མཚོའི་དབྱངས་དང།  ས་ངེས་པར་སྒྲོགས་པའི་དབྱངས་དང།  འཇིག་རྟེན་དབང་པོའི་དབྱངས་དང།  རིའི་དབང་པོའི་དབྱངས་དང།  རིའི་དབང་པོའི་རྒྱལ་པོ་?ཀུན་ཏུ་རྡོབ་པའི་དབྱངས་དང།  ཆོས་ཀྱི་དབྱིངས་རྒྱས་པར་འགེངས་པའི་དབྱངས་དང།  ཆོས་ཀྱི་རྒྱ་མཚོ་ཐམས་ཅད་བསྒྲགས་པའི་དབྱངས་དང།  བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་རབ་ཏུ་འཇོམས་པའི་དབྱངས་དང།  སྙིང་རྗེ་ཆེན་པོའི་ཚུལ་གྱི་འབྲུག་ངེས་པར་བསྒྲགས་པའི་དབྱངས་དང།   བྱང་ཆུབ་སེམས་དཔའ་འགྲོ་བ་ཐམས་ཅད་ཀྱི་སྡུག་བསྔལ་རབ་ཏུ་ཞི་བའི་སྒྲ་དབྱངས་དང།  བྱང་ཆུབ་སེམས་དཔའ་ཆོས་འཕགས་དང།  ཁྱད་པར་འཕགས་དང།  ཡེ་ཤེས་འཕགས་དང།  བསོད་ནམས་རི་རབ་འཕགས་དང། ། ཡོན་ཏན་མཆོག་རབ་འཕགས་དང། ། གྲགས་པ་འཕགས་ དང།  ཀུན་ནས་སྣང་འཕགས་དང།  བྱམས་པ་ཆེན་པོ་འཕགས་དང།  ཡེ་ཤེས་སྣང་བ་འཕགས་དང།  བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་གདུང་རིགས་འཕགས་དང།  བྱང་ཆུབ་སེམས་དཔའ་འོད་དཔལ་དང།  མཆོག་རབ་དཔལ་དང།  ཆོས་འཕགས་དཔལ་དང།   རྣམ་པར་སྣང་བའི་དཔལ་དང།  ཆོས་དཔལ་དང།  ཟླ་བ་དཔལ་དང།  ནམ་མཁའ་དཔལ་དང།  རིན་ཆེན་དཔལ་དང།  ཏོག་དཔལ་དང།  བྱང་ཆུབ་སེམས་དཔའ་ཡེ་ཤེས་དཔལ་དང།  བྱང་ཆུབ་སེམས་དཔའ་ས་ལའི་དབང་པོའི་རྒྱལ་པོ་དང།  ཆོས་ཀྱི་དབང་པོའི་རྒྱལ་པོ་དང།  གླང་པོ་ ཆེའི་དབང་པོའི་རྒྱལ་པོ་དང། ། ཚངས་པའི་དབང་པོའི་རྒྱལ་པོ་དང། ། རིའི་དབང་པོའི་རྒྱལ་པོ་དང། ། ཚོགས་ཀྱི་དབང་པོའི་རྒྱལ་པོ་དང། ། ལྷའི་དབང་པོའི་རྒྱལ་པོ་དང། ། ཞི་བའི་དབང་པོའི་རྒྱལ་པོ་དང།  ཁྱུ་མཆོག་གི་དབང་པོའི་རྒྱལ་པོ་དང།  བྱང་ ཆུབ་སེམས་དཔའ་བྱང་ཆུབ་མཆོག་གི་དབང་པོའི་རྒྱལ་པོ་དང། ། བྱང་ཆུབ་སེམས་དཔའ་ཞི་བའི་སྒྲ་དང།  ཆགས་པ་མེད་པའི་སྒྲ་དང།  སའི་དབྱངས་སྒྲ་དང།  སའི་དབྱངས་སྒྲ་དང།  རྒྱ་མཚོའི་དབྱངས་སྒྲ་དང།  སྤྲིན་གྱི་དབྱངས་སྒྲ་དང། ། ཆོས་སྣང་བའི་སྒྲ་དང།  ནམ་མཁའི་དབྱངས་སྒྲ་དང། ། བྱང་ཆུབ་ སེམས་དཔའ་དགེ་བའི་རྩ་བ་ཐམས་ཅད་ངེས་པར་བསྒྲགས་པའི་སྒྲ་དང། ། སྔོན་གྱི་སྨོན་ལམ་གྱིས་ཡང་དག་པར་བསྐུལ་བའི་སྒྲ་དང།  བྱང་ཆུབ་སེམས་དཔའ་བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་ཀྱི་དབྱངས་སྒྲ་དང།  བྱང་ཆུབ་སེམས་དཔའ་ཡེ་ཤེས་ལྷུན་པོའི་བློ་དང།  ནམ་མཁའི་བློ་དང་ དྲི་མ་མེད་པའི་བློ་དང། ། ཆགས་པ་མེད་པའི་བློ་དང། ། སད་པའི་བློ་དང། ། དུས་གསུམ་སྣང་བའི་བློ་དང།  རིན་པོ་ཆེའི་བློ་དང།  ཡངས་པའི་བློ་དང། ། ཀུན་ནས་སྣང་བའི་བློ་དང། ། བྱང་ཆུབ་སེམས་དཔའ་ཆོས་ཀྱི་དབྱིངས་ཀྱི་ཚུལ་སྣང་བའི་བློ་ལ་སོགས་པ་བྱང་ཆུབ་སེམས་དཔའ་བརྒྱད་སྟོང་ པོ་ཐམས་ཅད་ཀྱང་ཀུན་ཏུ་བཟང་པོའི་སྤྱོད་པའི་སྨོན་ལམ་ལས་ངེས་པར་བྱུང་བ། ། སངས་རྒྱས་ཀྱི་ཞིང་ཐམས་ཅད་རྒྱས་པར་འགེངས་པས་སྤྱོད་ཡུལ་ཐོགས་པ་མེད་པ།  དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐད་དུ་འགྲོ་བས་ལུས་མཐའ་ཡས་པར་བྱིན་གྱིས་རློབས་པ།  སངས་རྒྱས་ཀྱི་ རྣམ་པར་སྤྲུལ་པ་ཐམས་ཅད་རྣམ་པར་རིག་པས་མཐའ་ཡས་པ་ལ་དམིགས་པའི་མིག་གི་དཀྱིལ་འཁོར་རྣམ་པར་དག་པ།  དེ་བཞིན་གཤེགས་པ་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པའི་སྒོར་འགྲོ་བ་རྒྱུན་མི་གཅོད་པས་འགྲོ་བ་ཚད་མེད་པ།  ཆོས་རྒྱ་མཚོ་ཐམས་ཅད་ཀྱི་ཚུལ་ཤེས་ བའི་སྣང་བ་ནོད་པས་སྣང་བ་མཐའ་ཡས་པ།  སོ་སོ་ཡང་དག་པར་རིག་པ་རྣམ་པར་དག་པས་བསྐལ་པ་མཐའ་ཡས་པར་ཡོན་ཏན་མི་ཟད་པར་སྟོན་པ།  ཡེ་ཤེས་ཀྱི་སྤྱོད་ཡུལ་རྣམ་པར་དག་པས་ནམ་མཁའི་ཁམས་ཀྱིས་ཀླས་པ།  བསམ་པ་ཇི་ལྟ་བ་བཞིན་དུ་འགྲོ་བའི་ལུས་ གཟུགས་ཀུན་ཏུ་སྟོན་པས་གནས་པ་མེད་པ།  སེམས་ཅན་མེད་པ་དང་ལྡན་པའི་དབྱིངས་ཡོངས་སུ་ཤེས་པས་རབ་རིབ་མེད་པ།  ཆོས་ཀྱི་དབྱིངས་ཐམས་ཅད་འོད་ཟེར་གྱི་དྲ་བ་རྒྱས་པར་འགེངས་པས་ཤེས་རབ་ནམ་མཁའ་ལྟ་བུ།  སེམས་ཤིན་ཏུ་ཞི་ཞིང་རབ་ཏུ་ཞི་བ།   གཟུངས་ཀྱི་རིགས་ཐམས་ཅད་ཤེས་པའི་ཡུལ་དང་ལྡན་པ།  ཏིང་ངེ་འཛིན་གྱིས་ཕ་རོལ་གནོན་པ་ལ་འཇིགས་པ་མེད་པ།  ཆོས་ཀྱི་དབྱིངས་གནས་པའི་མཐར་ཐུག་པའི་མིག་ཅན། ། ཆོས་ཐམས་ཅད་མི་དམིགས་པར་གནས་པ་ཐོབ་པ།  ཤེས་རབ་རྒྱ་མཚོ་མཐའ་ཡས་པས་རྣམ་པར་ རྒྱུ་བ།  ཡེ་ཤེས་དམ་པའི་ཕ་རོལ་ཏུ་སོན་པ།  ཏིང་ངེ་འཛིན་མཆོག་ལ་དབང་ཐོབ་པ་ཤ་སྟག་གོ། ། དགེ་སློང་མ་ལྔ་བརྒྱ་དང་ཡང་ཐབས་ཅིག་པ་ལ་འདི་ ལྟ་སྟེ།  ག་ཏ་མྀ་སྐྱེ་དགུའི་བདག་མོ་ཆེན་མོ་དང།  དགེ་སློང་མ་བདེ་མ་དང།  དགེ་སློང་མ་ཨུད་པ་ལའི་མདོག་དང།  དགེ་སློང་མ་གོo ཏ་མྀ་སྐེམ་མོ་དང།  སྒྲ་གཅན་ཟིན་གྱི་མ་དགེ་སློང་མ་གྲགས་འཛིན་ལ་སོགས་པ་དགེ་སློངས་མ་ལྔ་བརྒྱ་དང་ཡང་ཐབས་ཅིག་གོ། ། དགེ་བསྙེན་ལྔ་བརྒྱ་ཙམ་དང་ ཡང་ཐབས་ཅིག་པ་ལ་འདི་ལྟ་སྟེ།  དགེ་བསྙེན་གཟི་བྲྗིད་བཟང་པོ་དང། ། སའི་གཟི་བྲྗིད་དང། ། ཤེས་རབ་འོད་དང། ། གྲགས་པའི་གཟི་བྲྗིད་དང། ། གྲགས་མཆོག་གཟི་བྲྗིད་དང།  བློ་གྲོས་བཟང་དང།  ཟླ་བའི་དཔལ་དང།  ཟླ་བ་དགའ་དང།  ཆེར་དགའ་དང།  སྒྲ་གཅན་བཟང་དང།  ཆེར་ བཟང་ལ་སོགས་པ་དགེ་བསྙེན་མ་ལྔ་བརྒྱ་ཙམ་ལ་འདི་ལྟ་སྟེ།  དགེ་བསྙེན་མ་འོད་ཆེན་དང།  འོད་བཟངས་དང།  ལུས་བཟངས་དང།  མངོན་དགའ་ལུས་དང། ། བཟང་མོ་དང།  བཟང་དཔལ་དང།  ཟླ་འོད་དང།  ཏོག་འོད་དང།  དཔལ་ འོད་དང།  མིག་བཟངས་ལ་སོགས་པ་དགེ་བསྙེན་མ་ལྔ་བརྒྱ་དང་ཡང་ཐབས་ཅིག་གོ། ། དེ་བཞིན་དུ་ལྷ་དང།  ཀླུ་དང།  གནོད་སྦྱིན་དང།  དྲི་ཟ་དང།  ལྷ་མ་ཡིན་དང།  ནམ་མཁའ་ལྡིང་དང།  མིའམ་ཅི་དང།  ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ ནས་བཅོམ་ལྡན་འདས་ཆོས་སྟོན་ཏེ།  འདི་ལྟ་སྟེ།  སྡོམ་པ་གསུམ་བསྟན་པ་ཞེས་བྱ་བའི་ཆོས་ཀྱི་སྒོའི་ལེའུ་ཡང་དག་པར་རབ་ཏུ་སྟོན་ཏོ། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུལ། ། བྱང་ཆུབ་སེམས་དཔའི་སྤྱོད་པ་རབ་ཏུ་བྲྗོད་པ།  ཆོས་ཀྱི་དབྱིངས་ཀྱི་དཀྱིལ་ཐམས་ཅད་སྣང་བ།   ཆོས་ཀྱི་དཀྱིལ་འཁོར་ཐམས་ཅད་ཡང་དག་པར་འདུ་བར་སྣང་བ།  ཞིང་གི་དཀྱིལ་འཁོར་ཐམས་ཅད་རྣམ་པར་སྦྱོང་བའི་རྒྱན།  ཕས་ཀྱི་རྒོལ་པ་ཐམས་ཅད་རྣམ་པར་འཐོར་བ། ། བདུད་ཀྱི་རྩོད་པའི་ཕ་རོལ་གྱི་དམག་ཚོགས་རབ་ཏུ་འཇོམས་པ།  སེམས་ཅན་གྱི་ཁམས་ཐམས་ཅད་ཚིམ་པར་བྱེད་ པ།  སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་ཐིབས་པོ་སྣང་བར་བྱེད་པ།  སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཇི་ལྟ་བ་བཞིན་དུ་གོ་བར་བྱེད་པ།  སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཇི་ལྟ་བ་བཞིན་དུ་གོ་བར་བྱེད་པ།  སེམས་ཅན་ཐམས་ཅད་ཀྱི་དབང་པོ་བཞིན་དུ་འཁོར་ལོ་སྐོར་བར་སྣང་བ་རབ་ཏུ་སྟོན་ཏོ།  དེ་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་སྟན་ལས་ ལངས་ཏེ། ། བླ་གོས་ཕྲག་པ་གཅིག་ཏུ་བགོས་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས།  བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་སེམས་ཅན་གང་དག་སངས་རྒྱས་ཀྱི་ཆོས་ ཚོལ་བ་དང།  སངས་རྒྱས་ཀྱི་སྟོབས་དང། ། མི་འཇིགས་པ་ཆོལ་བ་དེ་དག་གིས་ཆོས་ཇི་ལྟ་བུ་དག་ཅིང་ཡང་དག་པར་བླངས་ཏེ་གནས་པར་བགྱི།  དེ་དག་ཡོངས་སུ་སྨིན་པར་འགྱུར་བའི་ཆོས་རྣམས་ནི་ཇི་ལྟ་བུ་ཞིག་ལགས། ། དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ སླར་མི་ལྡོག་ཅིང་ཐོབ་པར་འགྱུར་བའི་ཆོས་རྣམས་ནི་ཇི་ལྟ་བུ་ཞིག་ལགས།  དེ་སྐད་ཅེས་གསོལ་པ་དང།  བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། འོད་སྲུང་ཁྱོད་སྐྱེ་བོ་མང་པོ་ལ་ཕན་པ་དང།  སྐྱེ་བོ་མང་པོ་ལ་བདེ་བ་དང།   འཇིག་རྟེན་ལ་སྙིང་བརྩེ་བ་དང།  ལྷ་དང་མི་རྣམས་ཀྱི་དོན་དང། ། ཕན་པ་དང་བདེ་བའི་ཕྱིར་ཞུགས་ཏེ། ། འདི་ལྟ་བུའི་གནས་དག་འདྲི་བར་སེམས་པ་ནི་འོད་སྲུང་ཁྱོད་ལེགས་སོ་ལེགས་སོ། ། འོད་སྲུང་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་དོ། ། ཚེ་དང་ ལྡན་པ་འོད་སྲུང་ཆེན་པོ་དང། ། ཐམས་ཅད་དང་ལྡན་པའི་འཁོར་དེས་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང།  བཅོམ་ལྡན་འདས་ཀྱིས་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། འོད་སྲུང་སེམས་ཅན་གང་དག་སངས་རྒྱས་ཀྱི་ཡེ་ཤེས་ཚོལ་བ་དང།  སངས་རྒྱས་ཀྱི་སྟོབས་དང།  མི་ འཇིགས་པ་ཚོལ་བའི་སེམས་ཅན་དེ་ལྟ་བུ་དེ་དག་གིས་དེ་དག་གང་ལ་བརྟེན་ནས་དགེ་བའི་རྩ་བ་རྣམས་སྐྱེ་བར་འགྱུར་བའི་ཆོས་གང་ཡང་མི་དམིགས་སོ། ། འོད་སྲུང་བྱང་ཆུབ་སེམས་དཔའ་ཇི་སྙེད་པ་འདི་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཚོལ་ཞིང་སངས་རྒྱས་ཀྱི་ཆོས་ རྣམས་ལས་འདུས་བྱས་གཞན་པར་སེམས་ཤིང་འདུས་མ་བྱས་ལས་སངས་རྒྱས་ཀྱི་ཆོས་རྣམས་གཞན་པར་སེམས། ། སངས་རྒྱས་ཀྱི་ཆོས་རྣམས་ལ་སེམས་ཤིང་འདུ་ཤེས་ལ་སྤྱོད་པར་འགྱུར་བའམ།  སངས་རྒྱས་ཀྱི་ཆོས་རྣམས་ལ་སེམས་ཤིང་འདུ་ཤེས་ལ་སྤྱོད་པར་འགྱུར་བའམ།  སངས་རྒྱས་ཀྱི་ཆོས་རྣམས་ལ་སེམས་དཔའོ་སྙམ་དུ་ཤེས་ན་ཤེས་པ་ དེ་སངས་རྒྱས་ཀྱི་ཆོས་རྣམས་ལས་ཕྱིར་ལོག་པ་ཡིན་ཏེ། ། དེ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས་པ་ཞེས་མི་བྱའོ། ། དེ་ཅིའི་ཕྱིར་ཞེ་ན། ། སངས་རྒྱས་ཀྱི་ཆོས་སུ་སེམས་ན་དེ་བདག་ཏུ་འཛིན་པ་ཉིད་ཡིན་པའི་ཕྱིར་རོ། ། ཉིན་གཅིག་བཞིན་དུ་སྦྱོར་ བས་དེ་ལ་བརྩོན་པར་བྱེད་ན་དེ་ནི་དེའི་བདག་ཏུ་འཛིན་པ་ཡིན་ཏེ་འབྲལ་བ་མ་ཡིན་ནོ། ། གང་མ་བྲལ་བ་དེ་སེམས་པའོ། ། གང་སེམས་པ་དང།  གང་ལ་སེམས་པ་དེ་རྣམ་པར་ཉམས་པའོ། ། གང་རྣམ་པར་ཉམས་པ་དེ་རྣམ་པར་རྒྱུག་གོ། ། གང་རྣམ་པར་ རྒྱུག་པ་དེ་ཀུན་ཏུ་རྒྱུག་གོ།  གང་ཀུན་ཏུ་རྒྱུག་པ་དེ་རྗེས་སུ་འགྲོའོ། ། གང་རྗེས་སུ་འགྲོ་བ་དེ་རྟོག་གོ། ། གང་རྟོག་པ་དེ་རྣམ་པར་རྟོག་གོ། ། གང་རྣམ་པར་རྟོག་པ་དེ་རབ་ཏུ་རྟོག་གོ། ། གང་རབ་ཏུ་རྟོག་པ་དེ་ཀུན་ཏུ་རྟོག་གོ།  གང་ཀུན་ཏུ་རྟོག་པ་དེ་མ་ཞི་བའོ། ། གང་མ་ཞི་བ་དེ་ གཡོན་ཕྱོགས་པའོ།  གང་གཡོན་ཕྱོགས་པ་དེ་འཁྱམ་པའོ།  གང་འཁྱམ་པ་དེ་ཕོངས་པའོ། ། བདེ་བས་ཕོངས་སོ།  བདེ་བ་གང་ཞེ་ན།  གང་ལ་ཀུན་ཏུ་རྟོག་པ་མེད་པ་དེ་བདེ་བའོ། ། གང་ཕོངས་པ་དེ་སྐྱོན་ཅན་ནོ། ། སྐྱོན་ཅན་གང་ཡིན་པ་དེ་ཉེ་བར་འགྲོ་བའོ། །  གང་ཉེ་བར་འགྲོ་བ་དེ་བག་ལ་ཉལ་བའོ། ། བག་ལ་ཉལ་བ་གང་ཡིན་པ་དེ་མཚམས་སྦྱོར་བའོ། ། གང་མཚམས་སྦྱོར་བ་དེ་རྣམ་པར་མཚམས་སྦྱོར་བའོ། ། གང་རྣམ་པར་མཚམས་སྦྱོར་བ་དེ་ཡོངས་སུ་མཚམས་སྦྱོར་བའོ། ། གང་ཡོངས་སུ་མཚམས་སྦྱོར་བ་དེ་རྣམ་པར་སྨྲ་བའོ། །  གང་རྣམ་པར་སྨྲ་བ་དེ་སྨྲ་བ་ལྐུགས་པའོ། ། གང་སྨྲ་བ་ལྐུགས་པ་དེ་མྱ་ངན་བྱེད་པའོ།  གང་མྱ་ངན་བྱེད་པ་དེ་ཆིག་པར་བྱེད་པའོ། ། གང་ཚིག་པར་བྱེད་པའི་ཉམས་པ་སྟེ་ཡིད་དུ་འོང་བ་དང།  ཡིད་དུ་མི་འོང་བའི་ཆོས་ཞེས་གང་ལ་གནས་པའི་དྲ་བ་ཅན་ནོ། ། འདི་ལ་ཆོས་གང་ ཡང་གནས་པ་མེད་མོད་ཀྱི།  འོན་ཀྱང་འདུ་ཤེས་ཀྱི་རྒྱུན་གྱིས་འདུ་ཤེས་བཅིངས་ཤིང། ། འདུ་ཤེས་བཅིངས་པས་འདུ་ཤེས་ཀྱི་རྒྱུན་ཏེ། ། དེས་ན་འདུ་ཤེས་ཀྱིས་བཅིངས་པ་ཞེས་བྱའོ། ། མ་བྱུང་བའི་གནས་ནི་འདོད་ཆགས་ཀྱི་གནས། ། ཁྲོ་བའི་གནས།  ཞེ་སྡང་གི་གནས།   གཏི་མུག་གི་གནས་ཏེ།  ཡང་དག་པ་མ་ཡིན་པའི་ཀུན་རྟོག་པ་ལ་རྟོག་རྣམ་པར་རྟོག།  དཔྱོད་རྣམ་པར་དཔྱོད་པས་དེའི་ཕྱིར་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མྱུར་དུ་མི་འཐོབ་བོ། ། འོད་སྲུང་དེ་ལྟར་ན་སྲེད་པའི་གནས་ཏེ། ། ཅིའི་ཕྱིར་སྲེད་པའི་གནས་ཞེས་བྱ་ཞེ་ན།   གང་སྲེད་པ་ཞེས་བྱ་བའི་ཆོས་དེ་ཡང་གང་ཡང་མེད་ལ་འདི་ལ་གང་གིས་སྲེད་པའི་ཆོས་ཀྱང་གང་ཡང་མེད་ཅིང། ། དེ་ལ་གང་ལ་སྲེད་པའི་ཆོས་ཀྱང་གང་ཡང་མེད་པའི་ཕྱིར་རོ། ། འོན་ཀྱང་སྲེད་པ་ཞེས་མངོན་པར་ཞེན་པས་མངོན་པར་ཞེན་ཏེ་ནམ་མཁའ་ལ་སྦག་པར་བྱེད་དོ།  གང་ནམ་ མཁའ་ལ་སྦག་པར་བྱེད་པ་དེས་སྦགས་པ་རྙེད་པར་འགྱུར་ཏེ།  བདག་གིས་སྦགས་པ་དང།  སེམས་ཅན་གྱིས་སྦགས་པ་དང།  དགེ་བ་དང་མི་དགེ་བས་སྦགས་པའོ། ། འོད་སྲུང་དེ་ལྟར་ན་མེད་པའི་ཆོས་རྣམས་ཀྱིས་རྟོག་པར་བྱེད་པ་དེ་ནི་དངོས་པོ་མེད་པའོ། ། གང་དངོས་ པོ་མེད་པ་ལ་དངོས་པོའི་འདུ་ཤེས་ཅན་དེ་ནི་བྱང་ཆུབ་ལ་དངོས་པོར་བྱེད་དོ། ། གང་བྱང་ཆུབ་ལ་དངོས་པོར་བྱེད་པ་དེ་ནི་བདག་གི་འདུ་ཤེས་ཅན་ནོ།  བདག་གི་འདུ་ཤེས་ཅན་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་ཞེས་མི་བྱའོ། ། ཅིའི་ཕྱིར་བདག་གི་འདུ་ཤེས་ཅན་ཞེས་བྱ་ ཞེ་ན། ། འདུ་ཤེས་མི་དམིགས་པའི་ཕྱིར་ཏེ།  གང་ལ་འདུ་ཤེས་མི་དམིགས་པ་དེ་ལ་འདུ་ཤེས་ཅན་མེད་དེ།  དེའི་ཕྱིར་བདག་གི་འདུ་ཤེས་ཅན་ཞེས་བྱའོ། ། འདི་ལྟ་སྟེ། ། བདག་གི་འདུ་ཤེས་ཞེས་བྱ་བ་དེ་ནི་ཡང་དག་པ་མ་ཡིན་པའི་གཞིའི་ཚིག་བླ་དགས་སོ། ། འོན་ ཀྱང་སེམས་ཅན་ཡོངས་སུ་རྫོགས་པ་གང་ཡིན་པ་དེ་བྱང་ཆུབ་ཡོངས་སུ་རྫོགས་པའོ། ། དེ་ལ་བྱང་ཆུབ་གང་ཞེ་ན།  སེམས་ཅན་ཆེན་པོར་འདུ་ཤེས་ཤིང་ སྨྲ་བའོ།  གང་འདུ་ཤེས་དང།  འདུ་ཤེས་ལ་གནས་པར་བྱེད་པ་དེ་འདུ་ཤེས་མེད་པ་དང།  འདུ་ཤེས་མེད་པ་ལ་གནས་པར་བྱེད་པའོ།  གང་འདུ་ཤེས་མེད་པ་དང།  འདུ་ཤེས་མེད་པ་ལ་གནས་པ་དེ་རྒྱགས་པར་བྱེད་པའོ། ། གང་རྒྱགས་པར་བྱེད་ པ་དེ་སྡུག་བསྔལ་དང། ། སྡུག་བསྔལ་ལ་ཀུན་ཏུ་རྒྱུག་གོ། ། གང་སྡུག་བསྔལ་དང།  སྡུག་བསྔལ་ལ་ཀུན་ཏུ་རྒྱུག་པ་དེ་སྨྲ་བ་ལ་རྒྱུག་ཅིག་གནས་པའོ་ཞེས་དེ་བཞིན་གཤེགས་པས་གསུངས་སོ། ། ཅིའི་ཕྱིར་སྨྲ་བ་ལ་རྒྱུག་ཅིག་གནས་པ་ཞེས་བྱ་ཞེ་ན།  ཤིན་ཏུ་ཡིད་ལ་བྱེད་པའི་ ཕྱིར་རོ། ། གང་ལ་ཡིད་ལ་བྱེད་པ་ཡོད་པ་དེ་ལ་ངར་འཛིན་པ་ཡོད་དོ། ། གང་ལ་ངར་འཛིན་པ་ཡོད་པ་དེ་ལ་བྱེད་པ་ཡོད་དོ། ། གང་ལ་བྱེད་པ་ཡོད་པ་དེ་ལ་ཤིན་ཏུ་ཡོད་དོ། ། གང་ལ་ཤིན་ཏུ་ཡོད་དོ། ། གང་ལ་ཤིན་ཏུ་ཡོད་པ་དེ་ཀུན་ཏུ་བྲྗོད་པ་དང།  ཉེ་བར་བྲྗོད་པ་དང།  གནས་པར་བྱེད་པའོ་ཞེས་ དེ་བཞིན་གཤེགས་པས་གསུངས་ཏེ། ། དེའི་ཕྱིར་ཆོས་ཐམས་ཅད་ནི་ཡིད་ལ་བྱེད་པ་ལས་བྱུང་བའོ། ། འོད་སྲུང་འདི་ལྟ་སྟེ།  དཔེར་ན་སྟེང་གི་བར་སྣང་ལས་སྤྲིན་གྱི་ཕུང་པོ་བྱུང་བ་དེ་དག་ནི་ཤར་ཕྱོགས་ནས་མ་འོངས།  ལྷོ་ཕྱོགས་ནས་མ་ཡིན།  ནུབ་ཕྱོགས་ནས་མ་ཡིན།   བྱང་ཕྱོགས་ནས་མ་ཡིན། ། སྟེང་ནས་མ་ཡིན། ། ཕྱོགས་ནས་མ་ཡིན།  ཕྱོགས་མཚམས་ནས་ཀྱང་མ་འོངས་ཏེ། ། དེ་བཞིན་གཤེགས་པ་ཡང་དག་པ་གསུང་པས་དེ་ཕྱོགས་བཅུ་ནས་མ་འོངས་པར་མཁྱེན་ནས།  དོན་གྱི་ཚུལ་དང། ། རིགས་པའི་ཚུལ་དང།   ཡང་དག་པའི་ཚུལ་གྱིས་སྤྲིན་གྱི་ཕུང་པོ་ནི་ཕུང་པོ་མེད་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་གསུངས་ཏེ། ། དེས་ན་ཕུང་པོ་མེད་པ་ནི་སྤྲིན་གྱི་ཕུང་པོ་ཞེས་བྱའོ། ། ཅིའི་ཕྱིར་སྤྲིན་གྱི་ཕུང་པོ་ཞེས་བྱ་ཞེ་ན།  ཡངས་པའི་གནས་ཀྱིས་སོ། ། ཡངས་པའི་གནས་ཇི་ལྟ་བུ་ཞེ་ན།   མཚན་མ་སྣ་ཚོགས་ཀྱི་སྦྱོར་བས་ལྡིང་བའི་མཚན་མའོ་ཞེས་རྒྱུད་འཁྲུལ་གྱི།  དེ་ལ་ནི་ལྡིང་བར་རྣམ་པར་ཤེས་པར་བྱེད་པ་གང་ཡང་མེད་དོ། ། སྤྲིན་གྱི་ཕུང་པོ་ནི་ལྡིང་བའི་མཚན་མ་ལས་བྱུང་བ་ལ་ལྟོས། ། དེ་ལ་ལྡིང་བའི་མཚན་མ་གང་ཡིན་པ་དེ་ནི་མཚན་མ་མེད་པའོ། ། གང་ ལྡིང་བར་ཤིན་ཏུ་འདུ་ཤེས་པ་དེ་ནི་སྤྲིན་གྱི་ཕུང་པོ་མ་ཡིན་ནོ།  འོད་སྲུང་འདི་ལྟ་སྟེ།  དཔེར་ན་མི་ལ་ལ་ཞིག་གིས་མི་གཞན་ཞིག་ལ་འདི་སྐད་ཅེས་སྨྲས་ཏེ།  གྲིབ་མ་དེར་དོང་ལ་འཁོད་པར་བྱའོ། ། དེ་ནས་མཁས་པའི་རང་བཞིན་ཅན་གྱི་མི་དེས་འདི་སྐད་ཅེས་སྨྲས་ཏེ།  ཁོ་ བོ་ནི་སྤྲོ་བ་མེད་དེ་འདི་ན་འདུག་གོ། ། དེས་འདི་སྐད་ཅེས་སྨྲས་ཏེ། ། ཁོ་བོ་ནི་ཁྱོད་ལ་མི་ཟེར་གྱི་གྲིབ་མ་འདི་ལ་ཟེར་རོ། ། དེས་འདི་སྐད་ཅེས་སྨྲས་ཏེ། ། ཀྱེ་མི་ཁྱོད་ཀྱིས་གང་གྲིབ་མ་དེས་སྨྲས་པ་དེ་ནི་གྲིབ་མ་མེད་པ་སྨྲས་སོ་ཞེས་ཟེར་ན། ། འོད་སྲུང་མི་དེས་ཐ་སྙད་ཀྱི་གནས་ཇི་སྙེད་པ་དེ་ གང་གིས་རྗེས་སུ་རྟོགས་པ་ལ་ལྟོས།  འོད་སྲུང་དེ་བཞིན་དུ་དེ་བཞིན་གཤེགས་པས་ཆོས་རྣམས་ཀྱི་ཚུལ་མཁྱེན་ནས་འཁོར་ལ་ཡང་དག་པར་སེང་གེའི་སྒྲ་སྒྲོག་གོ། ། འོད་སྲུང་དེ་བཞིན་གཤེགས་པ་ནི་བཞེད་ན་འཐུན་པའི་ཆོས་རྣམས་ལ་མི་འཐུན་པའི་འདུ་ཤེས་ཅན་དུ་གནས་ཏེ།   སེམས་ཅན་རྣམས་ཀྱི་བདག་གི་འདུ་ཤེས་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའི་དོན་དམ་པའོ། ། དེ་ཅིའི་ཕྱིར་ཞེ་ན།  དེ་བཞིན་གཤེགས་པས་མཁྱེན་ལ་དེ་བཞིན་གཤེགས་པས་མཁྱེན་པའི་ཕྱིར་ཏེ། ། སེམས་ཅན་གྱི་འདུ་ཤེས་གང་ཡིན་པ་དེ་ནི་འདུ་ཤེས་མེད་པའོ། ། དེ་ཅིའི་ཕྱིར་ཞེ་ན།  དེ་བཞིན་གཤེགས་པས་མཁྱེན་ལ་དེ་བཞིན་གཤེགས་པས་མཁྱེན་པའི་ཕྱིར་ཏེ། ། སེམས་ཅན་གྱི་འདུ་ཤེས་གང་ཡིན་པ་དེ་ནི་འདུ་ཤེས་མེད་པའོ། །  དེ་ལ་བྱིས་པའི་རང་བཞིན་ཅན་ལ་ལ་ཞིག་གྲིབ་མ་དེའི་ལྡེམ་པོ་ངག་དམ་པ་དེ་མ་ཤེས་པ་དེ་ནི་དེ་བཞིན་གཤེགས་པ་ལ་རྒོལ་ཏེ། ། དེས་ན་ངས་འདི་སྐད་དུ་འཇིག་རྟེན་ནི་ང་ལ་རྒོལ་གྱི། ། ང་ནི་འཇིག་རྟེན་དང་མི་རྩོད་དོ་ཞེས་གསུངས་སོ། ། དེ་ལ་འཇིག་རྟེན་གང་ཞེ་ན།  འཇིག་རྟེན་ཞེས་ བྱ་བ་ནི་སེམས་ཅན་གྱི་འཇིག་རྟེན་ནོ། ། ཅིའི་ཕྱིར་སེམས་ཅན་གྱི་འཇིག་རྟེན་ལ་བྱ་ཞེ་ན།  དེ་བཞིན་གཤེགས་པས་ཇི་ལྟར་མཁྱེན་པ་འཇིག་རྟེན་ཡང་དེ་བཞིན་ཏེ།  དེའི་ཕྱིར་སེམས་ཅན་ལ་འཇིག་རྟེན་ཞེས་བྱའོ། ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཇི་ལྟར་ཤེས་པ་དེ་ནི་འཇིག་པ་རབ་ ཏུ་འཇིག་པའོ། ། ཉམས་པར་འགྱུར་བ་རྣམ་པར་ཉམས་པར་འགྱུར་བའོ། ། འདི་ལྟ་སྟེ།  རྣམ་པར་འཇིག་པ་དེ་ནི་དེ་དག་གི་ཐ་སྙད་འདི་གོ་བར་བྱེད་པ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན།  གང་དག་འཇིག་རྟེན་འདི་ན་གནས་པ་དེ་དག་རྣམ་པར་འཇིག་པ་ཆེན་པོར་འགྱུར་བའི་ཕྱིར་ཏེ།   གང་དག་འཇིག་རྟེན་འདི་ན་གནས་པ་དེ་དག་ནི་བརྐམ་པའོ། ། གང་དག་བརྐམ་པ་དེ་དག་ཁྲོ་བའོ།  གང་དག་ཁྲོ་བ་དེ་དག་རྨོངས་པའོ། ། གང་དག་རྨོངས་པ་དེ་དག་མ་དག་པའོ། ། སུ་དང་འགལ་ཞེ་ན།   དེ་བཞིན་གཤེགས་པ་དང་དེ་བཞིན་གཤེགས་པའི་ཉན་ཐོས་རྣམས་དང་འགལ་ལོ། ། གང་དག་འགལ་བ་དེ་དག་རྗེས་སུ་འཛིན་པའོ། ། གང་དག་རྗེས་སུ་འཛིན་པ་དེ་དག་སོ་སོར་འཛིན་པའོ། ། གང་དག་སོ་སོར་འཛིན་པ་དེ་དག་སྲིད་པ་ཚོལ་བའོ། ། གང་དག་སྲིད་པ་ ཚོལ་བ་དེ་དག་ཚོལ་བའོ། ། གང་དག་ཚོལ་བ་དེ་དག་ཡོངས་སུ་ཚོལ་བའོ། ། གང་དག་ཡོངས་སུ་ཚོལ་བ་དེ་དག་འདོད་པ་ཆུང་བ་མ་ཡིན་ནོ། ། གང་དག་འདོད་པ་ཆུང་བ་མ་ཡིན་པ་དེ་དག་བྱ་བ་མང་པའོ། ། གང་དག་བྱ་བ་མང་བ་དེ་དག་འདོད་པ་ཆེ་བའོ། ། གང་དག་འདོད་ པ་ཆེ་བ་དེ་དག་འདོད་པའི་ཁམས་བག་ལ་ཉལ་བར་བྱེད། ། གཟུགས་ཀྱི་ཁམས་དང།  གཟུགས་མེད་པའི་ཁམས་བག་ལ་ཉལ་བར་བྱེད་དོ། ། གང་དག་བག་ལ་ཞེན་པར་བྱེད་པ་དེ་དག་བག་ལ་ཉལ་བར་བྱེད་དོ། ། གང་དག་བག་ལ་ཉལ་བར་བྱེད་པ་དེ་དག་རྒྱུན་དང།   རྒྱུན་ཕྱོགས་སུ་འགྲོ་བའོ། ། གང་དག་རྒྱུན་དང་རྒྱུན་ཕྱོགས་སུ་འགྲོ་བ་དེ་དག་འཆི་བར་འགྲོ་བའོ། ། གང་དག་འཆི་བར་འགྲོ་བ་དེ་དག་མྱ་ངན་ལས་འདས་པར་མི་འགྲོ་བའོ། ། གང་དག་མྱ་ངན་ལས་འདས་པར་མི་འགྲོ་བ་མ་ཡིན་པར་འགྲོ་བའོ། ། གང་དག་ འགྲོ་བ་མ་ཡིན་པར་འགྲོ་བ་དེ་དག་ཐམས་ཅད་སེམས་ཅན་དམྱལ་བར་འགྲོ་བའོ། ། འོད་སྲུང་དེ་ལྟར་ན་བཀྲ་མི་ཤིས་པའི་སྦྱོར་བས་སྦྱོར་གྱིས། ། ཁྲོ་བ་དང་འཁྲུག་པས་མི་སྦྱོར་མ་ཡིན། ། རྣམ་པར་འཇིག་པས་མ་ཡིན་ནོ། ། གང་དག་རྣམ་པར་འཇིག་པས་མ་ཡིན་པ་དེ་ དག་བདག་གི་འདུ་ཤེས་ལ་རྣམ་པར་རྟོག་པར་མི་བྱེད་དོ། ། གང་དག་བདག་གི་འདུ་ཤེས་ལ་རྣམ་པར་རྟོག་པར་མི་བྱེད་པ་དེ་དག་ང་ཞེ་འམ་ངའི་ཞེས་གོང་བུར་བྱེད་དོ། ། ཟག་པར་བྱེད་དོ། ། ཅིའི་ཕྱིར་ངའམ་ངའི་ཞེས་བྱ་ཞེན།  ཡང་དག་པ་མ་ཡིན་པ་ལ་འཛིན་པས་འདུ་ཤེས་ རྣམ་པ་སྣ་ཚོགས་ཀྱིས་གནས་ནས་ལས་མངོན་པར་འདུ་བྱེད་དེ། ། གང་དག་འདུ་ཤེས་རྣམ་པ་སྣ་ཚོགས་དག་གིས་གནས་ནས་ལས་མངོན་པར་འདུ་བྱེད་པ་དེ་དག་བདག་ལ་ངའོ་སྙམ་དུ་འཛིན་པའི་ཕྱིར་རོ། ། ཅིའི་ཕྱིར་ངའི་ཞེས་བྱ་ཞེ་ན།  བརྣབ་སེམས་དང་ངའི་དང་འདོད་པ་རྣམས་ ཀྱིས་འདུ་འཛི་ལ་མངོན་པར་གཏོད་པ་དང།  ཚུལ་ཁྲིམས་ཀྱི་ཕུང་པོ་འཇིག་པར་བྱེད་པ་དང།  གཞན་ལ་གནོད་སེམས་ཀྱི་སེམས་སུ་བྱེད་པ་དང།  ཁྲོ་བས་ཟིལ་གྱིས་ནོན་པ་དང།  དེ་ཡང་བདག་ལ་རྣམ་པར་ང་རྒྱལ་བྱེད་པ་དང།  འབྲུ་རྗེན་པ་བདག་གིར་བྱེད་པ་དང།  ལེན་པ་དང།   སྡུད་པ་དང།  ཉེ་བར་བྱེད་པ་སྟེ།  དེའི་ཕྱིར་ངའི་ཞེས་བྱའོ། ། གང་དག་ང་ཡིར་བྱེད་པ་དེ་དག་འཁྱམ་པའོ། ། གང་དག་འཁྱམ་པ་དེ་དག་རྨོངས་པའོ། ། གང་དག་རྨོངས་པ་དེ་དག་སྡང་བའོ། ། གང་དག་སྡང་བ་དེ་དག་གཤེ་བའོ། ། གང་དག་གཤེ་བ་དེ་དག་ཟ་བའོ། ། གང་ དག་ཟ་བ་དེ་དག་ཚིག་པའོ། ། གང་དག་ཚིག་པ་དེ་དག་ཡོངས་སུ་ཆགས་པ་སྟེ། ། འདོད་པའི་འདོད་ཆགས་ཀྱིས་བུད་མེད་ཀྱི་འདུ་ཤེས་དང།  སྐྱེས་པའི་འདུ་ཤེས་དང།  སྲོག་གི་འདུ་ཤེས་ཀྱིས་བདག་གིར་བྱེད་དེ། ། དེའི་ཕྱིར་ངའི་ཞེས་བྱའོ། ། ཡང་དོན་དུ་ན་དེ་ནི་བདག་ལ་ མི་སྙན་པ་བྲྗོད་པ་ཞེས་བྱ་སྟེ། ། བདག་གི་ཕྱིར་བྱིས་པའོ། ། བྱིས་པའི་ཚུལ་བག་ལ་ཉལ་བར་བྱེད་དོ། ། དེས་ན་ངའི་ཞེས་བྱའོ། ། འོད་སྲུང་དེ་ལྟར་ན་གང་ཆོས་འདི་དག་མ་ཐོས་པར་བྱང་ཆུབ་ཏུ་ཁས་འཆེ་བའམ།  བྱང་ཆུབ་སེམས་དཔའི་སྤྱོད་པར་ཁས་འཆེ་བ་དེ་སྤྱོད་པ་ཁས་འཆེ་ བའོ། ། འོད་སྲུང་བྱང་ཆུབ་སེམས་དཔའི་སྤྱོད་པ་གང་ཡིན་པ་དེ་ལ་སྤྱོད་པ་གང་ཡང་མེད་དེ། ། དེས་ན་བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བྱའོ། ། འོད་སྲུང་བྱང་ཆུབ་སེམས་དཔའ་གང་གི་སྤྱོད་པ་ཡོངས་སུ་རྫོགས་པར་འགྱུར་བ་དང།  ཚང་བར་འགྱུར་བ་དང།  ཚོགས་པར་འགྱུར་བ་དང།  དག་པར་འགྱུར་བ་དང།  རྣམ་པར་དག་པར་འགྱུར་བ་དང།  ཡོངས་སུ་དག་པར་འགྱུར་བ་དང།  རྣམ་པར་གནོན་པར་འགྱུར་བའི་སྐབས་ཡོད་དོ། ། དེ་དག་ཆོས་ཀྱང་སྟོན་ཏེ།  ཆོས་དེ་དག་ནམ་མཁའ་ལྟར་བྱས་ཀྱི་ཆོས་དེ་དག་ཕུང་པོར་མ་བྱས་སོ། ། དེ་དག་རིགས་པ་རྣམས་ལ་ཆོས་ ཆེན་པོ་སྟོན་ཏེ།  མི་རིགས་པ་རྣམས་ལ་མ་ཡིན་ནོ།  ཡོན་ཏན་དང་ལྡན་པ་རྣམས་ལ་སྟེ། ། ཉེས་པར་གནས་པ་རྣམས་ལ་མ་ཡིན་ནོ། ། ཚུལ་དང་ལྡན་པ་རྣམས་ལ་སྟེ། ། ཚུལ་ངན་པ་རྣམས་ལ་མ་ཡིན་ནོ། ། ཁྱེད་ཀྱིས་ཆོས་དེ་དག་གཟུང་བར་བྱ་སྟེ།   ཇི་ལྟར་ཆོས་ལ་མངོན་པར་ཞེན་པར་མི་འགྱུར་བ་དེ་ལྟར་ཟུང་ཤིག།  དེ་ཅིའི་ཕྱིར་ཞེ་ན།  དེ་བཞིན་གཤེགས་པ་ནི་མཆོག་གསུང་བའི་ཕྱིར་ཏེ། ། སེམས་ཅན་གཟུང་བར་འོས་པ་རྣམས་ཀྱི་དོན་གྱི་ཕྱིར་དྲིས་པ་དེ་ལ་ངས་ཆོས་ཀྱི་མཆོག་གིས་ལན་གདབ་པར་བྱའོ། ། དེ་ལ་ཆོས་ཀྱི་ མཆོག་གང་ཞེ་ན།  གང་ལ་ཆོས་ཀྱི་འདུ་ཤེས་མེད་པའོ། ། འོད་སྲུང་འདི་ལ་བྱང་ཆུབ་སེམས་དཔའ་ཐོག་མ་ཉིད་དུ་ཚུལ་ཁྲིམས་དང་ལྡན་པར་འགྱུར་རོ། ། གང་གི་སེམས་ལ་རྗེས་སུ་འགྱོད་པ་ཡོད་པ་ནི་མཚམས་མེད་པ་བྱེད་པར་མི་འགྱུར།  དགེ་སློང་མ་སུན་པར་བྱེད་པར་མི་འགྱུར།   ཁྱིམ་གྱི་ནང་དུ་འདྲེ་བར་མི་འགྱུར། ། སྲོག་གཅོད་པར་མི་འགྱུར།  མ་བྱིན་པར་ལེན་པར་མི་འགྱུར། ། འདོད་པ་ལ་ལོག་པར་གཡེམ་པར་མི་འགྱུར།  བརྫུན་སྨྲ་བར་མི་འགྱུར། ། ཕྲ་མ་སྨྲ་བར་མི་འགྱུར། ། ངག་རྩུབ་པོ་སྨྲ་བར་མི་འགྱུར།  ཚིག་ཀྱལ་པ་སྨྲ་བར་མི་འགྱུར། ། བརྣབ་སེམས་ཅན་ དུ་མི་འགྱུར། ། གནོད་སེམས་ཅན་དུ་མི་འགྱུར།  ལོག་པར་ལྟ་བར་མི་འགྱུར།  བདག་ལ་གནོད་པ་བྱ་བར་མི་སེམས། ། གཞན་ལ་གཞོད་པ་བྱ་བར་མི་སེམས། ། འདུ་བ་འདོད་པར་མི་འགྱུར། ། ལོངས་སྤྱོད་ལ་འདོད་པར་མི་འགྱུར། ། རྒྱལ་བར་བྱ་བའི་རྩེད་མོ་རྣམས་གཞན་དག་ལ་རྗོད་པར་མི་བྱེད།   བདག་ཀྱང་མི་བྱེད། ། མ་ནིང་དང་སྟེན་པར་མི་བྱེད། ། སྨད་འཚོང་མ་སྤྱོད་ཡུལ་བར་མི་འགྱུར། ། ཡུག་ས་མོ་སྤྱོད་ཡུལ་བར་མི་འགྱུར། ། ན་ཆུང་ཆེན་མོ་སྤྱོད་ཡུལ་བར་མི་འགྱུར། ། བྱ་བ་དང་འདྲེ་བར་མི་འགྱུར། ། ཉ་པ་དང་འདྲེ་བར་མི་འགྱུར།  རི་དགས་ཀྱི་རྔོན་པ་དང་འདྲེ་བར་མི་ འགྱུར། ། གསོད་པ་དང་འདྲེ་བར་མི་འགྱུར།  གདོལ་པ་དང་འདྲེ་བར་མི་འགྱུར། ། གཞན་གྱི་ཆུང་མ་དང་སྟེན་པར་མི་འགྱུར། ། མིར་རོ་བའི་ལག་ནས་འཛིན་པའམ་རྩོད་པར་མི་བྱེད་དེ།  དེ་དག་བྱི་དང་གདོལ་པ་ལྟར་ཡོངས་སུ་སྤང་བས་ཡོངས་སུ་སྤོང་ངོ། ། གང་དག་ཡོངས་སུ་སྤངས་ བ་དེ་ལ་འཁྲུལ་བའི་སེམས་བསྐྱེད་པ་གཅིག་ཙམ་གྱི་སེམས་ཀྱང་མི་སྐྱེད་དོ། ། དེ་ལྟར་ན་བྱམས་པའི་རྣམ་པ་ལ་ཞུགས་པའི་སེམས་ཀྱིས་གནས་ཉི་ཤུ་ཡོངས་སུ་སྤོང་ངོ། ། ཉི་ཤུ་གང་ཞེ་ན།  བུད་མེད་ཡོངས་སུ་སྤོང་ཞིང། ། སུ་དང་ཡང་སྤྲོས་པར་མི་བྱེད་ལ་སུ་དང་ཡང་འཐམ་པར་མི་བྱེད་ ཤིང་སྨྲ་བ་ལ་ཕྱིར་སྨྲ་བར་མི་བྱེད་པ་དང།  ཕ་མ་ལ་མི་གུས་པར་མི་འགྱུར་བ་དང།  སངས་རྒྱས་དང།  ཆོས་དང།  དགེ་འདུན་ལ་མི་གུས་པར་མི་འགྱུར་བ་དང། ། ཉི་ཤུར་མ་ཚང་བར་བུད་མེད་ཀྱི་འཁོར་ལ་ཆོས་མི་འཆད་ཅིང་གལ་ཏེ་སྐྱེས་པའི་གནས་ན་གནས་པར་གྱུར་ན་དེའི་ཚེ་ཆོས་སྟོན་པ་ དང། ། དགེ་སློང་མའི་ཕུན་སུམ་ཚོགས་པར་ཐམས་ཅད་ཀྱི་ཐམས་ཅད་དུ་འགྲོ་བར་མི་བྱ་བ་དང། ། དགེ་སློང་མས་དྲིས་པའི་ལན་གདབ་པར་མི་བྱ་བ་དང། ། བུད་མེད་ཀྱི་ཡི་གེ་བྲི་བར་མི་བྱ་བ་དང། ། གསོལ་བ་མ་བཏབ་པར་སྦྱིན་པར་མི་བྱ་བ་དང།  གཉེན་འདབ་ཀྱིས་འགྲོན་དུ་བོས་པ་རྣམ་ པ་ཐམས་ཅད་དུ་བདག་གིར་མི་བྱ་བ་དང། ། རྣམ་པ་ཐམས་ཅད་དུ་འདོད་ཆགས་དང་བཅས་པས་རྗེས་སུ་ཆགས་པའི་སེམས་ཀྱིས་བུད་མེད་ཀྱི་མདུན་དུ་ཡུད་ཙམ་ཡང་གནས་པར་མི་བྱ་བ་དང། ། དེ་གཅིག་པུ་དབེན་པར་སོང་སྟེ། ། རང་གི་ཡུལ་བསྟེན་པ་རྣམ་པ་ཐམས་ཅད་དུ་བྲྗོད་པར་མི་བྱ་ པ་དང། ། དགེ་སློང་མས་བསྐུགས་པ་ལ་རྣམ་པ་ཐམས་ཅད་དུ་སླར་བསྐུགས་པར་མི་བྱ། ། དགེ་སློང་མས་བྱིན་པའི་ཆོས་གོས་རྣམ་པ་ཐམས་ཅད་དུ་བགོ་བར་མི་བྱ་སྟེ། ། གཞན་དུ་ན་འཁོར་བཞི་པ་རྣམས་ཀྱི་ནང་ན་འདུག་ཅིང་ཆོས་འཆད་པའི་ཚེ་ཆོས་ལ་དགའ་བར་བྱ་བ་ནི་མ་ གཏོགས་ཏེ། ། དེ་ལ་ཡང་དེས་ས་དང་མཚུངས་པའི་སེམས་ཀྱིས་ཡིད་ལ་བྱེད་པར་བསྒྱུར་ནས་སྤྱད་པར་བྱ་བ་དང། ། ཡང་དེའི་ངོར་བལྟ་བར་མི་བྱ་བ་དང། ། རྣམ་པ་ཐམས་ཅད་དུ་དགེ་སློང་མས་བྱས་པའི་ཆོས་གོས་ཉེན་པའི་གནས་སུ་ཡང་བགོ་བར་མི་བྱ་བ་དང།  ནམ་ཡོང་དགེ་སློང་ མས་འགྲོན་དུ་བོས་པ་ལ་རྣམ་པ་ཐམས་ཅད་དུ་ཁས་བླང་བར་མི་བྱ་ན།  བདེ་བ་འམ་ནད་མེད་པའི་རང་བཞིན་ཅན་ལྟ་ཅི་སྨོས་པ་དང།  ཡུག་ས་མོས་འགྲོན་དུ་བོས་ན་དགེ་འདུན་མེད་པར་རྣམ་པ་ཐམས་ཅད་དུ་ཁས་བླང་བར་མི་བྱ་བ་དང།  དགེ་སློང་མའི་དབྱར་ཁང་དུ་རྣམ་པ་ཐམས་ཅད་དུ་ འཇུག་པར་མི་བྱ་བ་དང།  རྣམ་པ་ཐམས་ཅད་དུ་དགེ་སློང་མ་དབང་དུ་མི་བྱ། ། གལ་ཏེ་དགེ་སློང་མས་བོས་ན་ཡང་ལག་པ་བསྣོལ་ལ་མགོ་སྨད་དེ་ས་ཕྱོགས་དེ་ནས་འགྲོ་བར་བྱ་བ་དང། ། ཆོས་སྟོན་ཅིང་འདུག་པའི་གན་དུ་དགེ་སློང་མ་རྐང་པ་ལ་ཕྱག་འཚལ་དུ་འོང་ན།   སྙིམ་པས་གདོང་བཀབ་སྟེ་འདུག་པར་བྱ་ཞིང་དེས་རྐང་པ་བསྐྱོད་པར་མི་བྱ་སྟེ། ། སྐྱེས་བུ་དམ་པས་ལུས་དཔལ་བར་མི་བྱའི་རྩེ་གཅིག་ཏུ་ཡིད་ལ་བྱ་བས་སེམས་དཔའ་བར་བྱ་བ་དང། ། དངོས་པོ་ཐམས་ཅད་ལ་ཀུན་ཏུ་འདོད་ཆགས་ཀྱི་སེམས་རྣམ་པ་ཐམས་ཅད་དུ་བསྐྱེད་པར་མི་བྱ་བ་དང། །  ཁོང་ཁྲོ་བའི་སེམས་རྣམ་པ་ཐམས་ཅད་དུ་བསྐྱེད་པར་མི་བྱ་བ་སྟེ། ། འདི་ལྟར་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཕྱིར་དམ་བཅས་པ་བརྟན་པར་བྱ་བ་དང། ། ཆོས་འདི་དག་ཐོས་ནས་ནན་ཏན་གྱིས་བསྒྲུབ་པར་མངོན་པར་བརྩོན་པར་བྱ་བ་དང།  འོད་སྲུང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་བྱང་ཆུབ་ སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པ་གང་ཞིག་ཆོས་དེ་དག་ཐོས་མ་ཐག་ཏུ་ནན་ཏན་གྱིས་མི་སྒྲུབ་ན་དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་སོ། ། དེ་ཅིའི་ཕྱིར་ཞེ་ན། ། འོད་སྲུང་ནན་ཏན་གྱིས་བླ་ན་མེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་འཐོབ་ཀྱི་ནན་ཏན་མེད་པས་ནི་མ་ཡིན་པའི་ཕྱིར་རོ། ། འོད་སྲུང་གལ་ཏེ་ནན་ཏན་མེད་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་ཏུ་ཟིན་ན་ནི་རི་བོང་དང་བྱི་ལ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་ བར་འགྱུར་རོ། ། དེ་ཅིའི་ཕྱིར་ཞེ་ན།  འོད་སྲུང་གང་དག་ལ་ནན་ཏན་མེད་པ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འགྱུར་དུ་ཟིན་ན་ནི་འོད་སྲུང་སྒྲ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའི་ཕྱིར་ཏེ། ། སངས་ རྒྱས་སུ་འགྱུར་བར་བྱའོ་ཞེས་བྲྗོད་པས་སེམས་ཅན་དཔག་ཏུ་མེད་པ་དག་སངས་རྒྱས་སུ་འགྱུར་བའི་རིགས་སོ། ། འོད་སྲུང་འདི་ལྟར་ཐ་ན་ཉིན་ཞག་གཅིག་སྤྱོད་པ་འདི་ཡང་དག་པར་སྒྲུབ་པའི་སེམས་ཅན་དག་ཀྱང་དཀོན་ན་གང་བསྐལ་པ་འམ།  བསྐལ་པ་བརྒྱ་སྟོང་དུ་ལྟ་ཅི་སྨོས།   དེ་ལྟ་བས་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་འབྱུང་བ་རྙེད་པར་དཀའོ། ། འོད་སྲུང་འདི་ལྟ་སྟེ། ། དཔེར་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་ཀྱི་ཁམས་ཀྱི་སེམས་ཅན་དེ་དག་ཐམས་ཅད་ཀྱི་ནང་ནས་སེམས་ཅན་གཅིག་ཅིག་བསྐལ་པའམ། ། བསྐལ་པ་བྲྒྱའམ། ། བསྐལ་ པ་སྟོང་ངམ། ། བསྐལ་པ་བྱེ་བ་ཕྲག་བརྒྱ་སྟོང་ན་སངས་རྒྱས་སུ་འགྱུར་རོ། ། སངས་རྒྱས་སུ་འགྱུར་རོ་ཞེས་བྱང་ཆུབ་ཀྱི་ཕྱིར་སྨྲས་ལ། ། སེམས་ཅན་དེ་དག་གིས་ཀྱང་བསྐོར་ཅིང་སངས་རྒྱས་སུ་འགྱུར་རོ། ། སངས་རྒྱས་སུ་འགྱུར་རོ་ཞེས་སྨྲས་ན།  རྣམ་གྲངས་འདིས་དབུགས་ དབྱུང་བ་དང་རྔུབ་པ་རྒྱུན་ཆད་པར་འགྱུར་གྱི།  སེམས་ཅན་རྣམས་ཀྱི་དག་གི་ལས་ནི་རྒྱུན་ཆད་པར་མི་འགྱུར་རོ། ། འོད་སྲུང་དེ་ལྟ་བུའི་ངག་གི་ལས་ཙམ་གྱིས་ནི་བྱང་ཆུབ་སེམས་དཔས་སེམས་དང་པོ་བསྐྱེད་པར་ཡང་ཡོངས་སུ་སྨིན་པར་བྱ་བ་སླ་བ་མ་ཡིན་ན། ། བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བ་ལྟ་ཅི་སྨོས་ཏེ། ། དེ་ནི་གནས་མ་ཡིན་ནོ། ། འོད་སྲུང་དུས་དེ་དང་ཚེ་དང་འབྱུང་བར་འགྱུར་ཏེ་ང་ཡོངས་སུ་མྱ་ངན་ལས་འདས་ཤིང་ཁྱོད་ཀྱང་ཡོངས་སུ་མྱ་ངན་ལས་འདས་ལ།  ལྷ་རྣམས་ཀྱང་སྤྲོ་བ་ཆུང་བའི་ཚེ་ངའི་བསྔགས་པ་ ཐོས་ནས་སེམས་ཅན་མང་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་ཏེ། ། དེ་ལ་དགེ་སློང་གང་དག་བྱང་ཆུབ་ཏུ་སེམས་སྐྱེད་པར་འགྱུར་བ་དེ་དག་ཕལ་ཆེར་ཆོས་ཉི་ཤུ་ལ་གནས་པར་འགྱུར་ཏེ། ། ཉི་ཤུ་གང་ཞེ་ན།  དགེ་སློང་མ་དང་སྟེན་པར་འགྱུར།  ཁ་ ཟས་ཡོངས་སུ་མ་དག་པ་ཟ་བར་འགྱུར། ། ཁམ་གྱིས་ཟ་བའི་ཟས་ལ་བརྐམ་པར་འགྱུར། ། དགེ་སློང་མས་ཡོངས་སུ་བསྒྲུབས་པའི་ཟས་ཟ་བར་འགྱུར་རོ། ། འོད་སྲུང་དཔེར་ན་ད་ལྟར་མང་དུ་ཐོས་པའི་དགེ་སློང་དགོན་པ་ན་གནས་སམ། ། གྲོང་ན་གནས་ཀྱང་རུང་སྟེ། ། ཆོས་ཡང་ དག་པར་སྡུད་ཅིག་གནས་པ་དེ་བཞིན་དུ་འོད་སྲུང་དེའི་ཚེ་དགེ་སློང་དག་དགོན་པ་ན་གནས་སམ།  གྲོང་ན་གནས་ཀྱང་རུང་སྟེ། ། དགེ་སློང་མ་རྣམས་དང་ལྷན་ཅིག་ཆོས་ཡོངས་སུ་སྡུད་ཅིང་གནས་པར་འགྱུར་རོ། ། དེ་དག་འདོད་ཆགས་ཀྱི་སེམས་ཤིན་ཏུ་མང་དུ་སྐྱེའི་ཆོས་ཀྱི་སེམས་ནི་མ་ཡིན་ནོ། །  དགེ་སློང་མ་དེ་དག་ཀྱང་འདོད་ཆགས་ཀྱི་སེམས་ཤིན་ཏུ་མང་དུ་སྐྱེའི་ཆོས་ཀྱི་སེམས་ནི་ཤིན་ཏུ་ཉུང་ངོ། ། འོད་སྲུང་ཇི་ཙམ་དུ་བྱང་ཆུབ་སེམས་དཔའི་མིང་འདི་ཐོབ་ནས་ངན་སོང་གི་གཡང་ས་ཆེན་པོར་འགྲོ་བའི་ལམ་རབ་ཏུ་འཛིན་པར་འགྱུར་བ་ལ་ལྟོས། ། འོད་སྲུང་ དེ་ལྟར་ན་དེའི་ཚེ་ཆོས་ཀྱི་མཚན་ཉིད་ཀྱིས་འདུ་འཛིར་འགྱུར་ཏེ། ། དེ་དག་གཅིག་གིས་གཅིག་མཐོང་ནས་འདོད་ཆགས་ཀྱིས་ཡོངས་སུ་ཚིག་པར་འགྱུར་རོ། ། མཆུ་བསྒྱུར་བས་དགོས་པ་གོ་བར་བྱེད་པར་འགྱུར་རོ། ། དེ་དག་འདུས་ནས་ཉེ་བར་གནས་པ་དང།  གནས་རྣམས་ཡོངས་ སུ་འཛིན་པར་འགྱུར། ། དེ་དག་ཐོག་མར་སློབ་དཔོན་ལ་ཕྱག་འཚལ་བར་འགྱུར་རོ། ། དེའི་འོག་ཏུ་སྨན་བྱེད་པ་གཏོང་བར་འགྱུར་རོ། ། དེའི་འོག་ཏུ་མིང་ནས་སྨོས་པར་འགྱུར་རོ། ། དེའི་འོག་ཏུ་ཁྱིམ་དུ་འཇོག་པར་འགྱུར་རོ། ། ཡང་ན་ལམ་པོ་ཆེ་སྟོན་པར་འགྱུར། ། གནས་ཁང་སྟོན་པར་ འགྱུར། ། དེ་དག་འཇུག་པ་དང་འབྱུང་བ་ན་ཡང་ཁྱོད་ཅི་འདྲ་ཞེས་འདྲི་བར་འགྱུར། ། དེ་དག་ཕན་ཚུན་སྣག་གི་གཉེན་མཚམས་དང་སྲིང་མོ་ཞེས་རྗོད་པར་འགྱུར་རོ། ། དེ་དག་རྒྱུན་མི་འཆད་པར་ལྟ་བས་གནས་སུ་འདུ་བར་འགྱུར་རོ། ། གནས་སུ་འདུས་ནས་འདོད་ཆགས་འདྲེས་པར་ འགྱུར་རོ། ། འདོད་ཆགས་འདྲེས་ནས་སྤྲོད་པར་འགྱུར་རོ། ། སྤྲད་ནས་དེ་ཉིད་ཀྱི་མིག་སྨོས་པར་འགྱུར་ཏེ། ། དེ་དག་ནི་ཚངས་པར་སྤྱོད་པ་མ་ཡིན་པའི་ཆོས་སྤྱོད་དོ། ། གང་ཆོས་མ་ཡིན་པ་སྟེན་པ་ནི་བྱང་ཆུབ་མེད་པར་འགྱུར། ། མཐོ་རིས་མེད་པར་གྱུར་ཅིང་མྱ་ངན་ལས་འདས་པ་དང་ རིང་ངོ། ། དེ་དག་གིས་དེ་བཞིན་གཤེགས་པ་ཡོངས་སུ་བཏང། ། དེ་དག་གིས་ཆོས་བོར།  དེ་དག་གིས་དགེ་འདུན་དོན་དུ་མ་གཉེར་ཏོ།  དེ་དག་ཕྱོགས་གཅིག་ཏུ་འཁོད་ནས་འདོད་པའི་རྣམ་པར་རྟོག་པ་ལ་རྣམ་པར་རྟོག་པར་འགྱུར་རོ། ། གནོད་སེམས་ཀྱི་རྣམ་པར་རྟོག་པ་དང།   རྣམ་པར་འཚེ་བའི་རྣམ་པར་རྟོག་པས་རྣམ་པར་རྟོག་པར་འགྱུར་རོ། ། བྱང་ཆུབ་སེམས་དཔའི་ལམ་ཚངས་པའི་གནས་པ་བཞི་པོ་གང་ཡིན་པ་དེ་དག་ཀྱང་དེ་དག་ལ་མེད་པར་འགྱུར་ཏེ། ། དཔེར་ན་ད་ལྟར་ཚངས་པའི་གནས་བསྒོམ་པ་དེ་ལྟར་དེའི་དུས་ན་འདོད་པ་ལ་རྣམ་པར་རྟོག་ པར་འགྱུར། ། གནོད་སེམས་ཀྱིས་རྣམ་པར་རྟོག་པ་དང།  རྣམ་པར་འཚེ་བས་རྣམ་པར་རྟོག་པར་འགྱུར་རོ། ། འོད་སྲུང་དེ་ལྟར་དེའི་དུས་ན་སྐྱེས་བུ་དམ་པ་མ་ཡིན་པས་གནས་པར་འགྱུར། ། རྐུ་བས་གནས་པ་དང།  སྒྱུས་གནས་པར་འགྱུར་རོ། ། འོད་སྲུང་དེའི་དུས་ན་ཇི་ཙམ་དུ་ མཚམས་ལས་འདའ་བར་འགྱུར་བ་ལ་ལྟོས། ། ཡང་མདོ་སྡེ་འདི་ལྟ་བུ་འདི་དག་ཐོས་ནས་སྨོད་པར་འགྱུར་ཏེ། ། སྔོན་ཚུལ་ཁྲིམས་ཡོངས་སུ་དག་པ་ལ་གནས་ཤིང་སྦྱིན་པ་བྱིན་ནས་ཡིད་ཆེས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ཀྱང་དེ་དག་ཕྱིས་མདོ་སྡེ་འདི་ལྟ་ བུ་འདི་དག་ཐོས་ནས་སྤོང་བར་འགྱུར་རོ། ། འོད་སྲུང་དེའི་དུས་ན་མདོ་སྡེ་འདི་ལྟ་བུ་འདི་དག་ཐོས་ནས་སྤོང་བར་འགྱུར་བའི་རྟགས་ཙམ་དང།  མཚན་མ་ཙམ་འདི་ལ་ལྟོས། ། དེ་ལ་མཁས་པ་ཚུལ་ཁྲིམས་ཡོངས་སུ་དག་པ་ཆོས་འཛིན་པ་རྣམས་ཀྱིས་ཇི་ལྟར་མདོ་སྡེའི་ཚིག་ལས་འབྱུང་བའི་ དགེ་སློང་བསྟན་པ་འདི་ལྟ་བུ་དག་ཤེས་པར་བྱ། ། ཡོངས་སུ་སྤང་བར་བྱ་སྟེ། ། དེ་དག་ལ་ནི་ཆོས་ལ་དགའ་བ་མེད་དོ། ། འོད་སྲུང་གཞན་ཡང་དེའི་དུས་ན་དེ་དག་བདག་ཡོངས་སུ་བསྟན་པའི་ཕྱིར་བྱང་ཆུབ་སེམས་དཔའི་སྤྱོད་པ་སྟོན་པར་འགྱུར། ། བག་མེད་པར་འགྱུར་རོ། ། བག་ མེད་པར་གྱུར་པས་རང་སངས་རྒྱས་དང་དགྲ་བཅོམ་པ་དག་པས་ཀྱང་བདག་ཆེས་མཆོག་ཅེས་བྲྗོད་པར་འགྱུར་ཏེ།  དེ་དག་གསོར་མི་རུང་བ།  བྱ་བ་མ་ཡིན་པར་ལྟུང་བ་སྟེ། ། ལོག་པར་ལྟུང་བར་འགྲོ་བར་འགྱུར་རོ། ། འོད་སྲུང་གཞན་ཡང་དེའི་དུས་ན་ལས་མ་ཡིན་པ་ལ་གནས་ ཤིང་ལས་མི་བྱེད་པ་དག་འབྱུང་ངོ། ། དེའི་དུས་ན་བྱང་ཆུབ་བྲྗོད་པས་ཆེར་སེམས་ཅན་དུ་འཛིན་ཅིང་ཀུན་ཏུ་ཞེན་ཏོ། ། འོད་སྲུང་དེ་ལྟར་ན་དེའི་ཚེ། ། མཚན་མའི་གནས་སུ་འགྱུར་རོ། ། འོད་སྲུང་གཞན་ཡང་དེའི་དུས་ན་ཁ་ཅིག་ལ་ཕ་རོལ་དུ་ཕྱིན་པ་ལྟར་བཅོས་པ་ཤིན་ཏུ་རྫོགས་ བར་འགྱུར། ། ཤིན་ཏུ་འཇུག་པར་འགྱུར་ཏེ། ། འདི་ཡང་དེའི་དུས་ན་མཚན་མའི་གནས་སུ་འགྱུར་བའོ། ། འོད་སྲུང་གཞན་ཡང་དེའི་དུས་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་བཤད་པའི་མདོ་སྡེ་འདི་ལྟ་བུ་འདི་དག་ལ་ཤིན་ཏུ་སྡང་བར་འགྱུར། ། ཤིན་ཏུ་འདོར་བར་འགྱུར་ཏེ། ། མདོ་སྡེ་འདི་ ལྟ་བུ་འདི་དག་གིས་ལོག་པར་ལྟ་བའི་འདུ་ཤེས་སུ་འགྱུར་རོ། ། འོད་སྲུང་ཡང་དེའི་དུས་ན་ཆོམ་རྐུན་གྱི་སྐྱོན་མཐའ་དག་ཆགས་པར་འགྱུར་ཏེ།  དེ་ལྟ་བས་ན་དེ་ དག་ལས་བདག་གིར་བྱ་བ་ཉིད་མ་མཐོང་བའི་ཕྱིར་སངས་རྒྱས་ཀྱི་བྱང་ཆུབ་མ་དཀྲུགས་སོ་ཞེས་གནོང་མི་བཀུར་བས་སངས་རྒྱས་ཀྱི་བྱང་ཆུབ་སྤོང་བར་འགྱུར་རོ། ། འོད་སྲུང་གཞན་ཡང་དེའི་དུས་ན་དགེ་འདུན་གྱི་རྗེས་སུ་འགྲོ་བར་མི་འགྱུར་ཏེ། ། འདི་ཡང་དེའི་དུས་ན་མཚན་མའི་གནས་ སུ་འགྱུར་བའོ། ། འོད་སྲུང་གཞན་ཡང་དེའི་དུས་ན་ཕལ་ཆེར་བྱས་པ་མི་གཟོ་བར་འགྱུར། ། བསླུས་པར་འགྱུར་རོ། ། ཇི་སྲིད་ཅིག་ཏུ་བསླུས་པར་འགྱུར་ཞེ་ན།  གང་དེ་བཞིན་གཤེགས་པས་དེ་དག་གི་བསྙད་པ་བྲྗོད་པར་འགྱུར་བ་དེ་སྲིད་དུ་བསླུས་པར་འགྱུར་རོ། ། ཕྱིར་ཞིང་ ཚིག་གིས་ཡོངས་སུ་བསླུ་བས་ཟས་མངོན་པར་བསྒྲུབ་པར་འགྱུར་རོ། ། འོད་སྲུང་གཞན་ཡང་དེའི་དུས་ན་ཕལ་ཆེར་བྱས་པ་མི་གཟོ་བར་འགྱུར། ། སོ་སོར་ཐར་པ་ལ་བསྔགས་པར་མི་འགྱུར། ། ངག་གི་ལས་མ་བསྲུངས་པར་འགྱུར་རོ། ། དེ་དག་ངག་གི་ལས་མ་བསྲུངས་པས་ སྤྱོད་ལམ་མ་བསྲུངས་ལ་དེ་དག་རུང་བ་མ་ཡིན་པའི་གནས་ལ་གནས་ཤིང་རུང་བ་མ་ཡིན་པ་ལ་གནས་པ་རྣམས་ལ་ཆོས་སྟོན་པར་འགྱུར་ཏེ། ། དེ་ལྟར་ཆོས་འདི་ལ་མཐར་གྱིས་ཆེར་འབད་པར་མི་འགྱུར་རོ། ། དེ་ལྟར་མཐར་གྱིས་བུད་མེད་དང་ལྷན་ཅིག་གནས་པ་ཤིན་ཏུ་མང་བར་འགྱུར་ཏེ་ དེ་དག་སྐྱེས་པ་རྣམས་སྤངས་ནས་གཙུག་ལག་ཁང་དུ་འདོད་ཞིང་གཙུག་ལག་ཁང་དུ་ཞུགས་ནས་ལྷན་ཅིག་འཁོད་ཅིག་སངས་རྒྱས་ཀྱི་བཀའ་བྲྗོད་དེ་མྱ་ངན་ལས་འདས་པ་ལྟར་བཅོས་པའི་གཏམ་རབ་ཏུ་འཆད་པར་འགྱུར་རོ། ། འོད་སྲུང་ཆོས་ནི་ལྔ་བརྒྱ་ཀུན་ནས་ཉོན་མོངས་པ་ཡང་ལྔ་ བརྒྱར་ཟད་ན་དེའི་ཚེ་མངོན་པར་མི་བརྩོན་པའི་སྐྱེས་བུ་གང་ཟག་གི་ཆོས་མ་ཡིན་པའི་སྒོ་ནི་མང་བར་ངས་དགོངས་ཏེ། ། དེའི་དུས་ན་དེ་དག་མི་ཉུང་བར་རྗེས་སུ་འཇུག་པར་འགྱུར།  ཁྱིམ་པ་དང་ཚུལ་ཁྲིམས་འདྲ་བར་འགྱུར་ཏེ། ། འོད་སྲུང་དེའི་དུས་ན་དེ་ལྟ་བུ་དག་འབྱུང་བར་འགྱུར་རོ། །  དེ་ལ་དོན་ཚོལ་ཞིང་བྱང་ཆུབ་ཡོངས་སུ་ཚོལ་བར་འདོད་པས་དགེ་སློང་མ་དང་འདྲེ་བར་མི་བྱ། ། དེ་ལྟར་གནས་པར་མི་བྱའོ། ། འདྲེ་བ་ཐམས་ཅད་རྣམ་པ་ཐམས་ཅད་དུ་སྤངས་ལ་མི་འདྲེ་བར་བྱའོ། ། འཇིག་རྟེན་གྱི་ཟང་ཟིང་ཐམས་ཅད་རྣམ་པ་ཐམས་ཅད་དུ་སྤངས་ལ་བསོད་སྙོམས་སྤྱད་པར་བྱའོ། །  གོས་ལ་སྲེད་པ་ཐམས་ཅད་སྤངས་ལ་ཕྱག་དར་ཁྲོད་པར་བྱའོ། ། ཁང་པ་བརྩེགས་པ་དང།  གདིང་བ་ཐམས་ཅད་རྣམ་པ་ཐམས་ཅད་དུ་སྤངས་ལ་ཆུ་འགྲམ་དང།  མྱ་དམ་ལ་བརྟེན་པར་བྱ། ། རྡོ་ལེབ་དང་ཤིང་དྲུང་དུ་བརྟེན་པར་བྱའོ། ། ན་བའི་གསོས་སྨན་དང།  ཡོ་བྱད་ཐམས་ ཅད་སྤངས་ལ་བསྐུས་ཏེ་བོར་བ་ལ་བརྟེན་པར་བྱའོ། ། སེམས་ཅན་ཐམས་ཅད་སྔོན་སྣག་གི་གཉེན་མཚམས་སུ་གྱུར་པར་རིག་ནས་བྱམས་པ་ལ་གནས་པར་བྱ། ། གཤེ་བ་དང།  བརྡེག་པ་དང། ། ཡོངས་སུ་གདུང་བ་རྣམ་པ་ཐམས་ཅད་དུ་སྤངས་ལ་བཟོད་པར་བྱའོ། ། མཛའ་ བཤེས་ཀྱི་ཁྱིམ་དང། ། བསླང་བ་སྟེར་བའི་ཁྱིམ་ཐམས་ཅད་སྤངས་ལ་ལས་བདག་གིར་བྱ་བ་ལ་བསྟེན་པར་བྱའོ། ། ཁྱིམ་པ་དང་འདྲེ་བར་མི་བྱའོ། ། དེས་ཇི་སྐད་དུ་བསྟན་པའི་སོ་སོར་ཐར་པ་དང་འཐུན་པར་བྱའོ། ། འོད་སྲུང་གང་དག་སོ་སོར་ཐར་བ་དང་མི་མཐུན་པར་བྱ་བར་ སེམས་པ་དེ་དག་ནི་སངས་རྒྱས་ཀྱི་སྟོབས་དང་མི་འཇིགས་པ་དང་མི་འཐུན་པར་བྱ་བར་སེམས་པའོ། ། གང་དག་སངས་རྒྱས་ཀྱི་སྟོབས་དང་མི་འཇིགས་པ་དང་མི་འཐུན་པར་བྱ་བར་སེམས་པ་དེ་དག་ནི་འདས་པ་དང།  མ་བྱོན་པ་དང།  ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་ རྣམས་ཀྱི་བྱང་ཆུབ་དང་མི་འཐུན་པར་བྱ་བར་སེམས་པ་སྟེ། ། དེའི་རྣམ་པར་སྨིན་པས་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཇི་སྙེད་པས་སེམས་ཅན་དམྱལ་བའི་སྡུག་བསྔལ་གྱི་ཆོར་བ་དག་གིས་དེའི་ཆོར་བ་དེའི་བརྒྱའི་ཆར་ཡང་མི་ཕོད།   སྟོང་དང། ། བརྒྱ་སྟོང་དང།  བྱེ་བ་བརྒྱ་སྟོང་དང། ། གྲངས་དང།  ཆ་དང།  བགྲང་བ་དང།  དཔེ་དང།  རྒྱུར་ཡང་མི་ཕོད་དོ། ། སྡུག་བསྔལ་དང། ། ཡིད་མི་བདེ་བ་འདི་ལྟ་བུ་འདི་དག་ཡོངས་སུ་སྤང་བར་འདོད་པས་དགེ་སློང་དེ་དག་གི་སྤྱོད་པ་འདི་ལྟ་བུ་དེ་དག་དཔག་ཚད་སྟོང་བས་ ཀྱང་རིང་དུ་ཡོངས་སུ་སྤང་བར་བྱ་སྟེ། ། བཟླས་པའི་སྒྲ་ཡང་ཡོངས་སུ་སྤང་བར་བྱ་ན་བལྟ་བ་དང་མཉན་པ་ལྟ་ཅི་སྨོས་ཏེ་དེ་དག་ཡོངས་སུ་སྤང་བར་བྱའོ། ། ཆོས་གཅིག་ཀུན་ཏུ་བསྟེན་པར་བྱ་སྟེ། ། ཆོས་གཅིག་པོ་གང་ཞེ་ན། ། ཆོས་ཐམས་ཅད་དངོས་པོ་མེད་པར་གྱུར་པ་སྟེ།   གང་གི་བདག་ཀྱང་དེ་དང་འདྲ་བའི་ཚེ་ཆོས་ཐམས་ཅད་ལ་དངོས་པོ་མེད་པའི་བཟོད་པ་དང་ལྡན་པར་འགྱུར་ཏེ། ། དེ་མི་དེ་ལྟ་བུ་དེ་དག་དང་སྟེན་པར་མི་བྱེད། ། སྙེན་པར་མི་བྱེད། ། བསྙེན་བཀུར་མི་བྱེད་དོ། ། དེས་ཆོས་གཉིས་ཀུན་ཏུ་བསྟེན་པར་བྱ་སྟེ། ། གཉིས་གང་ཞེ་ན།  ཆོས་ཐམས་ ཅད་ལ་དངོས་པོ་མེད་པའི་ཆོས་ཉིད་ཡོངས་སུ་བཙལ་བར་བྱ་བ་དང།  ཡོངས་སུ་བཙལ་བའི་སེམས་ཀྱང་བསྐྱེད་པར་མི་བྱའོ། ། ཇི་ལྟ་བུར་ཡོངས་སུ་བཙལ་བར་བྱ་ཞེ་ན།  ཇི་ལྟར་ཡོངས་སུ་བཙལ་བ་དེ་གཉིས་མི་དམིགས་པར་འགྱུར་བ་ལྟ་བུར་རོ།  དེ་ལ་མི་དམིགས་པས་མི་ དམིགས་པའི་སེམས་ཀྱང་བསྐྱེད་པར་མི་བྱ་སྟེ། ། དེ་ནི་ལོག་པར་ལྟ་བ་ཡིན་པས་ཁམས་གསུམ་པ་ཐམས་ཅད་དང་བྲལ་བའི་སེམས་ཀྱིས་བྱང་ཆུབ་སེམས་དཔའི་སྤྱོད་པའི་རྗེས་སུ་འགྲོ་བར་བྱའོ། ། མཚན་མ་ཐམས་ཅད་མེད་པའི་སེམས་ཀྱིས་བྱང་ཆུབ་སེམས་དཔའི་སྤྱོད་པའི་རྗེས་ སུ་འགྲོ་བར་བྱའོ། ། དེ་ལ་བྱང་ཆུབ་སེམས་དཔའི་སྤྱོད་པ་ནི་འདི་ཡིན་ཏེ། ། གང་འདི་དེའི་དུས་ན་བསྟན་པ་ཡིན་ནོ། ། གང་དག་ཆོས་འདི་ལྟ་བུ་འདི་དག་ཐོས་ནས་ཡོངས་སུ་སྤོང་བས་ཡོངས་སུ་སྤོང་བ་དེ་དག་གིས་དེ་བཞིན་གཤེགས་པ་བྱམས་པ་མཉེས་པར་བྱས་ནས་མི་མཉེས་པར་མི་ བྱེད།  ཐུགས་བྱུང་བར་མི་བྱེད་པས་ཀྱེ་མའོ་བདག་ཅག་བདུད་ཀྱི་ཞགས་པ་དག་ལས་གྲོལ་ལོ། ། ཀྱེ་མ་བདག་ཅག་ངན་འགྲོ་འགྲོ་བའི་རྒྱུ་རྣམས་ལས་གྲོལ་ཏེ། ། ཀྱེ་མ་བདེའོ་ཞེས་ཚིག་ཏུ་སྨྲའོ། ། འོད་སྲུང་གང་དག་དེའི་དུས་ན་མདོ་སྡེ་འདི་ལྟ་བུ་འདི་དག་ཐོས་ནས་མི་སྐྲག་ མི་དངང་ཞིང་དངང་བར་མི་འགྱུར་ལ།  དེ་ལ་བདག་ཀྱང་རྗེས་སུ་མཐོང་བར་འགྱུར་ཞིང་གཟུངས་ཀྱི་བློ་ཡང་སྐྱེ་བར་འགྱུར་བ་དེ་དག་ཐམས་ཅད་ནི་དེ་བཞིན་གཤེགས་པས་མཁྱེན་ཏེ། ། དེ་དག་ཐམས་ཅད་ངའི་ཆོས་སྲུང་བ་དག་གོ། ། འོད་སྲུང་འདི་ལྟ་སྟེ།  དཔེར་ན་ཁྱིམ་བདག་ཕྱུག་པོ་ནོར་ཆེ་བ་ ལོངས་སྤྱོད་ཆེ་བ་ཞིག་གི་བུ་གང་ཡིན་པ་དེ་དག་གིས་ཁྱིམ་དེ་ནས་ཐ་ན་པའི་རྫས་ལས་ཆུ་རྫ་ཙམ་མཐོང་ན་ཡང་མཐོང་མ་ཐག་ཏུ་ཕའི་རྫས་དེ་ལ་འདི་ནི་བདག་གིའོ་སྙམ་དུ་འདུ་ཤེས་སྐྱེད་དེ། ། དུས་གཞན་ཞིག་ན་ཕ་ཡང་ཤི་ལ་ལོངས་སྤྱོད་ཀྱང་ཟད་པའི་ཚེ་ཆུ་རྫ་དེ་དག་གི་དྲུང་དུ་འཇོག་གམ། ། གནས་ གང་ཡང་རུང་བར་འཇོག་པ་དེ་བཞིན་དུ་འོད་སྲུང་དེའི་དུས་ན་དགེ་སློང་དེ་དག་མདོ་སྡེ་འདི་ལྟ་བུ་འདི་དག་ཐོས་ནས་འདི་ལྟ་བུའི་འདུ་ཤེས་ཡིད་ལ་བྱེད་པ་སྐྱེད་པར་འགྱུར་ཏེ། ། མདོ་སྡེ་འདི་དག་ནི་དེ་བཞིན་གཤེགས་པས་གསུངས་པ་མཛེས་པ་ཡིད་དུ་འོང་བས་གསུངས་པའོ་སྙམ་མོ། །  དེ་ལ་དགེ་སློང་ཁ་ཅིག་ནི་དམོ་སྡེ་འདི་ལྟ་བུ་འདི་དག་ཐོས་ནས་སྤོང་བར་འགྱུར་རོ། ། དེ་ལ་ཆོས་འཛིན་པའི་དགེ་སློང་དེ་དག་ནི་འདི་སྙམ་དུ་སེམས་པར་འགྱུར་ཏེ། ། མདོ་སྡེ་འདི་དག་ནི་དེ་བཞིན་གཤེགས་པས་གསུངས་པའོ་སྙམ་དུ་སེམས་ལ། ། ཁ་ཅིག་གིས་བརྙས་ཤིང་ཤིན་ཏུ་བརྙས་ པར་གྱུར་པ་དེ་དག་ནི་ཉུང་ལ་ཉམ་ཆུང་བར་གྱུར་པ་དག་སྟེ། ། དེ་དག་གིས་སྦ་པའི་ཕྱིར་ཉིན་མཚན་དུ་འཇོག་པར་འགྱུར་རོ། ། འོད་སྲུང་འདི་ལྟར་དེ་བཞིན་གཤེགས་པ་བྱམས་པ་དང།  ངའི་ཆོས་ཀྱི་གྲོང་ཁྱེར་སྲུང་བར་གྱུར་པ་ཐ་མ་པ་དེ་དག་ནི་ཉུང་སྟེ། ། དེ་དག་ངས་ད་ལྟར་གཟིགས་ སོ། ། དེའི་ཕྱིར་དེ་དག་གི་གཉེན་པོ་ནི་འདི་དག་སྟེ།  དེ་དག་ནི་སྦྱིན་པ་ཆེན་པོ་ཡོངས་སུ་གཏོང་བར་འགྱུར་རོ། ། ཀྱེ་གང་གི་ཚེ་རིགས་ཀྱི་བུ་དེ་དག་གིས་ཆོས་འདི་ལྟ་བུ་འདི་དག་ཐོས་ནས་ཇི་ལྟར་བཅས་པའི་བྱ་བ་བཞིན་དུ་ནན་ཏན་གྱིས་སྒྲུབ་པ་དེ་དག་ནི་དེ་བཞིན་གཤེགས་པ་བྱམས་ པ་ལས་སྙིང་པོ་མཆོག་ཐོབ་པར་འགྱུར་ཏེ། ། དེ་ལ་ཚངས་པར་སྤྱད་པ་སྤྱོད་ཅིང་ཡང་དག་པར་བལྟ་བའི་སེམས་ཅན་རྣམས་ནི་ཡང་ཆོས་ཀྱི་གྲོང་ཁྱེར་འདི་འཛིན་པར་འགྱུར་རོ། ། འོད་སྲུང་གང་དག་གིས་ང་མཉེས་པར་མ་བྱས་པའི་སེམས་ཅན་དེ་ནི་གཅིག་ཀྱང་ངས་ཀུན་ནས་མ་མཐོང་སྟེ། །  དེ་དག་ནི་ཕྱི་མའི་ཚེ་ལྔ་བརྒྱ་ཐ་མ་ལ་མདོ་སྡེ་འདི་ལྟ་བུ་དེ་དག་ཐོས་ན་སྤོང་བར་མི་འགྱུར་གྱི། ། ལེན་པར་འགྱུར། ། འཛིན་པར་འགྱུར། ། ཀློག་པར་འགྱུར་བ་དེ་ནི་གནས་མེད་དོ། ། གང་དག་གིས་ད་ལྟར་ང་མཐོང་བ་དང། ། བསྙེན་བཀུར་བྱས་པ་དེ་དག་ནི་ཕྱི་མའི་ཚེ་ལྔ་བརྒྱ་ཐ་མ་ལ་མདོ་སྡེ་ འདི་ལྟ་བུ་འདི་དག་ནོད་པར་འགྱུར། ། ལེན་པར་འགྱུར། ། འཛིན་པར་འགྱུར་ཏེ། ། དེ་དག་ལ་ངས་ལེགས་སོ་ཞེས་བྱ་བ་སྦྱིན་ཅི་དགོས་ཏེ། ། དེ་དག་བདག་ཉིད་ཀྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ལྡན་པའི་ཕྱིར་རོ། ། ང་རྗེས་སུ་དྲན་ནས་དགའ་བར་འགྱུར་ ཏེ།  ཀྱེ་མ་ཀྱེ་མ་ཤཀྱ་ཐུབ་པ་དེས་ཕན་གདགས་པའི་དམ་པས་བདག་ཅག་ལ་ཕན་བཏགས་སོ་ཞེས་ཚིག་དེ་སྐད་སྨྲ་བར་འགྱུར་རོ། ། འོད་སྲུང་དེ་ལྟ་བས་ན་ཆོས་འདི་ལ་སློབས་ཤིག།  འདི་ལ་བསླབས་ན་ཅི་དང་ཅི་འདོད་པ་དེ་དང་དེ་རྙེད་དཀའ་བར་མི་འགྱུར་རོ། ། དེ་སྐད་ཅེས་བཀའ་ སྩལ་བ་དང། ། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་བདག་གིས་ཅི་ཞིག་བཙལ་བར་བགྱི།  བཅོམ་ལྡན་འདས་བདག་ནི་རེ་བ་མ་མཆིས་ཏེ། ། བཅོམ་ལྡན་འདས་བདག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ ཆུབ་ལས་ཡོངས་སུ་ཉམས་པ་ལགས་སོ། ། བཅོམ་ལྡན་འདས་བདག་གང་གི་ཚེ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ལྡན་པར་གྱུར་པ་ན་ཤིན་ཏུ་དགའ་བར་འགྱུར་ལགས་སོ། ། བཅོམ་ལྡན་འདས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ངོ་མཚར་དུ་འཛིན་པ་ལགས་སོ། །  བཅོམ་ལྡན་འདས་བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རྙེད་དཀའ་ལགས་སོ། ། དེ་སྐད་ཅེས་གསོལ་བ་དང།  བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། འོད་སྲུང་ང་ཁྱོད་ལ་ནི་མི་ཟེར་གྱི་ཁྱོད་ལ་བརྟེན་ནས་དེ་དག་ ལ་སྨྲས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་བྱ་བ་ཐེ་ཚོམ་མེད་པ་ལ་ཁྱོད་ཐེ་ཚོམ་ཟའོ། ། འོད་སྲུང་གཞན་ཡང་སེམས་ཅན་གང་དག་ཆོས་ལ་སྐོམ་པར་དང་ལྡན་པ་དང།  ཆོས་ཡོངས་སུ་ཚོལ་བ་དང་ལྡན་པ་དེ་དག་ཐམས་ ཅད་ནི་མཐར་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཡོངས་སུ་ཚོལ་བ་ཐམས་ཅད་ཡང་དག་པར་གཞོལ་བའི་ཕྱིར་ཆོས་སྟོན་པར་འགྱུར་རོ། ། །། སྡོམ་པ་གསུམ་བསྟན་པའི་ལེའུ་ཞེས་བྱ་བ་ཐེག་པ་ཆེན་པོའི་ མདོ། ། བམ་པོ་གཉིས་པ། ། འོད་སྲུང་བྱང་ཆུབ་སེམས་དཔས་ཆོས་བཞི་དང་ལྡན་པར་བྱ་སྟེ། ། བཞི་གང་ཞེ་ན། ། བྱང་ཆུབ་སེམས་དཔས་བརྩོན་འགྲུས་བརྩམ་པར་བྱའོ། ། བརྩོན་འགྲུས་བརྩོན་འགྲུས་ཞེས་བྱ་བ་གང་ཞེ་ན། ། གང་གཟུགས་མ་ཚོལ། ། ཚོར་བ་དང།  འདུ་ཤེས་དང།   འདུ་བྱེད་དང། ། རྣམ་པར་ཤེས་པ་མི་ཚོལ་གྱི་ཟག་པ་མེད་པའི་ཆོས་རྣམས་ཚོལ་བའོ། ། དེ་ལ་ཟག་པ་མེད་པའི་ཆོས་རྣམས་གང་ཞེ་ན། ། གང་ན་སའི་ཁམས་མེད་པ་དང།  སའི་ཁམས་ཀུན་ཏུ་བྲྗོད་པ་མེད་པ་དང།  ཆུའི་ཁམས་མེད་པ་དང།  མེའི་ཁམས་མེད་པ་དང།  རླུང་གི་ ཁམས་མེད་པ་དང།  རླུང་གི་ཁམས་ཀུན་ཏུ་བྲྗོད་པ་མེད་པ་དང། ། གང་ན་གང་བྲྗོད་པ་དེ་ཐམས་ཅད་ནི་བཏགས་པ་སྟེ།  བཏགས་པའི་ཆོས་དེ་དག་ཐམས་ཅད་ནི་ཡང་དག་པ་མ་ཡིན་པའོ། ། དེ་ལ་བྱང་ཆུབ་སེམས་དཔས་བཏགས་པ་མེད་པའི་སྙིང་པོ་བླང་བར་བྱའོ། ། གསོལ་ པ། ། བཅོམ་ལྡན་འདས་གལ་ཏེ་བཏགས་པའི་ཆོས་ཡང་དག་པར་མ་ལགས་ན་གང་ལ་ལ་འདི་སྐད་དུ་གལ་ཏེ་བཏགས་པའི་ཆོས་ཡང་དག་པ་མ་ཡིན་ན། ། གང་སངས་རྒྱས་ཞེས་བྱ་བའི་སྒྲ་བྲྗོད་པའི་བཏགས་པ་འདི་ཡང་ཡང་དག་པ་མ་ཡིན་པར་མི་འགྱུར་རམ་ཞེས་མཆི་བར་གྱུར་ན་ བཅོམ་ལྡན་འདས་བདག་གིས་དེ་ལ་ཇི་སྐད་བགྱི། ། བདག་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་སྐུར་བ་འདེབས་པར་མི་འཚལ་ལོ། ། དེ་སྐད་ཅེས་གསོལ་པ་དང།  བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ལ་འདི་སྐད་ཅེས་ བཀའ་སྩལ་ཏོ། ། འོད་སྲུང་མ་འོངས་པའི་དུས་ན་དགེ་སློང་ལུས་མ་བསྒོམས་པ།  སེམས་མ་བསྒོམས་པ།  ཚུལ་ཁྲིམས་མ་བསྒོམས་པ། ། ཤེས་རབ་མ་བསྒོམས་པ་དག་འབྱུང་སྟེ། ། དེ་དག་ནི་དོན་མི་ཤེས་པ། ། ཁྱད་དུ་གསོད་པ།  གནོད་སེམས་ལ་དཔའ་བ། ། སྨྲ་བ་ལ་དཔའ་ བ་དག་འབྱུང་སྟེ། ། དེ་དག་མདོ་སྡེ་འདི་ལྟ་བུ་འདི་དག་ལེན་པར་མི་བྱེད། ། ཀུན་ཆུབ་པར་མི་བྱེད། ། འཛིན་པར་མི་བྱེད། ། ཀློག་པར་མི་བྱེད་དོ། ། དེ་ཅིའི་ཕྱིར་ཞེ་ན།  དེ་དག་འདི་ལྟར་གཟུགས་སྐྱེ་བ་དང།  ཚོར་བ་དང།  འདུ་ཤེས་དང།  འདུ་བྱེད་དང།  རྣམ་པར་ཤེས་པ་སྐྱེ་བར་རྟོག་ པའི་ཕྱིར་རོ།  འདི་ལྟར་མདོ་སྡེ་འདི་ལྟ་བུ་འདི་དག་ནི་བཏགས་པའི་ཆོས་སོ། ། དེའི་དུས་ན་འབྱུང་བ་དེ་དག་ནི་ཇི་ལྟར་གཟུགས་སྐྱེ་བ་དང།  ཇི་ལྟར་ཚོར་བ་དང།  ཇི་ལྟར་འདུ་ཤེས་དང།  ཇི་ལྟར་འདུ་བྱེད་རྣམས་དང། ། ཇི་ལྟར་རྣམ་པར་ཤེས་པ་སྐྱེ་བ་ དེ་ལྟར་དགེ་སློང་དེ་དག་དེའི་ཚེ་གནས་པར་འགྱུར་རོ། ། དེའི་དུས་ན་ཁྱིམ་པ་དང་དགེ་སློང་ཁ་ཅིག་འབྱུང་བར་འགྱུར་བ་དེ་དག་ལ་དོན་དམ་པས་ཅི་ཞིག་བྱ།  འོད་སྲུང་འདི་ལྟ་སྟེ། ། དཔེར་ན་མི་དམུས་ལོང་ལ་གསེར་གྱི་ཕྲེང་བ་བཏགས་ན་དེས་མི་ཤེས་སོ། ། འོད་སྲུང་དེ་བཞིན་དུ་དེའི་ དུས་ན་དགེ་སློང་དེ་དག་གིས་མདོ་སྡེ་འདི་ལྟ་བུ་འདི་དག་ཐོས་ན་ཚིག་ཏུ་བྲྗོད་པས་ཀྱང་འཛིན་པར་མི་འགྱུར་ན་དོན་དམ་པ་ཡིད་ལ་བྱེད་པས་འཇུག་པར་འགྱུར་བ་ལྟ་ཅི་སྨོས། ། འོད་སྲུང་འདི་ལྟ་སྟེ། ། དཔེར་ན་ཁྱེའུ་འམ་བུ་མོ་ལ་ཞིག་ལ་མི་ལ་ལ་ཞིག་གིས་བསྡིགས་ན། ། དེ་ཡུན་ཇི་སྲིད་དུ་མི་ དེའི་མིང་བྲྗོད་པ་ཐོས་པ་དེ་སྲིད་དུ་སྐྲག་ལ་དང་ཞིང་དང་བར་འགྱུར་རོ། ། འོད་སྲུང་དེ་བཞིན་དུ་དེའི་དུས་ན་དགེ་སློང་དེ་དག་མདོ་སྡེ་འདི་ལྟ་བུ་འདི་དག་གིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་བསྐུལ་ན་བདག་གི་བསྔགས་པ་མ་ཡིན་པ་ཤེས་ཤིང་བདག་ཆོས་གོས་ཀྱིས་དཀྲིས་པར་རིག་ནས་ སྐྲག་ལ་དངང་ཞིང་དངང་བར་འགྱུར་རོ། ། འོད་སྲུང་འདི་ལྟ་སྟེ།  དཔེར་ན་སྤྲེའུ་བྱི་ལའི་དྲུང་དུ་བཏགས་ན་དེ་ལ་མི་ཕྱོགས་ཏེ་ལྟ་བར་མི་ནུས་སོ། ། འོད་སྲུང་དེ་བཞིན་དུ་དེའི་དུས་ན་དགེ་སློང་དག་མདོ་སྡེ་འདི་ལྟ་བ་འདི་དག་ཐོས་ན་རྒྱབ་ཀྱིས་ཕྱོགས་ཤིང་མདུན་གྱིས་མི་ཕྱོགས་པར་ འགྱུར་རོ། ། འོད་སྲུང་འདི་ལྟ་སྟེ།  དཔེར་ན་ཝ་ནི་ཁྱི་ལས་དྲུང་དུ་བཏགས་ན་དེ་ལ་མི་ཕྱོགས་ཏེ་ལྟ་བར་མི་ནུས་སོ། ། འོད་སྲུང་དེ་བཞིན་དུ་དེའི་དུས་ན་དགེ་སློང་དག་མདོ་སྡེ་འདི་ལྟ་བུ་འདི་དག་ཐོས་ན་རྒྱབ་ཀྱིས་ཕྱོགས་ཤིང་མདུན་གྱིས་མི་ཕྱོགས་པར་ རྒྱུག་པ་ནི་འདི་ཡིན་ཏེ།  གང་དག་ཚུལ་ཁྲིམས་འཆལ་བར་འགྱུར་བ་སྟེ།  དེ་དག་མདོ་སྡེ་འདི་ལྟ་བུ་འདི་དག་ཐོང་ན་སྤོང་བར་འགྱུར་རོ། ། འོད་སྲུང་འདི་ལྟ་སྟེ།  དཔེར་ན་ཝ་ནི་དུར་ཁྲོད་དུ་གཞོལ་བར་འགྱུར་རོ། ། འོད་སྲུང་དེ་བཞིན་དུ་དེའི་དུས་ན་དགེ་སློང་དེ་དག་ཀྱང་མདོ་སྡེ་འདི་ ལྟ་བུ་འདི་དག་ཐོས་ན་ཁྱིམ་ལ་གཞོལ་བར་འགྱུར།  འདོད་པ་ལ་གཞོལ་བར་འགྱུར།  བུད་མེད་ལ་གཞོལ་བར་འགྱུར།  འཐབ་མོ་དང་མཚང་འབྲུ་བ་ལ་གཞོལ་བར་འགྱུར།  འདུས་པ་ལ་གཞོལ་བར་འགྱུར།  རྩི་སྨན་གྱི་ཐ་སྙད་ལ་གཞོལ་བར་འགྱུར།  རྒྱལ་པོའི་བཀྲབས་ པར་འགྱུར་ཞིང་དེར་གནས་པ་དེ་དག་ཆེས་ཚུལ་ཁྲིམས་འཆལ་བར་འགྱུར་ཏེ། ། དེ་ནི་དེ་དག་གི་དུར་ཁྲོད་དུ་འགྲོ་བ་ཞེས་བཤད་དོ། ། འོད་སྲུང་འདི་ལྟ་སྟེ། ། དཔེར་ན་ཝ་ནི་ཁུང་དུ་གཞོལ་ལོ། ། འོད་སྲུང་དེ་བཞིན་དུ་དེའི་དུས་ན་དགེ་སློང་དེ་དག་ཀྱང་འཆི་བའི་དུས་བྱས་ན་ངན་ འགྲོར་གཞོལ་བར་འགྱུར་ཏེ།  དེ་ནི་དེ་དག་གི་ཁུང་དུ་གཞོལ་བར་བཤད་དོ། ། འོད་སྲུང་འདི་ལྟ་སྟེ། ། དཔེར་ན་ཝ་ནི་ཕུག་ཏུ་གཞོལ་ལོ། ། འོད་སྲུང་དེ་བཞིན་དུ་དེའི་དུས་ན་དགེ་སློང་དེ་དག་ཀྱང་སྤུ་གྲི་གཏམས་པ་དང།  རལ་གྲིའི་འདབ་མ་ཅན་གྱི་ཚལ་གྱིས་སེམས་ཅན་ དམྱལ་བ་ཆེན་པོ་རྣམས་དང། ། གསལ་ཤིང་གི་ཚལ་གྱི་སེམས་ཅན་དམྱལ་བ་ཆེན་པོ་རྣམས་སུ་རྒྱུག་ཅིང་རྣམ་པར་རྒྱུག་པར་འགྱུར་ཏེ།  འདི་ནི་དེ་དག་གི་ཝའི་འགྲོ་བ་ཞེས་བཤད་དོ། ། འོད་སྲུང་ཝའི་ཆོས་དང་ལྔག་པའི་དགེ་སློང་ནི་མདོ་སྡེ་འདི་ལྟ་བུ་འདི་དག་གཟུང་བ་འམ་རྟོགས་ པར་བྱེད་ནི་མི་ནུས་ཀྱི། ། གང་སྨད་ཅིང་སྤངས་ནས་དེའི་ལུས་ཞིག་སྟེ་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་ལྟུང་བར་ནི་བྱེད་ནུས་སོ། ། འོད་སྲུང་དགེ་སློང་གང་འདི་སྐད་ཅེས་བཏགས་པའི་ཆོས་ཡང་དག་པ་མ་ཡིན་ན་གང་དེ་བཞིན་གཤེགས་ པ་ཞེས་བྲྗོད་པར་གྱུར་པ་འདི་ཡང་བཏགས་པ་སྟེ། ། ཡང་དག་པ་མ་ཡིན་པའོ་ཞེས་ཟེར་བ་དེ་ལ་དགེ་སློང་མཁས་པ་རྣམས་ཀྱིས་འདི་སྐད་བྲྗོད་པར་བྱ་སྟེ། ། ཚེ་དང་ལྡན་པ་སྟོང་པ་ཉིད་དམ། ། འོན་ཏེ་བཏགས་པ་འམ། ། གནས་གང་གིས་གནས་འདི་བྲྗོད་ཅེས་བྲྗོད་པར་བྱའོ། །  དེ་གལ་ཏེ་འདི་སྐད་དུ་བཏགས་པའོ་ཞེས་ཟེར་ན་དེ་ལ་འདི་སྐད་བྲྗོད་པར་བྱ་སྟེ། ། འོ་ན་ནི་ཁྱོད་ཀྱང་སངས་རྒྱས་སུ་འགྱུར་རོ། ། དེ་ཅིའི་ཕྱིར་ཞེ་ན། ། ཁྱོད་ཀྱི་མིང་བཏགས་པ་ཡང་ཡོད་པའི་ཕྱིར་རོ་ཞེས་བྲྗོད་པར་བྱའོ། ། དེ་གལ་ཏེ་འདི་སྐད་དུ་སྟོང་བ་ཉིད་དོ་ཞེ་ན། ། དེ་ལ་འདི་སྐད་ དུ་འོ་ན་ནི་བྲྗོད་པར་མི་བྱའོ། ། དེ་ཅིའི་ཕྱིར་ཞེ་ན།  སྟོང་པ་ཉིད་ནི་བྲྗོད་དུ་མེད་པའི་ཕྱིར་ཏེ་དེས་སྟོང་པ་བཏགས་སོ། ། སྟོང་པ་གང་ཡང་བདག་གམ། ། བདག་གི་འམ།  སེམས་ཅན་གྱིས་སྟོང་པ་མ་ཡིན་པ་དེ་སྟོང་པའོ་ཞེས་བྲྗོད་པར་བྱའོ། ། ཡང་དགེ་སློང་དེ་ ལ་དགེ་སློང་ཁྱོད་ཅི་ཆོས་ཐམས་ཅད་སྟོང་པར་འདོད་དམ་ཞེས་དྲི་བར་བྱའོ། ། དེ་གལ་ཏེ་འདི་སྐད་དུ་ཁོ་བོ་ནི་སྟོང་པ་ཉིད་མི་འདོད་དོ་ཞེས་ཟེར་ན་དེ་ལ་འདི་སྐད་དུ་ཚེ་དང་ལྡན་པ་ཁྱོད་ནི་དགེ་སྦྱོང་ཤཀྱའི་སྲས་ལས་ཉམས་ནས་ཡུན་རིང་ངོ། ། དེ་ཅིའི་ཕྱིར་ཞེ་ན།  བཅོམ་ལྡན་འདས་དེ་ནི་སྟོང་པ་ཉིད་ གསུང་བ་སྟེ། ། བདག་ཏུ་གསུང་བ་མ་ཡིན། ། སེམས་ཅན་དུ་གསུང་བ་མ་ཡིན། ། སྲོག་ཏུ་གསུང་བ་མ་ཡིན། ། གང་ཟག་ཏུ་གསུང་བ་མ་ཡིན་པའི་ཕྱིར་རོ་ཞེས་བྲྗོད་པར་བྱའོ། ། དེ་གལ་ཏེ་འདི་སྐད་དུ་ཆོས་ཐམས་ཅད་ནི་སྟོང་པ་སྟེ། ། ཁོ་བོ་སྟོང་པ་ཉིད་འདོད་དོ་ཞེས་ཟེར་ན་དེ་ལ་འདི་ སྐད་དུ་ཚེ་དང་ལྡན་པ་ཆོས་ཐམས་ཅད་ཀྱང་སྟོང་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལྟ་ཅི་སྨོས། ། ཚེ་དང་ལྡན་པ་ཅི་མིག་དེ་བཞིན་གཤེགས་པ་ཡིན་ནམ། ། ཅི་རྣ་བ་དང། ། སྣ་དང། ། ལྟེ་དང།  ལུས་དང། ། ཡིད་དེ་བཞིན་གཤེགས་ པ་ཡིན་ཞེས་བྲྗོད་པར་བྱའོ། ། དེ་གལ་ཏེ་འདི་སྐད་དུ་མིག་དེ་བཞིན་གཤེགས་པ་ཡིན། ། རྣ་བ་དང། ། སྣ་དང།  ལྕེ་དང།  ལུས་དང།  ཡིད་དེ་བཞིན་གཤེགས་པ་ཡིན་ནོ་ཞེས་ཟེར་ན་དེ་ལ་འདི་སྐད་དུ་འོ་ན་ནི་ཚེ་དང་ལྡན་པ་ཡང་དེ་བཞིན་གཤེགས་པ་ཡིན་ནོ་ཞེས་བྲྗོད་པར་བྱའོ། ། དེ་ གལ་ཏེ་འདི་སྐད་དུ་མིག་དེ་བཞིན་གཤེགས་པ་མ་ཡིན་ཏེ། ། ཡིད་ཀྱི་བར་དུ་དེ་བཞིན་གཤེགས་པ་མ་ཡིན་ནོ་ཞེས་ཟེར་ན་དེ་ལ་འདི་སྐད་དུ་དེ་ལྟར་ན་མིག་ནི་བཏགས་པ་སྟེ། ། དེ་དེ་བཞིན་གཤེགས་པ་མ་ཡིན། ། ཡིད་ཀྱི་བར་དུ་བཏགས་པ་སྟེ། ། དེ་དེ་བཞིན་གཤེགས་པ་མ་ཡིན་ནོ། །  ཚེ་དང་ལྡན་པ་དེ་ལྟར་ན་ཁྱོད་འདི་སྐད་དུ་དེ་བཞིན་གཤེགས་པ་བཏགས་པ་མ་ཡིན་ནོ་ཞེས་ཟེར་ན་གནས་དེར་བདག་ཅག་གིས་ཅི་ཞིག་མ་ཐོབ་པར་གྱུར་ཅེས་བྲྗོད་པར་བྱའོ། ། དེ་གལ་ཏེ་འདི་སྐད་དུ་མིག་དེ་བཞིན་གཤེགས་པ་མ་ཡིན། ། དེ་བཞིན་གཤེགས་པ་མིག་ལས་གཞན་པ་ཡང་མ་ ཡིན། ། ཡིད་ཀྱི་བར་དུ་དེ་བཞིན་གཤེགས་པ་མ་ཡིན། ། དེ་བཞིན་གཤེགས་པ་ཡིད་ལས་གཞན་པ་ཡང་མ་ཡིན་ནོ་ཞེས་དེ་ན་དེ་ལ་འདི་སྐད་དུ་དེ་བཞིན་གཤེགས་པས་སྐྱེ་མཆེད་དུ་བཅུ་གཉིས་སུ་གསུངས་པ་ནི་འདི་ལྟ་སྟེ། ། མིག་གི་སྐྱེ་མཆེད་དང། ། གཟུགས་ཀྱི་སྐྱེ་མཆེད་ནས་ཡིད་ ཀྱི་སྐྱེ་མཆེད་དང།  ཆོས་ཀྱི་སྐྱེ་མཆེད་དེ། ། ཚེ་དང་ལྡན་པ་དེ་དག་ནི་སེམས་ཅན་ནམ་སེམས་ཅན་དུ་བཏགས་པར་ཟད་ན། ། ཚེ་དང་ལྡན་པ་ཅི་མིག་དེ་བཞིན་གཤེགས་པ་ཡིན་ནམ། ། ཡིད་ཀྱི་བར་དུ་དེ་བཞིན་གཤེགས་པ་ཡིན་ནམ་ཞེས་བྲྗོད་པར་བྱའོ། ། དེ་གལ་ཏེ་འདི་སྐད་དུ་ མིག་དེ་བཞིན་གཤེགས་པ་ཡིན་ཏེ། ། ཡིད་ཀྱི་བར་དུ་དེ་བཞིན་གཤེགས་པ་ཡིན་ནོ་ཞེས་ཟེར་བ་དེ་ལ་འདི་སྐད་དུ་འོ་ན་སེམས་ཅན་ཐམས་ཅད་ཀྱང་སངས་རྒྱས་སུ་འགྱུར་ཏེ། ། ས་ཐམས་ཅད་དང། ། རི་ཐམས་ཅད་དང། ། ཤིང་ཐམས་ཅད་དང། ། སྲིད་པར་གཏོགས་པ་རྣམས་སངས་ རྒྱས་སུ་འགྱུར་རོ་ཞེས་བྲྗོད་པར་བྱའོ། ། དེ་གལ་ཏེ་འདི་སྐད་དུ་མིག་དེ་བཞིན་གཤེགས་པ་མ་ཡིན་ཏེ། ། ཡིད་ཀྱི་བར་དུ་དེ་བཞིན་གཤེགས་པ་མ་ཡིན་ནོ་ཞེས་ཟེར་ན་དེ་ལ་འདི་སྐད་དུ་དེ་བཞིན་གཤེགས་པས་ཆོས་དང་ཆོས་མ་ཡིན་པ་བསྟན་པ་ནི་འདི་དག་གོ་ཞེས་བྲྗོད་པར་བྱའོ། །  དེ་གལ་ཏེ་འདི་སྐད་དུ་གཟུགས་དེ་བཞིན་གཤེགས་པ་མ་ཡིན་ཏེ། ། ཆོས་ཀྱི་བར་དུ་དེ་བཞིན་གཤེགས་པ་མ་ཡིན་ནོ་ཞེས་ཟེར་ན་ཚེ་དང་ལྡན་པ་ཅི་ཆོས་མ་ཡིན་པ་དེ་བཞིན་གཤེགས་པ་ཡིན་ནམ་ཞེས་བྲྗོད་པར་བྱའོ། ། དེ་གལ་ཏེ་འདི་སྐད་ད་ཆོས་མ་ཡིན་པ་དེ་བཞིན་གཤེགས་པའོ་ ཞེས་ཟེར་ན་དེ་ལ་འདི་སྐད་དུ་འོ་ན་སེམས་ཅན་གང་དག་ཕར་མི་འཛིན་པ་དང།  མར་མི་འཛིན་པ་དང། ། དགེ་སྦྱོང་དུ་མི་འཛིན་པ་དང། ། བྲམ་ཟེར་མི་འཛིན་པ་དང།  རིགས་ཀྱི་གཙོ་བོ་མི་སྐྱོང་བ་དང། ། སྲོག་གཅོད་པ་དང།  མ་བྱིན་པར་ལེན་པ་དང། ། འདོད་པས་ལོག་པར་ གཡེམ་པ་དང།  བརྫུན་དུ་སྨྲ་བ་དང།  ཕྲ་མ་སྨྲ་བ་དང། ། ངག་རྩུབ་པོ་སྨྲ་བ་དང། ། ཚིག་ཀྱལ་པ་སྨྲ་བ་དང། ། བརྣབ་སེམས་ཅན་དང། ། གནོད་སེམས་ཀྱི་སེམས་དང་ལྡན་པ་དང།  ལོག་པར་ལྟ་བ་དག་དང། ། སྲིད་པར་བསྡུས་པ་དེ་དག་ཐམས་ཅད་ཀྱང་དེ་བཞིན་གཤེགས་པར་འགྱུར་ རོ་ཞེས་བྲྗོད་པར་བྱའོ། ། དེ་གལ་ཏེ་འདི་སྐད་དུ་ཆོས་མ་ཡིན་པ་དེ་བཞིན་གཤེགས་པ་མ་ཡིན་ནོ་ཞེས་ཟེར་ན་དེ་ལ་འདི་སྐད་དུ་དེའི་ཕྱིར་དེ་བཞིན་གཤེགས་པ་ནི་ཆོས་ཀྱང་མ་ཡིན་ཆོས་མ་ཡིན་པར་ཡང་མ་ཡིན་ནོ། ། གང་ཆོས་ཀྱང་མ་ཡིན་ཆོས་མ་ཡིན་པ་ཡངས་ ཡིན་པ་དེ་ལ་བཏགས་པ་མེད་དོ། ། ཚེ་དང་ལྡན་པ་དེ་ལྟར་ན་འདི་སྐད་དུ་དེ་བཞིན་གཤེགས་པ་བཏགས་པ་མ་ཡིན་ནོ་ཞེས་ཟེར་རམ་ཞེས་བྲྗོད་པར་བྱའོ། ། འོད་སྲུང་དེ་ལྟར་ན་མི་བླུན་པོ་དེ་དག་ནི་དུས་དུས་སུ་ཆོས་དང་འཐུན་པས་ཚར་གཅད་པར་བྱའོ། ། འོད་སྲུང་གང་ཆོས་དང་ འཐུན་པ་ངེས་པར་བྱུང་བ་འདི་ལ་ཆོས་དང་འཐུན་པས་ཕྱིར་སྨྲ་ནུས་པ་དེ་ནི་ལྷ་དང་བཅས་པ་དང།  བདུད་དང་བཅས་པ་དང། ། ཚངས་པ་དང་བཅས་པའི་འཇིག་རྟེན་ན་ངས་མ་མཐོང་སྟེ། ། གཞན་དུ་ན་ཁྲོ་བ་དང། ། ཞེ་སྡང་དང།  གཏི་མུག་དང། ། མི་བཟོད་པ་དང།  རྐྱེན་ མེད་པ་སྨྲས་ནས་ཆོས་སྟོང་པ་ལ་སྨོད་ཅིང་འགྲོ་བར་འགྱུར་བ་ན་མ་གཏོགས་སོ། ། འོད་སྲུང་དེ་ལྟར་ཁྱོད་ཀྱིས་མདོ་སྡེ་འདི་ལྟ་བུ་འདི་དག་གཟུང་བར་བྱའོ། ། འོད་སྲུང་དགེ་སློང་གང་དག་མདོ་སྡེ་འདི་ལྟ་བུ་འདི་དག་འཛིན་པར་མི་འགྱུར་བའི་དུས་དེ་ཡོད་དེ། ། དེ་དག་ལ་མིང་གསུམ་ འདོགས་པར་འགྱུར་རོ། ། གསུམ་གང་ཞེ་ན། ། འདི་ལྟ་སྟེ། ། ཆད་པར་སྨྲ་ཞིང་དངོས་པོ་མེད་པ་དང། ། ཕུང་པོ་མེད་པ་དང། ། རིམ་གྲོ་མེད་པའོ། ། འོད་སྲུང་དེ་ལྟར་ན་དེའི་ཚེ་མདོ་སྡེ་འདི་ལྟ་བུ་འདི་དག་སྤང་བར་འགྱུར་རོ། ། འོད་སྲུང་དེའི་དུས་ན་འདི་ལྟར་དེ་བཞིན་ གཤེགས་པ་ལ་བསྟི་སྟེང་མི་བྱེད་པ་དང། ། ཆོས་ལ་བསྟི་སྟང་མི་བྱེད་པར་འགྱུར་ཏེ། ། དེ་བཞིན་གཤེགས་པ་དང་ཆོས་ལ་བསྟི་སྟང་མེད་པར་བྱས་ནས་དགེ་འདུན་གྱི་མིང་གི་ཚོགས་ལྷག་མར་འགྱུར་བ་ལ་ལྟོས། ། དེ་དག་ནི་བཏགས་པ་ལ་རྟེན་པར་འགྱུར། ། མིང་ལ་རྟེན་པར་ འགྱུར་ཏེ། ། དེ་དག་སངས་རྒྱས་དང་ཆོས་ཀྱི་མིང་བྲྗོད་ཅིང་གཞན་དག་ལ་སྟོན་ཀྱང་སངས་རྒྱས་ཇི་ལྟར་བལྟ་བར་བྱ་བ་ནི་ཤེས་པར་མི་འགྱུར་རོ། ། དེ་དག་སངས་རྒྱས་དང་ཆོས་ཞེས་ཚིག་ཏུ་བྲྗོད་ཀྱང་དེ་བཞིན་གཤེགས་པས་ཆོས་བཤད་པ་གང་ཡིན་པ་དེ་ནི་ཤེས་པར་མི་ འགྱུར་རོ། ། དེ་དག་སྐྱེས་བུ་ཟུང་བཞི་དང། ། སྐྱེས་བུ་གང་ཟག་ཡ་བརྒྱད་བྲྗོད་པར་འགྱུར་ཞིང། ། བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་མིང་ཙམ་ཤེས་པར་འགྱུར་ཏེ། ། ཡོན་ཏན་གང་དག་གིས་དེའི་མིང་དང། ། དེའི་དོན་ནི་རིག་པར་མི་འགྱུར། ། དེའི་དོན་ནི་ཤེས་པར་མི་འགྱུར་རོ། །  དེ་དག་གོས་དང་ཟས་ཀྱི་ཆེད་དང། ། མལ་སྟན་དང། ། ན་བའི་གསོ་སྨན་དང།  ཡོ་བྱད་ཀྱི་ཕྱིར་ཆོས་སྤོང་བར་འགྱུར་རོ། ། དེ་ལ་བྱང་ཆུབ་སེམས་དཔས་མདོ་སྡེ་འདི་ལྟ་བུ་འདི་དག་ཁོང་དུ་ཆུད་པར་བྱ་བའི་ཕྱིར་བརྩོན་འགྲུས་བརྩམ་པར་བྱ།  བདག་འཇུག་པར་བྱས་ལ་གཟུང་བར་ བྱའོ། ། དེ་ཅིའི་ཕྱིར་ཞེ་ན། ། དེ་དག་ཕྱི་མའི་དུས་ན་ཆོས་ཀྱི་གྲོང་ཁྱེར་སྐྱོང་བར་འགྱུར་བའི་ཕྱིར་རོ། ། ཆོས་བསྟན་པ་འདི་ལྟ་བུས་བསྐལ་པ་དགུ་བཅུ་རྩ་གཅིག་སྟོངས་པར་གྱུར་ཏོ། ། འོད་སྲུང་ངས་མངོན་པར་ཤེས་ཏེ་འདས་པའི་དུས་ན་བསྐལ་པ་སྟོང་ལ་དེ་བཞིན་གཤེགས་པ་གཅིག་ འཇིག་རྟེན་དུ་བྱུང་ངོ། ། འོད་སྲུང་ངས་མངོན་པར་ཤེས་ཏེ་འདས་པའི་དུས་ན་དེ་བཞིན་གཤེགས་པ་ཞི་བ་དང་ལྡན་པ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་རྣམས་ཡོངས་སུ་སྨིན་པར་མཛད་པ་དང། ། འཇིག་རྟེན་གྱི་དོན་གྱི་ཕྱིར་བསྐལ་པ་བརྒྱད་ཁྲི་བཞི་སྟོང་དུ་བཞུགས་པར་གྱུར་ཏོ། །  འོད་སྲུང་ངས་མངོན་པར་ཤེས་ཏེ་འདས་པའི་དུས་ན་དེ་བཞིན་གཤེགས་པ་དྲི་མ་མེད་པ་ཞེས་བྱ་བ་བསྐལ་པ་བྱེ་བ་ཕྲག་ཉི་ཤུར་བཞུགས་ཏེ། ། བསྐལ་པ་བྱེ་བ་ཕྲག་ཉི་ཤུར་བྱང་ཆུབ་སེམས་དཔའི་སྤྱོད་པ་སྦྱང་ནས་གདོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་ པར་རྫོགས་པར་སངས་རྒྱས་སོ། ། འོད་སྲུང་དེ་བཞིན་གཤེགས་པས་སེམས་ཅན་རྣམས་ལ་ཕན་གདགས་པའི་ཕྱིར་ཅི་ཙམ་དུ་དཀའ་བ་མཛད་པ་ལ་ལྟོས། ། འོད་སྲུང་བསྐལ་པའི་སྙིགས་མ་འདི་ལྟ་བུ་ཟད་པའི་དུས་ངས་སྨད་པར་མི་བྱའོ། ། འོད་སྲུང་ཐ་ན་སེམས་ཅན་ གཅིག་གིས་ངའི་ཆོས་ཤེས་པ་དང་ཐམས་ཅད་ལག་ན་དབྱིག་པ་ཐོགས་ཤིང་ལག་ན་མཚོན་ཐོགས་ཏེ་ངའི་གན་དུ་རྒྱུག་ཅིང་འོང་བར་མི་སེམས་པ་དེ་ཡང་ངོ་མཚར་ཤིན་ཏུ་ཆེའོ། ། དེ་ཅིའི་ཕྱིར་ཞེ་ན། ། འོད་སྲུང་སྐྱེས་བུ་དམ་པའི་ཆོས་ནི་འདི་དག་ཡིན་ཏེ། ། འདི་ལྟ་སྟེ། ། འདུས་བྱས་ ཐམས་ཅད་ལ་མངོན་པར་འདུ་མི་བྱེད་པ་ཤེས་པར་དཀའ་བའི་ཕྱིར་རོ། ། བདག་ཏུ་ལྟ་བ་འམ། ། སེམས་ཅན་དུ་ལྟ་བ་འམ། ། སྲོག་ཏུ་ལྟ་བ་འམ། ། གང་ཟག་ཏུ་ལྟ་བའམ། ། འབྱུང་བར་ལྟ་བ་འམ།  ཕུང་པོ་ལ་མངོན་པར་རྟེན་པ་ལ། ། ཚུལ་ཁྲིམས་སུ་ ལྟ་བ་འམ། ། སངས་རྒྱས་སུ་ལྟ་བའམ། ། ཆོས་སུ་ལྟ་བའམ། ། དགེ་འདུན་དུ་ལྟ་བའམ། ། མྱ་ངན་ལས་འདས་པར་ལྟ་བའམ། ། གང་ལ་ལ་མྱ་ངན་ལས་འདས་པར་ལྟ་བ་དེ་དག་ཐམས་ཅད་ནི་དེ་བཞིན་གཤེགས་པས་ལོག་པར་ལྟ་བར་མཁྱེན་ཏོ། ། དེ་ཅིའི་ཕྱིར་ཞེ་ན། ། འོད་ སྲུང་དེ་བཞིན་གཤེགས་པ་ནི་མྱ་ངན་ལས་འདས་པ་ལ་མི་དགོངས་ཤིང་མྱ་ངན་ལས་འདས་པ་མི་དམིགས་པའི་ཕྱིར་རོ། ། འོད་སྲུང་གང་དག་མྱ་ངན་ལས་འདས་པ་ལ་སེམས་ཤིང་དམིགས་པ་དེ་དག་ཐམས་ཅད་ནི་དེ་བཞིན་གཤེགས་པས་ལོག་པར་ལྟ་བར་མཁྱེན་ཏོ། ། གང་ དག་ལོག་པར་ལྟ་བ་དེ་དག་ནི་མི་ཤེས་པ་ཞེས་བྱའོ། ། གང་དག་མི་ཤེས་པ་དེ་དག་ནི་སྨས་པའོ། ། གང་དག་སྨས་པ་དེ་དག་ནི་བྱིས་པའོ། ། བྱིས་པ་གང་ཡིན་པ་དེ་དག་ལ་སངས་རྒྱས་ཀྱི་བྱང་ཆུབ་ཀྱིས་ཅི་ཞིག་བྱ་སྟེ། ། དེ་དག་ནི་ཐ་མ་མཐོ་རིས་སུ་སྐྱེ་བ་དང་ཡང་རིང་ངོ། །  འོད་སྲུང་མ་འོངས་པའི་དུས་ན་དགེ་སློང་ལོ་ཉི་ཤུའམ།  ལོ་བཞི་བྕུའམ།  ལོ་ལྔ་བྕུའམ།  དྲུག་ཅུ་འམ།  བདུན་ཅུ་འམ།  དགུ་བཅུ་འམ།  ལོ་བརྒྱ་ཐུབ་སྟེ།  རྒ་བས་ཟིལ་གྱིས་ནོན་པ། ། ཆོས་གོས་ཀྱིས་བརྒྱན་པ།  མགོ་བྲེགས་པ།  ལུས་བསླུས་པ།  རྒས་ པ། ། གནས་བརྟན་དུ་ཆུད་པ། ། གཏི་མུག་དང། ། འཁོགས་པ།  གཟི་བྲྗིད་ཉམས་པ།  ལོག་པར་ཞུགས་པ་དག་འབྱུང་སྟེ། ། དེ་དག་འཆི་བའི་དུས་ཀྱི་ཚེ་སྡིག་པ་འདོད་པས་ཟིལ་གྱིས་ནོན་ནས་བསམ་བཞིན་དུ་ལྷོད་པའི་ཆོས་རྣམས་ཀྱིས་གནས་ཏེ། ། དེ་དག་གནས་གསུམ་ གྱིས་རྟོགས་པ་བྲྗོད་པར་འགྱུར་རོ། ། གསུམ་གང་ཞེ་ན། ། འདི་ལྟ་སྟེ། ། ཡང་ན་སྟོང་ལམ་ཀུན་ཏུ་སྔོན་པས་སམ། ། ཡང་ན་སྤོང་པ་འཛིན་པས་སམ།  ཡང་ན་འཛུབ་མོ་བསྒྲེང་བ་སྟེ། ། གནས་གསུམ་པོ་འདི་དག་གིས་རྟོགས་པར་བྲྗོད་པར་འགྱུར་རོ། ། དེ་དག་ལྷག་པའི་ད་ རྒྱལ་དུ་ལྟུང་བས་འཆི་བའི་དུས་ཀྱི་ཚེ་འགྱོད་པའི་སེམས་ཀྱིས་འཆི་བའི་དུས་བྱེད་པར་འགྱུར་ཏེ། ། དེ་དག་ལུས་ཞིག་ནས་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་རོ། ། འོད་སྲུང་དེ་ལྟ་བས་ན་ཁྱོད་མོས་པར་བྱ། ། ཁྱོད་ ཀྱིས་ཁོང་དུ་ཆུད་པར་བྱ་སྟེ། ། ཅི་ནས་ཀྱང་དགེ་བའི་བཤེས་གཉེན་དང། ། དོན་འདོད་པ་དང། ། སྙིང་བརྩེ་པ་ཅན་དུ་བྱ་ཞིང་འདི་ལྟ་སྟེ། ། དཔེར་ན་ཀུན་ཏུ་རྒྱུ་རྩ་བ་ཅན་དང། ། འཆིང་བ་པ་བཞིན་དུ་ཕྱིས་འགྱོད་པར་མི་བྱའོ། ། འོད་སྲུང་བདག་ཏུ་ལྟ་བ་ལ་རབ་ཏུ་འབྱུང་བར་ང་ སྐབས་མི་འབྱེད་དེ།  སེམས་ཅན་དུ་ལྟ་བ་ལ་མ་ཡིན།  སྲོག་ཏུ་ལྟ་བ་ལ་མ་ཡིན་ཞིང།  གང་ཟག་ཏུ་ལྟ་བ་ལ་རབ་ཏུ་འབྱུང་བའི་སྐབས་མི་འབྱེད་དོ། ། གང་དག་ལ་སྐབས་མ་ཕྱེ་བ་དེ་དག་བསྟན་པ་འདི་ལ་རབ་ཏུ་བྱུང་ཞིང་རྐུན་མ་དེ་དག་དང་པས་བྱིན་པ་ཡོངས་སུ་སྤྱོད་དེ། ། ཡང་ དག་པའི་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་ནི་མ་ཡིན་ནོ། ། འོད་སྲུང་མིས་ཞག་དྲུག་གི་བར་དུ་ཟན་མ་ཟོས་པ་ནི་སླའི། ། བསྟན་པ་འདི་ལ་རབ་ཏུ་བྱུང་ནས་འདི་ལྟ་སྟེ། ། བདག་ཏུ་ལྟ་བ་འམ། ། སེམས་ཅན་དང་སྲོག་ཏུ་ལྟ་བ་འམ།  གང་ཟག་ཏུ་ལྟ་བའམ། ། མྱ་ངན་ལས་འདས་ པའི་བར་དུ་ལྟ་བས་དད་པས་བྱིན་པ་ཡོངས་སུ་སྤྱད་པ་ནི་དེ་ལྟ་མ་ཡིན་ནོ། ། དེ་ལ་བྱང་ཆུབ་སེམས་དཔས་བདག་ཏུ་ལྟ་བར་མི་འགྱུར་བ་དང། ། སེམས་ཅན་དུ་ལྟ་བར་མི་འགྱུར་བ་དང། ། སྲོག་ཏུ་ལྟ་བར་མི་འགྱུར་བ་དང། ། གང་ཟག་ཏུ་ལྟ་བར་མི་འགྱུར་བ་དང། ། འབྱུང་བར་ལྟ་བར་ མི་འགྱུར་བ་དང།  མྱ་ངན་ལས་འདས་པར་ལྟ་བར་མི་འགྱུར་བར་བྱ་ཞིང་ལྟ་བ་ཐམས་ཅད་སྤང་བའི་ཕྱིར་ཆོས་བསྟན་པར་བརྩོན་འགྲུས་བརྩམ་པར་བྱའོ། ། འོད་སྲུང་སྐྱེས་བུ་དམ་པ་དེ་ལྟ་བུ་དེ་དག་ལ་ངས་མདོ་སྡེ་འདི་ལྟ་བུ་འདི་དག་རྗེས་སུ་གཏད་དོ། ། དེ་ཅིའི་ཕྱིར་ཞེ་ན། ། འདི་ལྟར་ དེ་དག་ནི་ང་ཅི་འདྲ་བ་དེ་འདྲ་བར་འགྱུར་བར་འདོད་པའི་ཕྱིར་རོ། ། གང་དག་དེ་འདྲ་བར་འགྱུར་བར་འདོད་པ་དེ་དག་ནི་ང་འདྲ་བ་རྣམས་ཀྱིས་བརྡར་བྱས་པའོ། ། གང་དག་ངེད་ཀྱིས་བརྡར་བྱ་བ་དེ་དག་གིས་ངེད་ལ་བསྐུལ་བར་བྱའོ། ། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་ བཅད་པ་འདི་དག་བཀའ་སྩལ་ཏོ། ། གང་དག་སྤྲོས་པ་མི་མངའ་བ། ། འཇིག་རྟེན་མགོན་རྣམས་མ་གཏོགས་པར། ། སེམས་ཅན་གནོད་པས་ཉེན་གྱུར་པ། ། དེ་དག་རྣམས་ཀྱི་སྐྱབས་མེད་དོ། ། དམན་ཞིང་གོལ་བའི་ལམ་ཞུགས་པ། ། སེམས་ཅན་ གནོད་པར་གྱུར་རྣམས་ལ། ། གང་གིས་ངན་འགྲོར་འགྲོ་བ་ཡི། ། འདོད་ཆགས་ཕྱིར་ཞིང་རབ་ཏུ་འཕེལ། ། འདྲེན་པ་མེད་ཅིང་མགོན་མེད་པའི། ། དགོན་པ་ལ་ནི་རབ་ཏུ་གནས། ། གང་ན་བདེ་བ་མེད་པ་ཡི། ། ལམ་དེ་ལ་ནི་རབ་ཏུ་ཞུགས། ། དཔེར་ན་མདའ་གཞུ་མ་ཐོགས་ པའི། ། ཚོང་པ་ལམ་དུ་ཞུགས་གྱུར་པ། ། དེ་ནི་ཆོམ་པོས་བཅོམ་ནས་སུ། ། དེ་ལས་ནོར་རྣམས་ཀུན་ཕྲོགས་ཏེ། ། སྡུག་བསྔལ་ལས་བྱུང་གང་གི་ནོར། ། རྣམ་པར་ཆུད་གཟན་བྱས་འོངས་ཏེ། ། དངོས་པོ་གང་དང་གང་བཟུང་བ། ། དེ་ལས་ཕྱིར་ཡང་གནོད་པ་འབྱུང། །  དེ་བཞིན་འདི་ན་ཁ་ཅིག་ཀྱང། ། ཆོས་ཀྱི་བྱ་བ་འོངས་པ་ཡང། ། སྔོན་གྱི་དགེ་བ་དམ་པ་མཆོག།  ནོར་དེ་སྤྱད་ནས་འོངས་པ་ཡིན། ། དེ་དག་འདི་ན་མགོ་བྲེགས་སྟོན། ། བྱིས་པའི་ལྟ་བའི་དབང་དུ་སོང། ། བདག་དང་སྲོག་དང་དེ་བཞིན་དུ། ། གང་ཟག་འདུ་ཤེས་འཛིན་པར་ འགྱུ་བ། ། དགེ་སློང་གང་དག་སྟོང་ཉིད་སྨྲ། ། གང་དག་ལ་ནི་མི་སྟེན་པ། ། དེ་ལ་སྡང་བའི་སེམས་བསྐྱེད་ནས། ། མྱུར་དུ་ངན་འགྲོར་འགྲོ་བར་འགྱུར། ། གནོད་པའི་སེམས་ནི་བྱེད་པར་འགྱུར། ། གཅིག་ལ་གཅིག་ནི་གནོད་པར་བྱེད། ། ཡོད་པ་མ་ཡིན་སྐུར་བ་འདེབས། །  དེ་ལ་དེས་ནི་ཁྲེལ་བར་འགྱུར། ། ལུས་ཀྱིས་གནོད་ཅིང་ངག་གིས་གནོད། ། ཡིད་ནི་ཤིན་ཏུ་གཡོ་དང་ལྡན། ། གང་དག་ཕྱིན་ཅི་ལོག་ལྟ་བ། ། དེ་དག་འགྲོ་བ་ཤིན་ཏུ་སྡིག།  སྡིག་པའི་ལས་རྣམས་བྱས་ནས་སུ། ། མྱུར་དུ་ངན་འགྲོར་འགྲོ་བར་འགྱུར། ། སྡུག་བསྔལ་རྣམས་ ཀྱིས་གནོད་གྱུར་ལ། ། དཔུང་གཉེན་མེད་ཅིང་སྐྱབས་ཀྱང་མེད། ། མ་འོངས་པས་ན་དགེ་སློང་དག།  གནོད་སེམས་དཔའ་བ་འབྱོང་འགྱུར་ཏེ། ། གང་དག་བྱང་ཆུབ་རྗེས་ཞུགས་པའི། ། དགེ་སློང་རྣམས་ལ་གནོད་བྱེད་འགྱུར། ། ཤིན་ཏུ་མི་བཟད་འགྱུར་བ་དག།  མདོ་སྡེ་ འདི་འདྲ་འདི་དག་སྤོང། ། ཤཀྱ་སེང་གེའི་བསྟན་པ་ལ། ། ཕྱིར་ཞིང་དད་པར་མི་འགྱུར་རོ། ། གཅིག་ལ་གཅིག་ནི་གནོད་པའི་སེམས། ། ཤིན་ཏུ་ཆེན་པོ་བྱེད་པར་འགྱུར། ། གཅིག་ལ་གཅིག་ནི་མི་སྙན་པ།  ཕྱོགས་ཕྱོགས་དག་ཏུ་སྒྲོགས་པར་འགྱུར། ། ཡོད་པ་མ་ཡིན་སྐུར་ འདེངས་ཤིག།  དེ་ལ་དེ་དག་ཁྲེལ་བར་འགྱུར། ། སྡིག་པའི་བཤེས་གཉེན་དཔུང་སྐྱེ་ཞིང། ། དེ་ན་དེས་པ་མཐུ་ཆུང་འགྱུར། ། དམ་ཆོས་མཐུ་ཆུང་བྱས་ནས་སུ། ། སྡིག་པ་ཅན་དག་དཔུང་སྐྱེས་ནས། ། ང་སྲས་ཐུགས་ལས་སྐྱེས་པ་ཡི། ། དགེ་སློང་དེ་དག་འདོད་པར་ འགྱུར། ། ཕྱོགས་གང་དུ་ནི་འདོད་སྙམ་ཞིང། ། གང་དུ་དགེ་བར་འགྱུར་བ་དང། ། སྡིག་པ་རྣམས་ལས་གྲོལ་འགྱུར་ཞེས། ། དེ་ལ་སྙིང་རྗེ་སྐྱེ་བར་འགྱུར། ། དེ་ཕྱིར་དེ་དག་མདོ་སྡེ་འདི། ། དེ་ཡི་ཚེ་ན་ཡིད་ལ་འཛིན། ། མཐའ་འཁོབ་ཏུ་ནི་དགའ་གྱིས་ཤེས།  འཇིག་ རྟེན་མགོན་གྱིས་བཀའ་སྩལ་གྱིས། ། ཚུར་ཤོག་སངས་རྒྱས་བསྔགས་པ་ཡི། ། མཐའ་འཁོབ་དེར་ནི་འདོང་བར་བྱ། ། རྣམ་པར་འཇིག་པའི་དུས་བབ་པ། ། ད་ལྟར་དེས་པ་ཤིན་ཏུ་དཀོན། ། དེ་ན་ཁ་ཅིག་འདི་སྐད་འཛེར། ། གང་དུ་དྲང་སྲོང་ཆེན་པོ་དེས། ། བླ་མེད་བྱང་ ཆུབ་བརྙེས་གྱུར་པ། ། དེར་ནི་མྱུར་འདོད་ཚུར་ཤོག་ཤིག།  དེ་ན་ཁ་ཅིག་འདི་སྐད་འཛེར། ། དེས་པ་འདི་ནི་ལེགས་པར་སྨྲས། ། ཡུལ་རྒྱུ་འབྲས་བུ་ཡོད་དོ་ཞེས། ། འཇིག་རྟེན་མགོན་གྱིས་བཀའ་སྩལ་ཏོ། ། བྱང་ཆུབ་ས་ནི་ཡིད་འོང་བ། ། དེར་འདོང་བ་ནི་ཆེས་སླ་ཡི། །  གནོད་པའི་སེམས་ཀྱིས་འདིར་གཙེས་ནས། ། འཆི་འགྱུར་དེ་ལྟ་མ་ཡིན་ཞེས། ། ང་ཡི་ཕྱིར་ནི་ཡུལ་རྒྱུ་ཞིང། ། དགེ་སློང་དེ་དག་འདོང་བར་འགྱུར། ། སངས་རྒྱས་བཞུགས་བཞུགས་རབ་བཟང་བ། ། གནས་ནི་དེར་ཡང་འདོང་བར་འགྱུར། ། འཆགས་དང་ནི་བཞུགས་དང།   རྡོ་ལེབ་ཤེང་དྲུང་སྟོངས་གྱུར་པ། ། ཡང་དང་ཡང་དུ་ངུ་བར་འགྱུར། ། འདིར་ནི་དྲང་སྲོང་ཆེ་དེ་ཡི། ། འཆངས་ཡོངས་སུ་སྤྱད་པ་སྟེ། ། དེ་ཡི་ཚེ་ན་དེར་བྱུང་བ། ། སངས་རྒྱས་དེ་ནི་མ་མཐོང་ངོ། ། འདིར་ནི་དྲང་སྲོང་ཆེན་པོ་དེས། ། འདུས་བྱས་ ཐམས་ཅད་མི་རྟག་ཅེས། ། ཆོས་ཀྱི་དམ་པ་བསྟན་པ་མཛད། ། དེ་ཡང་བདག་ཅག་དེང་མ་མཐོང། ། མི་དང་མི་མ་ཡིན་རྣམས་དང། ། ལྷ་དང་ཀླུ་རྣམས་ལྷགས་གྱུར་ནས། ། ལེགས་པར་གསུངས་པས་ཚིམ་མཛད་པ། ། དེ་ཡང་བདག་ཅག་སྟོངས་པར་ མཐོང། ། བྱང་ཆུབ་སྙིང་པོ་དམ་པ་མཆོག།  སངས་རྒྱས་ས་དང་ཉེར་དོང་སྟེ། ། དེ་དག་དེར་ནི་ཚོགས་གྱུར་ནས། ། ཚུལ་བཞིན་དུ་ནི་སེམས་པར་འགྱུར། ། འདིར་ནི་འཇིག་རྟེན་མགོན་པོ་དེས། ། བྱང་ཆུབ་བླ་ན་མེད་པ་བརྙེས། ། འདིར་ནི་སྡིགས་ཅན་དཔུང་བཅས་པ། ། ཝ་བཞིན་ ཤིན་ཏུ་སྐྲག་པར་མཛད། ། གང་ན་སངས་རྒྱས་གདན་ཡོད་པ། ། འདི་ནི་ས་ཡི་སྙིང་པོ་སྟེ། ། འདས་དང་གང་དག་འབྱུང་འགྱུར་བ། ། ཀུན་གྱི་གདན་ཡང་འདི་ཡིན་ནོ། ། འདི་ཉིད་དུ་ནི་དཔའ་ཆེན་ལ། ། ལྷ་མང་བྱེ་བས་བསྟི་སྟང་བྱས། ། ཞག་བདུན་སྐྱིལ་མོ་ཀྲུང་གཅིག་གིས། ། ཤིང་ འདི་ལ་གཟིགས་པ་མཛད། ། དེར་ཡང་བསྟི་སྟང་བྱས་ནས་སུ། ། གང་དུ་འཁོར་ལོ་རབ་བསྐོར་ཅིང། ། ཚངས་པའི་འཇིག་རྟེན་གོ་གྱུར་པ། ། ཆོས་བསྟན་པར་ནི་འདོང་པར་འགྱུར། ། དགེ་སློང་དེ་དག་དེར་དོང་ནས། ། ཡང་དང་ཡང་དུ་ངུ་བར་འགྱུར། ། དཔའ་བོ་འདིར་ནི་ གཤེགས་ནས་སུ། ། དེ་ཚེ་ལྔ་སྡེ་བཏུལ་བ་མཛད། ། ལྔ་སྔས་སངས་རྒྱས་མཐོང་ནས་སུ། ། ཡིད་མི་བདེ་བ་སྐྱེས་གྱུར་ཏེ། ། གང་ཡང་ལྡང་བར་མི་བྱེད་ཅེས། ། འོག་ཁྲིམས་དེ་ནི་བཅས་པར་གྱུར། ། སྟོན་པ་ཐུགས་རྗེ་ལྡན་པ་དེས། ། སྲོག་ཆགས་རྣམས་ལ་ཐུགས་རྗེ་མཛད། །  འཆི་མེད་འབྲས་བུ་ཐོབ་འགྱུར་བ།  དགེ་སློང་ལྔ་སྡེ་རྣམས་ལ་གདམས། ། ཆོས་ཀྱི་འཁོར་ལོར་ཕྱག་འཚལ་ཅིང། ། ཡང་དང་ཡང་དུ་དུས་བྱས་ནས། ། གང་དུ་མྱ་ངན་འདས་གྱུར་ཏེ། ། ཐ་མར་སངས་རྒྱས་མཐོང་བར་འདོད། ། སྲོག་ཆགས་ཀུན་ལ་ཕན་པའི་ཕྱིར། ། འདིར་ ནི་འཇིག་རྟེན་མགོན་པོ་ངེས། ། སྐུ་ཡི་ཚིགས་ནི་དབྱེ་བ་མཛད། ། འདིར་ནི་སངས་རྒྱས་མྱ་ངན་འདས། ། ཤཀྱ་སང་གེ་ཐུབ་པ་ཆེ། ། ཀྱེ་མ་སངས་རྒྱས་ཞེས་ཀྱང་འཛེར། ། ཁྱོད་ཀྱི་སྒྲ་ནི་ཐོས་གྱུར་གྱི། ། ཁྱོད་ནི་དེ་རིང་མ་མཐོང་ངོ། ། འདིར་ནི་དྲང་སྲོང་ཆེན་པོ་དེས། ། དགེ་སློང་ རབ་བཟང་ཐ་མ་པ། ། འདི་ནི་ཐ་མ་པར་གྱུར་ཞེས། ། ཡེ་ཤེས་ཀྱིས་ནི་སྡ་ནས་མཁྱེན། ། ཁ་ཅིག་རྣམ་པར་རྒྱུ་ཞིང་འཆི། ། ཁ་ཅིག་ལེགས་པར་གནས་ཤིང་འཆི། ། ཁ་ཅིག་རྒྱུ་བ་བྱས་ནས་འཆི། ། དེ་དག་ཀུན་ཀྱང་བདེ་འགྲོར་འགྲོ། ། དེ་ནས་ཕྱི་མའི་དུས་ཀྱི་ཚེ། ། གང་དག་ཚུལ་ ཁྲིམས་རབ་གནས་པ། ། དེ་དག་གི་ནི་བསྟན་པ་འདི། ། ཤིན་ཏུ་རྒྱ་ཆེན་འགག་པར་འགྱུར། ། དགེ་སློང་གང་དག་ཁྲིམས་འཆལ་བ། ། དེ་དག་ཐམས་ཅད་མཆོད་པར་འགྱུར། ། དད་པས་བྱིན་པ་དེ་སྤྱད་ནས།  མྱུར་དུ་ངན་འགྲོར་འགྲོ་བར་འགྱུར། ། ཕྱི་མའི་དུས་ ནའང་ཤེས་རབ་ཅན། ། མྱུར་དུ་བདེ་འགྲོར་འགྲོ་འགྱུར་བ། ། ཅི་འདྲ་དེ་ཚེ་འབྱུང་འགྱུར་བ། ། དགེ་སློང་རྣམས་ཀྱི་བྱེ་བྲག་ལྟོས། ། དེ་ན་འཇིག་རྟེན་སྣང་བྱེད་པ།  འཇིག་རྟེན་ལ་ནི་སྙིང་བརྩེ་བ། ། བྱང་ཆུབ་སེམས་དཔའ་ཤེས་རབ་ཆེ། ། བྱམས་པའི་སེམས་ཀྱིས་ཕན་བྱེད་ རྣམས། ། དགའ་ཞིང་མགུ་བའི་སེམས་ཀྱིས་ནི། ། དེ་དག་ཞལ་ཏ་བྱེད་པར་འགྱུར། ། བདག་ཅག་སངས་རྒྱས་འགྱུར་བར་བྱ། ། བདག་ཅག་བྱམས་པ་མཉེས་པར་བྱ། ། སྲོག་ཆགས་ཀུན་གྱི་མདུན་དུ་ནི། ། བདག་ཅག་སྟོན་ལ་བསྟི་སྟང་བྱ། ། ཇི་ལྟར་བདག་ཅག་བསམས་ པ་བཞིན། ། ཐམས་ཅད་མཁྱེན་པ་ལུང་སྟོན་འགྱུར། ། མཐུ་བོ་ཆེ་ནི་དེ་དག་གི།  དོན་ཕྱིར་ངས་ནི་བཤད་པར་བྱ། ། དེ་དག་གིས་ནི་མངོན་མཐོང་བཞིན། ། སངས་རྒྱས་དེས་ནི་དེ་དག་གཟིགས། ། ངས་ནི་འདི་དག་དབུགས་དབྱུང་ངོ། ། ང་ཡང་འདི་འདྲར་འགྱུར་བྱ་ཞེས། །  བྱང་ཆུབ་ཡན་ལག་ཡོངས་ཚོལ་ཞིང། ། སངས་རྒྱས་ཀུན་ལ་ཕྱག་འཚལ་ལོ། ། དེ་ན་བུད་མེད་གང་དག་ཀྱང། ། བྱང་ཆུབ་མཆོག་ལ་ཞུགས་གྱུར་པ། ། དེ་དག་ཀུན་ཀྱང་དབུགས་དབྱུང་ངོ། ། དེ་བཞིན་གཤེགས་པ་དཔག་ཏུ་མེད། ། བུད་མེད་མཆན་རྣམས་སྤངས་གྱུར་ནས། ། མྱུར་ དུ་སྐྱེས་པར་རེད་པར་འགྱུར། ། སངས་རྒྱས་བྱམས་པ་དེ་མཐོང་ནས། ། དེ་དག་བསྟི་སྟང་བྱེད་པར་འགྱུར། ། འདུན་པ་དྲག་པོ་བསྐྱེད་བྱས་ལ། ། ཤེས་ཉེན་རྣམས་ནི་བསླབ་བྱས་ན། ། ཡོངས་སུ་ཚོལ་བ་དེ་དག་ཀུན། ། དཀའ་བ་མེད་པར་རྙེད་པར་འགྱུར། ། འདུན་པ་དྲག་ཅིང་ཁྲིམས་ ལྡན་དང། ། མང་དུ་ཐོས་པར་གྱུར་ནས་སུ། ། དེ་ཚེ་སངས་རྒྱས་སྟོན་པ་པོ། ། བྱམས་པས་དེ་དག་ལུང་སྟོན་འགྱུར། ། དེ་བས་དོན་འདི་ཐོས་གྱུར་ནས། ། དད་པ་བཟང་པོ་སྐྱེད་པར་འགྱུར། ། སེམས་ཅན་ཀུན་ལ་ཕན་གདགས་ཕྱིར། ། སེམས་ནི་ བརྟན་པོར་བྱེད་པར་འགྱུར།  འདི་ནི་མི་གང་ཡོངས་ཚོལ་བ། ། གནས་དེ་ཅི་ཕྱིར་རྙེད་མི་འགྱུར། ། གང་ལ་ཤེས་རབ་བརྩོན་འགྲུས་ཡོད། ། དེ་ལ་བྱང་ཆུབ་དཀོན་པ་མེད། ། དགའ་ཞིང་མགུ་བའི་སེམས་ཀྱིས་ནི། ། གཡོ་དང་ལྡན་པར་ཡོང་མི་བྱ། ། བྱམས་པའི་ སེམས་ནི་བསྒོམ་པར་བྱ། ། བས་མཐའ་དགོན་པར་གནས་པར་བྱ། ། འདི་ནི་བྱང་ཆུབ་སྤྱོད་པ་ཡིན། ། གང་དག་འདི་ལ་གསོག་ཆོས་ཀྱིས། ། གནས་འདིར་རབ་ཏུ་རྗོད་བྱེད་པ། ། དེ་དག་ཆོམ་རྐུན་དྲག་པོ་ཆེ། ། སེམས་ཅན་ཀུན་གྱིས་ཕྱག་བྱས་སོ། ། གང་དག་བཟའ་ དང་བཏུང་བ་དང། ། རྙེད་དང་བཀུར་སྟིའི་དོན་གྱི་ཕྱིར། ། ཆོས་རྣམས་འཐུན་པར་བཟུང་བྱས་ནས། ། ཕན་ཚུན་དུ་ནི་འཆད་པར་འགྱུར། ། དེ་དག་སྲོག་ནི་མཆོག་མིན་ཏེ། ། དེ་དག་སྲོག་ནི་དོན་མེད་དོ། ། དེ་ནི་འཆི་ཞིང་ཕོངས་པར་འགྱུར། ། དེས་ནི་ངན་སོང་མྱུར་དུ་འགྱུར། ། ཆོས་ ཀྱི་སྒོ་ནས་ཁ་ཅིག་ནི། ། དགེ་སློང་མིན་ལ་དགེ་སློང་མིང། ། སོ་སོར་ཐར་པ་ལེགས་གསུང་དང། ། མདོ་སྡེ་བསྔགས་མིན་བྲྗོད་པར་འགྱུར། ། གང་དུ་རང་ཁྲིམས་ཕུན་སུམ་ཚོགས། ། འདི་འདྲ་བ་དག་ངས་བཤད་པ།  དགེ་སློང་གཟུགས་ཀྱིས་སྤོང་འགྱུར་ཏེ། ། དེ་དག་ལ་ནི་བཟང་འགྲོ་ མེད། ། གང་ཞིག་ལྟར་བཅས་འཇིག་རྟེན་ལ། ། དེ་སྙེད་སྐུར་པ་བཏབ་པ་བས། ། གང་གིས་ཀུན་མཁྱེན་སྟོན་པ་ལ། ། སྐུར་བཏབ་དེ་ནི་དེ་བས་མང། ། ལུས་ཀྱིས་ཀུན་ཏུ་བསྡམ་པར་བྱ། ། ངག་གིས་ཡང་དག་བསྡམ་པར་བྱ། ། ཡིད་ཀྱིས་སྡང་བར་མི་བསམ་སྟེ། ། དེ་ཚེ་མྱ་ངན་འདས་པར་ གྱིས། ། འོད་སྲུང་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ཤིང་སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་པའི་དགེ་སློང་རྣམས་ཀྱང་ཡོངས་སུ་མྱ་ངན་ལས་འདས་ལ།  ལྷག་པའི་བསམ་པ་ཕུན་སུམ་ཚོགས་པའི་སེམས་ཅན་རྣམས་ཀྱང་འཆི་བའི་དུས་བྱས་ཏེ་ཟད་པར་གྱུར་པ་འབྱུང་ བའི་དུས་ད་ཡོད་དེ། ། དམ་པའི་ཆོས་ཕྱི་མ་ལོ་ལྔ་བརྒྱ་པ་ཐ་མར་གྱུར་པ་ན་དགེ་སློང་བརྐམ་པ། ། ཆགས་པས་ཟིལ་གྱིས་ནོན་པ། ། ཆགས་པ་ཡང་བས་ཟིལ་གྱིས་ནོན་པ། ། ཕྲ་མ་ཅན། ། གཏུམ་པ། ། བྲླང་བ། ། རྩུབ་པ། ། ཁྲོ་གཉེར་མང་བ། ། ཆོས་གསུམ་ལ་གནས་པ་དག་འབྱུང་སྟེ། ། གསུམ་ གང་ཞེ་ན། ། དམན་པའི་ཐ་སྙད་ལ་གནས་པ་དང། ། ཉོན་ཚོང་གི་སྤྱོད་པ་ལ་གནས་པ་དང། ། བུད་མེད་དང་འདྲེ་ཞིང་གནས་པ་སྟེ། ། ཆོས་གསུམ་པོ་དེ་དག་ལ་གནས་པར་འགྱུར་རོ། ། ཆོས་བཞི་ལས་ཡོངས་སུ་ཉམས་པར་འགྱུར་ཏེ། ། བཞི་གང་ཞེ་ན། ། ཚུལ་ཁྲིམས་ཀྱི་ཕུང་པོ་ལས་ཡོངས་སུ་ཉམས་པར་ འགྱུར་བ་དང། ། བཟང་འགྲོར་འགྲོ་བ་ལས་ཡོངས་སུ་ཉམས་པར་འགྱུར་པ་དང། ། འབྲས་བུ་ཐོབ་པ་ལས་ཡོངས་སུ་ཉམས་པར་འགྱུར་བ་དང། ། སངས་རྒྱས་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་བལྟ་བ་ལས་ཡོངས་སུ་ཉམས་པར་འགྱུར་བའོ། ། ཆོས་བཞི་པོ་དེ་དག་དང་ལྡན་པ་དེ་རྣམས་ལ་སྐྱོ་བར་ བྱེད་པའི་ཆོས་བཞི་ཤིན་ཏུ་ཤས་ཆེ་བར་འགྱུར་ཏེ། ། བཞི་གང་ཞེ་ན། ། དེ་དག་ལ་ཕྲག་དོག་ཤིན་ཏུ་ཤས་ཆེ་བར་འགྱུར་བ་དང།  དེ་དག་ལ་ཁྲོ་བ་ཤིན་ཏུ་ཤས་ཆེ་བར་འགྱུར་བ་དང། ། དེ་དག་ལ་ཁྱིམ་ལ་ལྷག་པར་ཆགས་པ་ཤིན་ཏུ་ཤས་ཆེ་བར་འགྱུར་བ་དང། ། བདག་ཀྱང་ཡོངས་སུ་སྤངས་ཏེ་བརྐམ་ པས་ཟས་སོགས་པའི་གནས་ཀྱི་བུམ་པར་འཇོག་པར་འགྱུར་ཏེ། ། དེ་དག་ཆོས་གོས་ལ་ཞེན་ནས་ཆགས་པས་ཟིལ་གྱིས་ནོན་ནས་ཟ་མ་ཏོག་ལྟ་བུའི་ཆོས་མང་དུ་ཀུན་ཏུ་སྤྱོད་པར་འགྱུར། ། ཟ་མ་ཏོག་ལྟ་བུའི་ཆོས་ཡང་དག་པར་བླངས་ནས་གནས་པར་འགྱུར། ། གསོག་དག་ཡ་མ་བྲླར་ འགྱུར་ཏེ། ། དེ་དག་ལ་དགེ་སྦྱོང་གི་ཆོས་གནས་པར་མི་འགྱུར་རོ། ། ཆོས་འདི་ལྟ་བུ་འདི་དག་ཐོས་ནས་གནས་བཞི་ལྷག་པར་ཡོངས་སུ་ཚོལ་བར་འགྱུར་ཏེ། ། བཞི་གང་ཞེ་ན། ། ཆོས་སྤོང་བ་ལྷག་པར་ཡོངས་སུ་ཚོལ་བར་འགྱུར་བ་དང། ། མ་གནང་བ་སྨྲ་བར་འགྱུར་བ་དང། །  བུད་མེད་འབའ་ཞིང་འཁོད་པ་ལ་ཆོས་འཆད་པར་འགྱུར་བ་དང། ། དེ་དག་དེ་ལྟ་བུ་བྱེད་ཅིང་སོ་སོར་ཐར་པ་སྤོང་བ་ལྷག་པར་ཡོངས་སུ་ཚོལ་བར་འགྱུར་བ་སྟེ། ། དེ་དག་མདོ་སྡེ་འདི་ལྟ་བུ་འདི་དག་ཐོས་ནས། ། དེ་བས་ཀྱང་ཆེར་ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་བྱེད་པར་ འགྱུར་རོ། ། འོད་སྲུང་འདི་ལྟ་སྟེ། ། དཔེར་ན་ཁྱི་ཁྲོ་བའི་སྣར་མཁྲིས་པས་བསྐུས་ན་འོད་སྲུང་འདི་ཇི་སྙམ་དུ་སེམས། ། ཁྱི་དེ་དེ་བས་ཀྱང་ཆེར་ཤིན་ཏུ་ཁྲོ་བར་འགྱུར་རམ། ། གསོལ་པ། ། བཅོམ་ལྡན་འདས་དེ་དེ་ལྟ་ལགས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། ། འོད་སྲུང་དེ་བཞིན་དུ་སྐྱེས་བུ་དམ་པ་མ་ཡིན་པ་ཁྱི་དང་འདྲ་བ་འདྲེ་དང་འདྲ་བ་དེ་དག་འབྱུང་བར་འགྱུར་ཏེ། ། དགེ་སློང་མདོ་སྡེ་པ་བསམ་པའི་གཞི་ལ་གནས་པ།  ཆོས་འདི་ལྟ་བུ་འཛིན་པ།  ཆོས་འདི་ལྟ་བུ་སྟོན་པ་དག་གིས་དེ་དག་ཡང་དག་པར་འདོད་པ་ཆུང་བ་ལ་བཀོད་ཅིང་ འདོད་པ་ཆུང་བའི་བསྔགས་པ་སྨྲར་བཅུག་ན་དེ་དག་གིས་ཐོས་ནས་མི་དགའ་བར་འགྱུར། ། སྒྱིད་ལུག་པར་ཡང་འགྱུར། ། ཞུམ་པར་འགྱུར། ། ཡོངས་སུ་གདུང་བར་འགྱུར། ། ཁྲོ་བས་ཟིལ་གྱིས་ནོན་པར་འགྱུར་ཏེ། ། བདག་ཅག་དུས་མ་ཡིན་པ་དང། ། ཕྱོགས་མ་ཡིན་པར་བཀོད་ དོ། ། བདག་ཅག་དུས་མ་ཡིན་པར་བཀོད་པར་གྱུར་པ་ལས་སོ་སོར་རྗེས་སུ་སྦྱོར་བ་བྱས་ཏེ་ཅི་བྱེད་པ་བྱེད་པ་འགྱུར་ཞེས་སྨྲ་བར་འགྱུར། ། མདོ་སྡེ་འདི་ལྟ་བུ་འདི་དག་ཐོས་ནས་སྤོང་བར་འགྱུར། ། རལ་གྲིའི་སོ་དང། ། མདུང་ཐུག་ལྟ་བུའི་ཁྲོ་བ་རིག་པར་འགྱུར། ། དེ་དག་འདོད་པ་ ཆུ་བའི་བསྔགས་པ་མི་སྨྲ་བས་འདི་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་ནོ་ཞེས་ཚིག་ཏུ་སྨྲ་བར་འགྱུར་ཏེ། ། དེ་དག་འདོད་པ་ཆུང་བ་མ་ཡིན་ཞིང་འདོད་པ་ཆེ་བ་ཡོངས་སུ་འཛིན་ཏོ། ། འོད་སྲུང་ངས་ནི་རྣམ་གྲངས་དུ་མས་འདོད་པ་ཆུང་བའི་བསྔགས་པ་གསུངས་ཏེ། ། འཚོ་བ་ ཡོངས་སུ་དག་པས་ཆོ་ག་ཤེས་པ་དང།  གསོ་སླ་བ་དང། ། དགང་སླ་བ་དང། ། ཡོ་བྱད་བསྙུངས་པ་དང། ། སྦྱངས་པའི་ཡོན་ཏན་དང། ། མཛེས་པ་དང།  དགོན་པ་ལ་གནས་པ་དང།  བརྩོན་འགྲུས་བརྩམས་པའི་བསྔགས་པ་གསུངས་སོ། ། ཁྱེད་ཟ་མ་ཏོག་ལྟ་བུའི་ཆོས་ལ་ཀུན་ ཏུ་སྤྱོད་པ་མང་བར་མ་བྱེད་ཅིག།  དེ་ཅིའི་ཕྱིར་ཞེ་ན།  ཆོས་འདི་དག་ནི་སྙིང་སྟོབས་སྐྱེད་པ་ཡིན་པའི་ཕྱིར་ཏེ་ཁྱོད་གཡོ་མ་བྱེད་ཅིག།  ཆོས་འདི་དག་ནི་སྙིང་སྟོབས་སྐྱེད་པ་ཡིན་གྱིས་ཁྱེད་ཁྲོ་བ་ལ་གདུ་བར་མ་བྱེད་ཅིག།  ཁྱེད་དངོས་པོ་ལེན་པར་མ་བྱེད་ཅིག།  ཁྱེད་དངོས་པོ་མེད་པར་ གྱིས་ཤིག།  ཁྱེད་མཚན་མའི་འདུ་ཤེས་མ་བྱེད་ཅིག།  ཁྱེད་གནས་མེད་པ་དང་འདྲིས་པ་མེད་པར་གྱིས་ཤིག།  ཁྱེད་བ་ལང་དང་བོང་བུ་སྡུང་པར་མ་བྱེད་ཅིག།  ཁྱེད་ལེ་ལོའི་གནས་རྣམས་དང་ལྡན་པར་མ་བྱེད་ཅིག།  ཁྱེད་མི་དགེ་བའི་ཆོས་སྤང་བ་དང། ། དགེ་བའི་ཆོས་བསྒྲུབ་ པའི་ཕྱིར་བརྩོན་འགྲུས་རྩོམས་ཤིག།  འོད་སྲུང་ངས་ནི་རྣམ་གྲངས་དུ་མས་དབེན་པ་བསྔགས་ཏེ། ། དགོན་པ་ལ་གནས་པ་དང། ། འདུ་འཛི་མེད་པ་བསྔགས་སོ། ། དེ་ལ་ཡོ་བྱད་མ་བསྙུངས་པ་ལ་གནས་པ།  འདོད་པ་ཆེ་བ། ། སྡིག་པ་འདོད་པ། ། ཡོ་བྱད་མ་བསྙུངས་པའི་ཚུལ་ལ་ གནས་པ་དག་གིས་ཡོ་བྱད་བསྙུངས་པ་ལ་གནས་པ་འདི་ལྟ་བུ་འདི་དག་སྤོང་བར་འགྱུར་རོ། ། འོད་སྲུང་འདི་ལྟ་སྟེ། ། དཔེར་ན་དབྱར་ཟླ་འབྲིང་པོ་ལ་མི་ཞིག་མར་འཐུངས་ལ་དེ་ཡང་ཤེས་རབ་འཆལ་བའི་རང་བཞིན་ཅན་ཞིག་པས་སྐོམ་ནས་ཆུ་ཚོལ་ཏེ། ། དེས་མི་ཞིག་ལ་ཆུ་བསླངས་པ་དང།   དེས་འདི་སྐད་དུ་ཀྱེ་མི་ཁྱོད་མར་འཐུངས་ཀྱིས་ཆུ་འདོད་པར་མ་བྱེད་ཅིག།  ཤི་བར་གྱུར་ཏ་རེ་ཞེས་སྨྲས་པ་དང།  དེ་ཁྲོ་བས་ཟིལ་གྱིས་ནོན་ནས་མི་དེ་ལ་མི་སྙན་པ་བྲྗོད་ཅིང་གཤེ་ལ་དེའི་ཚིག་མ་མཉན་ཏེ། ། དེས་ཆུ་འཐུངས་ནས་འཆི་བའི་དུས་བྱེད་པ་དེ་བཞིན་དུ་འོད་སྲུང་གང་དག་དམིགས་ པ་ཅན་གྱི་རང་བཞིན་ཅན་བརྐམ་པ་ཡོན་ཏན་མ་ཡིན་པ་ལ་གནས་པའི་དགེ་སློང་དག་འབྱུང་བར་འགྱུར་ཏེ། ། དེ་དག་ལ་ཆོས་འདི་ལྟ་བུ་འཛིན་པའི་དགེ་སློང་དག་གིས་འདི་ནི་བྱ་བའོ། ། འདི་ནི་བྱ་བ་མ་ཡིན་པའོ་ཞེས་བསྐུལ་ན་དེ་དག་ཁྲོ་བས་ཟིལ་གྱིས་ནོན་ནས་མི་སྙན་པ་བྲྗོད་པར་འགྱུར། །  གཤེ་བར་འགྱུར་ཏེ། ། མདོ་སྡེ་འདི་ལྟ་བུ་འདི་དག་དང།  དེ་བཞིན་གཤེགས་པའི་གདམས་པ་དང།  རྗེས་སུ་བསྟན་པ་སྤོང་བར་འགྱུར་རོ། ། འོད་སྲུང་དེ་ལྟ་བས་ན་ད་ལྟར་ཕལ་ཆེར་དེ་བཞིན་གཤེགས་པ་དང་རྩོད་དོ། ། འོད་སྲུང་དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་ལ་བསླབ་ པའི་གཞི་འཆའ་ཞིང་སྟན་གཅིག་པར་ཟ་བར་བསྔགས་པ་ན་དགེ་སློང་བཟང་སྐྱོང་ཁྲོ་བས་ཟིལ་གྱིས་ནོན་ནས་ཟླ་བ་གསུམ་ན་ངའི་གན་དུ་འོངས་པ་ལ་ལྟོས། ། འོད་སྲུང་ཚངས་པར་སྤྱོད་པའི་སྙིང་པོ་མཆོག་འདི་ཉིད་ལ་གནས་སྐབས་འདི་ལྟ་བུ་འདི་བྱུང་ན་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ ལས་འདས་ནས་ལྟ་ཅི་སྨོས། ། དགེ་སློང་ཟང་ཟིང་ལ་ཆགས་པ། ། ལྷུང་བཟེད་ལ་ཆགས་པ། ། ཆོས་གོས་ལ་ཆགས་པ།  ན་བའི་གསོས་སྨན་དང་ཡོ་བྱད་ལ་ཆགས་པ། ། རྨུགས་པ་དང་གཉིད་ཀྱི་དབང་དུ་སོང་བ་དང།  གནོད་སེམས་ལ་དཔའ་བའི་དགེ་སློང་རྣམས་མདོ་སྡེ་འདི་ ལྟ་བུ་འདི་དག་ཐོས་ན་དེ་བཞིན་གཤེགས་པ་ལ་ཡང་བསྟི་སྟང་མེད་པར་གྱུར་ན། ། དགེ་སློང་གང་དག་བྱ་བ་ལ་གནས་པ་རྣམས་ལ་ལྟ་ཅི་སྨོས། ། འོད་སྲུང་གང་ཆོས་རིན་པོ་ཆེ་འདི་ལྟ་བུ་འདི་ནུབ་པར་འགྱུར་བ་ནི་མ་ལེགས་པའོ། ། ཤིན་ཏུ་མ་ལེགས་པའོ། ། དེ་ལ་རིགས་ཀྱི་བུའམ།   རིགས་ཀྱི་བུ་མོ་དོན་འདོད་པ་དད་པས་ཕྱི་མའི་དུས། ། སྙིགས་མའི་དུས། ། ཤིན་ཏུ་འཆབ་པའི་དུས། ། རིགས་ཀྱི་བུ་མུ་གེ་བྱུང་བའི་དུས་དེ་ན་ངའི་བསྟན་པ་ལ་མདོ་སྡེ་ཟབ་མོ་འདི་ལྟ་བུ་འདི་དག་ཐོས་ནས་རིགས་པ་དང་ལྡན་པ་རྣམས་ལ་བྲྗོད་པར་བྱའི་རིགས་པ་དང་མི་ལྡན་པ་རྣམས་ལ་ནི་ མ་ཡིན་ནོ། ། དད་པ་རྣམས་ལ་བྲྗོད་པར་བྱའི་མ་དད་པ་རྣམས་ལ་ནི་མ་ཡིན་ནོ། ། འོད་སྲུང་ང་ཡང་ད་ལྟར་རིགས་པ་དང་ལྡན་པ་རྣམས་ལ་སྨྲའི་རིགས་པ་དང་མི་ལྡན་པ་རྣམས་ལ་ནི་མ་ཡིན་ནོ། ། དད་པ་རྣམས་ལ་སྨྲའི་མ་དད་པ་རྣམས་ལ་ནི་མ་ཡིན་ནོ། ། འོད་སྲུང་རྟ་དམུ་རྒོད་ནི་རྟ་ཅང་ ཤེས་ཀྱི་གོ་ཆ་མི་ལེན་ཏོ། ། ལེན་ན་ཡང་དེ་ལ་དེ་ཡིད་མི་དགའ་བར་འགྱུར་ནང་དུང་དང། ། འཁར་རྔ་དང། ། རྔ་བོ་ཆེ་དང།  རྫ་རྔའི་སྒྲ་བཟོད་པ་ལྟ་ཅི་སྨོས་ཏེ་དེ་ནི་གནས་མེད་དོ། ། འོད་སྲུང་དེ་བཞིན་དུ་དགེ་སློང་ཚུལ་ཁྲིམས་འཆལ་པ་ཡང་སྐྱེས་བུ་དམ་པའི་ཆོས་ལ་ནམ་ཡང་བཟོད་པར་མི་ འགྱུར་རོ། ། འོད་སྲུང་འདི་ལྟ་སྟེ། ། དཔེར་ན་རྟ་དམུ་རྒོད་དེ་ནི་འདྲོག་པར་འགྱུར་རོ། ། འོད་སྲུང་དེ་བཞིན་དུ་དགེ་སློང་ཚུལ་ཁྲིམས་འཆལ་པ་ཡང་ཐ་ན་ཆོས་ཐམས་ཅད་ནི་བདག་མེད་པའོ་ཞེས་ཚིག་གཅིག་སྨྲས་ན། ། དེ་ལ་བདག་གི་འདུ་ཤེས་ཅན་འཇིགས་པར་འགྱུར། ། སྐྲག་པར་འགྱུར།   རྩོད་པར་འགྱུར་ན་ཉེ་བར་བསྟན་པ་ན་ལྟ་ཅི་སྨོས། ། གོ་ཆ་བགོས་ནས་བདུད་ཀྱི་སྡེ་བྱེ་བ་ཕྲག་བརྒྱ་ཕམ་པར་བྱ།  ཇི་ལྟར་ཤིན་ཏུ་རྩོད་པར་མི་འགྱུར་བ་དེ་ལྟར་ཕ་རོལ་ཕམ་པར་བྱའོ། ། དེ་དག་གི་གོ་ཆ་དེ་ནི་མི་ཤིགས་པའི་རྩ་བ་དང། ། སྦྱངས་པའི་ཡོན་ཏན་དང་ཡོ་བྱད་བསྙུངས་པའི་རྩ་བ་དང། །  མ་ཆགས་པའི་རྩ་བ་དང། ། ཞེ་སྡང་མེད་པའི་རྩ་བ་དང། ། གཏི་མུག་མེད་པའི་རྩ་བ་དང།  འདོད་པ་སྤོང་བའི་རྩ་བ་དང། ། གཅིག་པུར་གནས་པའི་རྩ་བ་དང། ། མི་ཉལ་བའི་རྩ་བའོ། ། ཐམས་ཅད་ཀྱི་ཐམས་ཅད་དུ་གནོད་སེམས་ཀྱི་སེམས་བསྐྱེད་པར་ མི་བྱ། ། ཐམས་ཅད་ཀྱི་ཐམས་ཅད་དུ་འདོད་ཆགས་ཀྱི་སེམས་བསྐྱེད་པར་མི་བྱ། ། གང་དུ་ཡང་རེ་བར་མི་བྱའོ། ། གོ་ཆ་དེ་ནི་རེ་བ་མེད་པའི་རྩ་བ་ཞེས་བྱ་སྟེ། ། གོ་ཆ་དེ་ལྟ་བུ་བགོས་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱ། ། གང་ལ་ཡང་མངོན་པར་ཞེན་པ་མེད་པར་བྱའོ། ། བདག་ ཏུ་འདུ་ཤེས་བསྐྱེད་པར་མི་བྱ་སྟེ། ། སེམས་ཅན་དུ་འདུ་ཤེས་མི་བསྐྱེད། ། སྲོག་ཏུ་འདུ་ཤེས་མི་བསྐྱེད། ། གང་ཟག་ཏུ་འདུ་ཤེས་མི་བསྐྱེད། ། བུད་མེད་དུ་འདུ་ཤེས་མི་བསྐྱེད། ། སྐྱེས་པར་འདུ་ཤེས་མི་བསྐྱེད། ། སའི་ཁམས་སུ་འདུ་ཤེས་མི་བསྐྱེད། ། ཆུའི་ཁམས་སུ་འདུ་ཤེས་མི་ བསྐྱེད།  མེའི་ཁམས་སུ་འདུ་ཤེས་མི་བསྐྱེད། ། རླུང་གི་ཁམས་སུ་འདུ་ཤེས་མི་བསྐྱེད། ། འདོད་པའི་ཁམས་སུ་འདུ་ཤེས་མི་བསྐྱེད། ། གཟུགས་ཀྱི་ཁམས་སུ་འདུ་ཤེས་མི་བསྐྱེད། ། གཟུགས་མེད་པའི་ཁམས་སུ་འདུ་ཤེས་མི་བསྐྱེད། ། ཚུལ་ཁྲིམས་སུ་འདུ་ཤེས་མི་བསྐྱེད། །  འཆལ་པའི་ཚུལ་ཁྲིམས་སུ་འདུ་ཤེས་མི་བསྐྱེད་ཅིང་སྟོང་པ་ཉིད་དུ་འདུ་ཤེས་བསྐྱེད་པར་མི་བྱ། ། ཐམས་ཅད་ལ་འདུ་ཤེས་བསྐྱེད་པར་མི་བྱ་སྟེ། ། ཐ་ན་མྱ་ངན་ལས་འདས་པའི་འདུ་ཤེས་ཀྱང་བསྐྱེད་པར་མི་བྱ་ན་བདག་ཏུ་འདུ་ཤེས་བསྐྱེད་པར་ལྟ་ཅི་སྨོས། ། ཅིའི་ཕྱིར་འདུ་ཤེས་བསྐྱེད་པར་མི་ བྱ་ཞེ་ན། ། འདི་ལ་འདུ་ཤེས་དེ་གང་ཡང་མི་དམིགས་པའི་ཕྱིར་རོ། ། འོད་སྲུང་གལ་ཏེ་འདོད་ཆགས་ཡང་དག་པ་ཡིན་དུ་ཟིན་ན་དེའི་འཕོ་བ་དང།  འགོག་པ་ཀུན་ཏུ་ཤེས་པར་མི་འགྱུར་རོ། ། འོད་སྲུང་འདི་ལྟར་འདོད་ཆགས་ནི་ཡུལ་ལ་གནས་པ་དང། ། ཕྱོགས་ན་གནས་པར་མི་དམིགས་ཏེ།   བརྫུན་དུ་སྨྲ་བ་ནི་མ་གཏོགས་སོ། ། དེ་ལྟ་བས་ན་དེ་བཞིན་གཤེགས་པ་ནི་ཡང་དག་པ་གསུང་པ་སྟེ།  ཡང་དག་པ་ཇི་ལྟ་བ་བཞིན་དུ་གསུང་ངོ། ། འདོད་ཆགས་གང་ཡིན་པ་དེ་ནི་བདག་མ་ཡིན་ཏེ། ། དེ་ལྟ་བུའི་ཆོས་དེ་དག་ནི་དགེ་སྦྱོང་གི་ཆོས་རྣམས་སོ། ། དེ་ལ་གང་ན་མི་དམིགས་པ་དེ དག་ནི་དགེ་སྦྱོང་གི་ཆོས་ཡིན་ནོ། ། གང་དག་གིས་འདུ་ཤེས་དེ་བཟུང་ན་དེ་དག་གིས་རི་རབ་དང་མཉམ་པའི་གང་ཟག་ཏུ་འདུ་ཤེས་བཟུང་པར་འགྱུར་ཏེ། ། དེ་དག་ནི་བསྟན་པ་འཕགས་པ་འདི་ལས་ཉམ་པ་སྟེ། ། དེ་དག་གིས་དགེ་སྦྱོང་གི་ཆོས་དེ་དག་ཅི་ཡང་མ་བསྐྱེད་ ཅིང་དེ་དག་དགེ་སྦྱོང་གི་ཆོས་ལ་གནས་པ་མ་ཡིན་ཏེ་རགས་པ་ལྷུར་ལེན་པའོ། ། དེས་ན་སྐྱེས་བུ་གཏི་མུག་པ་གཏི་མུག་གིས་རྒས་པ་དེ་དག་ལ་སུས་ཀྱང་ཅི་ཡང་བྲྗོད་པར་མི་བྱའོ། ། དེ་ཅིའི་ཕྱིར་ཞེ་ན། ། འདི་ལྟར་དེ་དག་གིས་ཅི་ཡང་བཟུང་སྟེ། ། དེས་ན་སེམས་ཅན་དམྱལ་བ་ཆེན་པོ་ མི་བཟད་པར་བསྐལ་པར་གནས་པར་འགྱུར་བའི་སྐབས་ཡོངས་སུ་གཟུང་བའི་ཕྱིར་རོ། ། འོད་སྲུང་དགེ་སློང་ཀོ་ཀ་ལི་ཀ་དང།  དགེ་སློང་ལྷས་བྱིན་དང། ། དགེ་སློང་ཁ་ན་ཌ་དྲ་བ་བྱ་དང།  དགེ་སློང་རྒྱ་མཚོས་བྱིན་ལ་ལྟོས། ། འོད་སྲུང་དགེ་སློང་རྟ་ཐུལ་དང།   ནབ་སོ་ལ་ལྟོས། ། འོད་སྲུང་དགེ་སློང་སྐར་བཟངས་ངའི་གཡོག་བྱེད་དེ་ངའི་མདུན་ན་སྨྲ་ཞིང་འཆག་པ་དང་འདུག་པ་ལ་ཡང་ལྟ། ། རྫུ་འཕྲུལ་གྱི་སྟོབས་ཀྱིས་སྟེང་གི་བར་སྣང་བ་ལ་འཆག་པ་ལ་ཡང་ལྟ། ། ཆོས་དང་འཐུན་པས་མུ་སྟེགས་ཅན་སྟོང་ཚར་གཅོད་པལ་ཡང་ལྟ་ལ། ། དེ་ང་ལ་དད་པར་ མི་བྱེད་ཅིང་ཚིག་རེ་རེ་ལ་ཡང་འཐུན་པར་བྱེད་པ་ལ་ལྟོས། ། གང་ཚིག་རེ་རེ་ལ་ཡང་འཐུན་པར་མི་བྱེད་པ་དེ་ནི་ངན་པར་འགྲོ་བར་འགྱུར་རོ། ། ཀྱེ་ཡང་སངས་རྒྱས་ཡང་དག་པའོ་ཞེས་ཚིག་ཏུ་སྨྲ་བར་འགྱུར་བ་དེ་ལ་ནི་ཙན་དན་གྱི་ཕུར་མ་རི་རབ་ཙམ་གྱིས་གཏོར་བར་བྱ་མངོན་པར་གཏོར་བར་བྱའོ། །  སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ཚད་ཙམ་གྱི་གདུགས་བྱས་ཏེ་སྟེང་གི་བར་སྣང་ལ་གཟུང་བར་བྱའོ། ། དེ་ཅིའི་ཕྱིར་ཞེ་ན། ། འོད་སྲུང་འདི་ལྟར་སངས་རྒྱས་ཀྱི་སྒྲ་ཡང་དག་པ་ལ་ཡང་ཡིད་ཆེས་པར་དཀའ་ན་གང་དད་པར་གྱུར་ནས་དད་པས་རབ་ཏུ་འབྱུང་བ་དང།  འདོད་ པའི་ཡོན་ཏན་སྤངས་ནས་ཅི་ལ་ཡང་མི་གནས་པར་བསམ་གཏན་བྱེད་པར་འགྱུར་བ་ལྟ་ཅི་སྨོས། ། འོད་སྲུང་སེམས་ཅན་གང་དག་འདི་ལ་བཟོད་ཅིང་ཇི་ལྟར་བཅས་པའི་བསླབ་པ་ལ་སློབ་པ་དང། ། ཆོས་བདུད་རྩི་དེ་ཡང་རྟོགས་པ་དེ་དག་ནི་མཆོག་ཏུ་ངོ་མཚར་ཆེའོ། ། འོད་སྲུང་འདི་ལྟ་སྟེ། །  དཔེར་ན་འདུས་པ་ཆེན་པོར་གྱུར་པའི་ནང་ན་ལྤགས་པའི་རྔ་སྒྲ་བྱུང་རྒྱལ་དུ་འབྱུང་བ། ། ལེགས་པར་བྱས་པ། ། བྲྗོད་པ་བཞིན་དུ་བྱེད་པ། ། སྦྱིན་པ་སྦྱིན་པ། ། རྣམ་པར་བཀྲ་བ་དག་ཅིག་ཡོད་ལ་མི་ཞིག་གིས་དེ་མགོ་ལ་མི་ལྷུང་བར་བྱས་ཏེ་ཆེར་སྒྲུབ་པའོ་ཞེས་སྨྲ་ཞིང་གོས་དག་གིས་དཀྲིས་ཏེ་ཁྱེར་ བ་ལས།  འོད་སྲུང་བལྟས་ན་སྦྱིན་པ་ཅི་ཡང་སྦྱིན་པར་མ་གྱུར་ནས་ཀྱེ་ཡང་ཡོད་པ་མ་ཡིན་པར་མཐོང་སྟེ། ། འདོར་བར་བྱེད་པ་དེ་བཞིན་དུ་འོད་སྲུང་དེ་བཞིན་གཤེགས་པའི་དཔལ་གྱིས་སྦྱིན་པ་ཅི་ཡང་སྦྱིན་པར་མ་མཐོང་ལ།  ཀྱེ་ཡང་ཡོད་པ་མ་ཡིན་པར་མཐོང་ནས་འདོར་བར་འགྱུར་རོ། །  འོད་སྲུང་བདག་ཏུ་འདུ་ཤེས་པ་ལས་འདོད་ཆགས་འབྱུང་ངོ། ། གཞན་དུ་འདུ་ཤེས་པ་ལས་འདོད་ཆགས་འབྱུང་ངོ། ། འོད་སྲུང་སུ་བདག་གི་འདུ་ཤེས་ཡོངས་སུ་ཤེས་པ་དེ་ནི་འོད་སྲུང་མདོ་སྡེ་འདི་ལྟ་བུ་འདི་དག་ཐོས་ནས་མི་འཁྲུག་གོ།  དེ་ཅིའི་ཕྱིར་ཞེ་ན། ། མི་འཐུན་པ་ལས་གཤེ་ བར་འགྱུར་བའི་ཕྱིར་རོ། ། དེ་ལྟ་བས་ན་ཆོས་འདི་ལྟ་བུ་འདི་དག་ཐོས་ནས་དེ་བས་ཀྱང་ཤས་ཆེར་ཡིད་འབྱུང་བའི་སེམས་འཐོབ་བོ། ། གང་དག་གིས་ཤིན་ཏུ་བཟུང་བ་དེ་དག་ནི་ལོག་པར་ལྟ་བའོ། ། གང་དག་ལོག་པར་ལྟ་བ་དེ་དག་ནི་ཡང་དག་པ་འདི་ལྟ་བུས་བསྐུལ་ན་འཁྲུག་གོ། ། དེ་ཅིའི་ ཕྱིར་ཞེ་ན།  འོད་སྲུང་བདག་ཏུ་འདུ་ཤེས་པ་ནི་འཁྲུག་པར་འགྱུར་བའི་ཕྱིར་རོ། ། འོད་སྲུང་དགེ་སློང་ངམ། ། དགེ་སློང་མ་འམ། ། དགེ་བསྙེན་ནམ། ། དགེ་བསྙེན་མ་གང་ཞིག་ཆོས་འདི་ལྟ་བུ་འདི་དག་ཐོས་ནས་འཁྲུག་གམ།  གནོད་སེམས་སྐྱེད་དམ།  སྤོང་བར་བྱེད་ན་དེ་དག་ནི་དགེ་ སྦྱོང་ཞེས་བྱ་ཡང་དགེ་སྦྱོང་གི་ཐ་སྙད་བོར་བ་སྡེ། ། དེ་དག་ནི་ངའི་ཉན་ཐོས་མ་ཡིན་ལ་ང་ཡང་དེ་དག་གི་སྟོན་པ་མ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། ། འོད་སྲུང་བརྫུན་དུ་སྨྲ་བ་དག་ནི་ངའི་ཉན་ཐོས་མ་ཡིན་ལ་ང་ཡང་བརྫུན་དུ་སྨྲ་བ་དག་གི་སྟོན་པ་མ་ཡིན་པའི་ཕྱིར་རོ། ། དེ་ཅིའི་ཕྱིར་ཞེ་ན། ། དེ་ བཞིན་གཤེགས་པ་ནི་ཡང་དག་པར་གསུང་བ། ། དེ་བཞིན་གཤེགས་པ་ནི་ཆོས་ཐམས་ཅད་སྟོང་པའོ་ཞེས་དེ་སྐད་གསུང་པའི་ཕྱིར་རོ། ། འོད་སྲུང་དེ་བཞིན་གཤེགས་པ་ནི་བདག་གི་སྟོབས་འཇིག་པར་མཛད་པ་སྟེ། ། དེ་དང་རྩོད་དོ། ། གང་དེ་བཞིན་གཤེགས་པ་དང་རྩོད་པ་དེ་ནི་བདུད་ ཅེས་བྱའོ།  དེ་བཞིན་གཤེགས་པས་ནི་བདུད་ཀྱི་རིས་རབ་ཏུ་དབྱུང་བ་དང།  བསྙེན་པར་རྫོགས་པར་མ་གནང་ངོ། ། འོད་སྲུང་འདི་ལྟ་སྟེ། ། དཔེར་ན་གང་ཞིག་འདི་སྐད་དུ་བྱ་ཀ་ལ་ཀུ་ཊི་ཀ་ལས་བལ་གླང་གླང་པོ་ཆེ་སྐྱེས་སོ་ཞེས་ཟེར་ན་འོད་སྲུང་འདི་ཇི་སྙམ་དུ་སེམས་ མི་དེའི་ཚིག་དེ་ཡིད་ཆེས་པར་བྱ་བ་ཡིན་ནམ། ། གསོལ་བ། ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། ། བཀའ་སྩལ་པ།  འོད་སྲུང་འདི་ཇི་སྙམ་དུ་སེམས། ། དེ་འཐུན་པ་ཡིན་ནམ་འོན་ཏེ་མི་མཐུན་པ་ཡིན། ། གསོལ་བ། ། བཅོམ་ལྡན་འདས་དེ་ནི་མི་མཐུན་པ་ལགས་སོ། ། བཀའ་སྩལ་པ།   དེ་བས་ཀྱང་སྐྱེས་བུ་དམ་པ་མ་ཡིན་པ་གང་དག་བདག་ཏུ་འདུ་ཤེས་དང།  སེམས་ཅན་དུ་འདུ་ཤེས་དང།  སྲོག་ཏུ་འདུ་ཤེས་དང།  གང་ཟག་ཏུ་འདུ་ཤེས་དང།  མྱ་ངན་ལས་འདས་པའི་འདུ་ཤེས་ལ་གནས་ཏེ། ། ང་ལ་སྟོན་པ་ཞེས་བྲྗོད་པ་དེ་དག་ནི་ཆེས་མི་འཐུན་ནོ། ། འོད་སྲུང་ འདི་ལྟ་སྟེ། ། དཔེར་ན་མི་ལ་ལ་ཞིག་འོངས་ནས་འདི་སྐད་དུ་བྱ་འདབ་བཟངས་ལས་བྱ་རོག་སྐྱེས་སོ་ཞེས་ཟེར་ན།  འོད་སྲུང་འདི་ཇི་སྙམ་དུ་སེམས། ། མི་དེའི་ཚིག་དེ་ཡིད་ཆེས་པར་བྱ་བ་ཡིན་ནམ། ། གསོལ་པ།  བཅོམ་ལྡན་འདས་དེ་ནི་མ་ལགས་སོ། ། བཀའ་སྩལ་པ། ། འོད་ སྲུང་འདི་ཇི་སྙམ་དུ་སེམས།  དེ་འཐུན་པ་ཡིན་ནམ། ། འོན་ཏེ་མི་འཐུན་པ་ཡིན། ། གསོལ་པ།  བཅོམ་ལྡན་འདས་མི་འཐུན་པ་ལགས་སོ། ། བཀའ་སྩལ་པ།  དེ་བས་ཀྱང་སྐྱེས་བུ་དམ་པ་མ་ཡིན་པ་གང་དག་བདག་ཏུ་འདུ་ཤེས་ལ་གནས་པ་ནས་མྱ་ངན་ལས་འདས་པའི་འདུ་ ཤེས་ཀྱི་བར་ལ་གནས་ནས་ང་ལ་སྟོན་པའོ་ཞེས་བྲྗོད་པ་དེ་དག་ནི་ཆེས་མི་འཐུན་ནོ། ། འོད་སྲུང་འདི་ལྟ་སྟེ། ། དཔེར་ན་མི་ལ་ལ་ཞིག་འདི་སྐད་དུ་སྲིན་བུ་མེ་ཁྱེར་གྱིས་རི་རབ་བླངས་ཏེ་འགྲོའོ་ཞེས་ཟེར་ན་འོད་སྲུང་འདི་ཇི་སྙམ་དུ་སེམས། ། མི་དེའི་ཚིག་དེ་ཡིད་ཆེས་པར་བྱ་བ་ཡིན་ནམ།   གསོལ་པ།  བཅོམ་ལྡན་འདས་དེ་ནི་མ་ལགས་སོ། ། བཀའ་སྩལ་པ། ། འོད་སྲུང་འདི་ཇི་སྙམ་དུ་སེམས། ། མི་དེའི་ཚིག་དེ་འཐུན་པ་ཡིན་ནམ་འོན་ཏེ་མི་འཐུན་པ་ཡིན། ། གསོལ་པ།  བཅོམ་ལྡན་འདས་མི་འཐུན་པ་ལགས་སོ། ། བཀའ་སྩལ་པ།  དེ་བས་ཀྱང་སྐྱེས་བུ་དམ་པ་ མ་ཡིན་པ་གང་དག་བདག་ཏུ་འདུ་ཤེས་ལ་གནས་པ་ནས་མྱ་ངན་ལས་འདས་པའི་བར་གྱི་འདུ་ཤེས་ལ་གནས་ནས་ང་ལ་སྟོན་པའོ་ཞེས་བྲྗོད་པ་དེ་དག་ནི་ཆེས་མི་འཐུན་ནོ། ། འོད་སྲུང་འདི་ལྟ་སྟེ། ། དཔེར་ན་རྒྱལ་པོའི་རིམ་གྲོ་བའི་མི་ལ་ལ་ཞིག་ཡོད་ལ། ། སྔོན་མ་མཐོང་བའི་ མི་ལ་ལ་ཞིང་གིས་རེ་ལས་བསླབས་ནས་དེ་དབང་ཕྱུག་གི་གནས་ཞིག་ཏུ་སོང་སྟེ། ། རྒྱལ་པོའི་ཞབས་འབྲིང་བ་དེ་དག་གི་ནང་དུ་སོང་ནས། ། མ་གླེངས་པར་འདི་སྐད་ཅེས་ཟེར་ཏེ། ། རྒྱལ་པོ་འདི་སྐད་གསུང་ངོ། ། རྒྱལ་པོས་འདི་ལྟ་བུ་དག་བཀའ་སྩལ་གྱིས་དེ་བཞིན་དུ་གྱིས་ཤིག།  ཁོ་བོ་ནི་རྒྱལ་པོའམ་ རྒྱལ་པོའི་བློན་པོ་ཆེན་པོ་དེ་དག་མ་མཐོང་བའི་མི་ཡིན་ཏེ། ། དབང་ཕྱུག་གི་གནས་ཀྱིས་འོངས་སོ་ཞེས་དེ་དེ་སྐད་ཟེར། ། དེ་དེ་ལྟ་བུ་དག་ཟེར་ཞིང་དེ་ལྟར་བྱའོ། ། ཁོ་བོ་ནི་སྲོག་གི་ཆེད་དུ་རྒྱལ་པོའམ། ། རྒྱལ་པོའི་བློན་པོ་ཆེན་པོ་དེ་དག་གི་གན་དུ་འགྲོའོ་ཞེས་ཟེར་བ་དེ་བཞིན་དུ་འོད་སྲུང་དེ་ བཞིན་གཤེགས་པ་ཡང་སྟོབས་རྫོགས་པ།  རང་གི་བྱ་བ་རྫོགས་པ་དང་ལྡན་པ་སྟེ། ། དཔེར་ན་རྒྱལ་པོས་སའི་དཀྱིལ་འཁོར་ཆེན་པོ་མཐའ་ཐུག་པ་མེད་པར་བདེ་བར་ཆམ་དུ་འབེབས་ཤིང་དེ་ལ་ཟས་སྦྱར་བ་དག་ཀྱང་འབྱུང་བ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་དགེ་འདུན་མཐའ་ ཐུག་པ་མེད་པ་དང། ། སངས་རྒྱས་ཀྱི་ཞིང་མང་པོ་ཆམ་དུ་འབབས་ཏེ། ། དེ་ལ་ཞལ་ཟས་སྦྱར་བ་དག་ཀྱང་འབྱུང་ངོ། ། དེ་ལ་སྔོན་མ་མཐོང་བའི་མི་བདག་ཏུ་སྨྲ་བ་དང།  སེམས་ཅན་དུ་སྨྲ་བ་ནས་མྱ་ངན་ལས་འདས་པའི་བར་དུ་སྨྲ་བ་དག་འོང་ཞིང་དེ་དག་མ་བཅོལ་བར་འོངས་ནས་འདི་སྐད་ ཅེས་ཟེར་ཏེ།  དེ་བཞིན་གཤེགས་པས་འདི་སྐད་བཀའ་སྩལ་ཏོ། ། དེ་བཞིན་གཤེགས་པས་འདི་ལྟ་བུ་བཀའ་སྩལ་ཏེ། ། འདི་ནི་བྱ་བའོ། ། འདི་ནི་བྱ་བ་མ་ཡིན་ནོ་ཞེས་ཟེར་རོ། ། དེ་ལ་གང་དག་གདམས་ངག་དང།  རྗེས་སུ་བསྟན་པའི་བཀའ་དང་འཐུན་པར་བྱེད་པ་དེ་དག་ནི་དེ་བཞིན་ གཤེགས་པའི་བཀའ་ལ་མངོན་པར་དང་དེ་འགལ་བར་མི་བྱེད་ཅིང་དེ་དག་གིས་ཐོས་ནས་བདག་དང་ཡང་སྔོ།  བུ་དང་ཆུང་མ་དང་ཡང་སྔོ་ཞིང་སྦྱིན་པར་བྱེད། ། ཤིན་ཏུ་མཆོག་དང། ། ཤིན་ཏུ་གྱ་ནོམ་པར་སྦྱིན་པར་བྱེད། ། ཤིན་ཏུ་བསྟི་སྟང་བྱས་ཏེ་སྦྱིན་པར་བྱེད། ། དད་པས་སྦྱིན་པར་བྱེད་ཅིང་ཇི་ སྲིད་དུ་ཁོང་དུ་མ་ཆུད་པ་དེ་སྲིད་དུ་དད་པས་སྦྱིན་པར་བྱེད་དེ། ། དེ་ལྟར་ན་ཡོན་ཏན་དེ་ལྟ་བུ་དང།  སྤྱོད་པ་དེ་ལྟ་བུ་དང་ལྡན་པ་དེ་དག་ནི་སྔོན་མ་མཐོང་བའི་མི་དང་འདྲའོ། ། དེ་དག་གིས་ཡོངས་སུ་སྤྱད་ནས་འདུ་འཛིས་ཉིན་མཚན་འདས་པར་བྱེད་དོ། ། རྒྱལ་པོའི་གཏམ་ བྲྗོད་པ་དང། ། ཆོམ་རྐུན་གྱི་གཏམ་བྲྗོད་པ་དང། ། བཟའ་བའི་གཏམ་དང། ། བཏུང་བའི་གཏམ་དང།  སྨད་འཚོང་མའི་གཏམ་དང། ། བུད་མེད་ཀྱི་གཏམ་དང།  སྨད་པའི་གཏམ་བྲྗོད་པར་འགྱུར། ། ཟླ་བ་སྤྱང་ཀིས་ཟིན་པ་དང།  ཉི་མ་སྤྱང་ཀིས་ཟིན་པ་དང།  རྒྱལ་པོ་འོང་ངོ། ། རྒྱལ་ པོ་འགྲོའོ། ། རྒྱལ་པོ་བཙུན་མོའི་འཁོར་གྱི་ནང་ན་འདུག་གོ་ཞེས་བྱ་བ་དང། ། ཁྱིམ་གྱི་གཏམ་བྲྗོད་པར་འགྱུར། ། སྡུག་པར་འགྲོ་བར་བྱ། ། གང་ན་ཟས་སྟེར་བ་དེར་འགྲོ་བར་བྱ་ཞེས་དེ་ལྟ་བུའི་གཏམ་བྲྗོད་པར་འགྱུར་རོ། ། ཞག་གཅིག་གནས་པས་ཉི་མ་འདས་པར་བྱས་ནས་གཙུག་ལག་ ཁང་དུ་འགྲོ་བར་འགྱུར། ། ཞག་གཉིས་གནས་པ་དང།  ཞག་གསུམ་གནས་པ་དང།  ཞག་བཞི་གནས་པ་དང།  ཞག་ལྔ་གནས་པ་དང།  ཞག་དྲུག་གནས་པ་དེ་དག་དེར་གནས་པ་ལྟ་བུའི་གཏམ་བྲྗོད་པར་འགྱུར་ཞིང་དེ་ལྟ་བུའི་གཏམ་དག་བྲྗོད་པར་འགྱུར། ། སྨན་ཆང་སྣ་ཚོགས་ཀྱི་གཏམ་གྱི་རྒྱུད་ཀྱིས་ཤེས་ བཞིན་མེད་པར་གྱུར་པའི་ལུས་དང། ། ཁ་ནས་ཁ་ཆུ་ཟག་ཅིང་མྱོས་ནས་ཉལ་བར་འགྱུར་རོ། ། དེ་དག་གིས་དེར་ཅི་བྱས་པ་དེ་རྨི་ལམ་དུ་རྨི་བར་འགྱུར། ། བདག་འགྲོ་བ་རྨི་བར་འགྱུར། ། བདག་ཡོན་ཏན་མ་ཐོབ་པ་སྒྲུབ་པར་རྨི་བར་འགྱུར་རོ། ། དེ་དག་སད་ནས་ཕན་ཚུན་གཏམ་ཟེར་ཏེ།  འདི་ལྟར་ ཁྱོད་ནི་མཚན་མོ་སོང་ངོ། ། འདི་ལྟར་ཁྱོད་ནི་འདུག་གོ།  འདི་ལྟར་ཁྱོད་ཀྱིས་དེ་ལ་ཐོབ་བོ། ། གང་དག་གིས་མ་ཐོབ་པ་དེ་དག་ཀྱང་མྱུར་དུ་སྐྱེན་པར་མྱུར་དུ་སོང་དང་ལེགས་སོ་ཞེས་ཕན་ཚུན་སྨྲ་བར་འགྱུར་ཏེ། ། ཤིས་པའི་རྨི་ལམ་དེ་དག་རྨིས་ནས་དེ་དག་གྲོང་དང། ། གྲོང་ཁྱེར་དང།  གྲོང་ རྡལ་དང།  ཡུལ་འཁོར་དང། ། རྒྱལ་པོའི་ཕོ་བྲང་འཁོར་དུ་འཇུག་པར་འགྱུར། ། གཅིག་ལ་གཅིག་ངོ་འཛུམ་གནག་པ་དང།  སྡུག་བསྔལ་བ་དང།  ཉེ་བར་གནས་པ་མ་ཡིན་པའི་རྒྱུ་དང། ། མཉམ་པར་མ་གཞག་པའི་སེམས་ཀྱིས་རྒོད་ཅིང་དབང་པོ་ཕལ་པར་གྱུར་ལ། ། མ་བསྒྲིམས་ཤིང་ སེམས་གཡེང་བའི་སྤྱོད་པས་དེ་དག་ཁྱིམ་དུ་དོང་ནས་སོ་སོར་ཐར་པ་བོར་ཏེ་བུད་མེད་ཉི་ཚེ་འཁོད་པ་ལ་ཆོས་སྟོན་པར་འགྱུར། ། དེ་དག་བདག་ཅག་གང་ལས་ཤིན་ཏུ་རྙེད་པར་འགྱུར་སྙམ་ནས་ཆོས་སྒྲུབ་ཅིང་དེ་དག་དེ་ལས་རྙེད་པར་འགྱུར་ཏེ། ། དེ་དག་ཆགས་ཤིང་ཞེན་ལ་མདུད་པ་བོར་ཏེ། ། བརྒྱལ་ ཞིང་ལྷག་པར་ཆགས་ལ། ། ལྷག་པར་ཆགས་པར་གྱུར་ནས་དེ་དག་མི་འགྱོད་པས་ངུ་ཞིང་འདོང་བར་འགྱུར་རོ། ། གནས་གཉིས་རབ་ཏུ་སྟོན་ཏེ། ། གཉིས་གང་ཞེ་ན། ། ཤིན་ཏུ་བཟང་ཞིང་ཤིན་ཏུ་རབ་ཏུ་ཞི་བ་ལ་བསྔགས་པར་མཐོང་བ་དང། ། ཁ་ཅིག་ཤིན་ཏུ་བཟང་པོ་མ་ཡིན་པ་ལ་མི་སྙན་ པ་བྲྗོད་པར་འགྱུར་བ་སྟེ། ། སྦྱིན་པ་པོ་རྣམས་ལ་ལྟ་ཅི་སྨོས། ། དེ་དག་ཡང་དེ་ལྟར་འདུས་ནས་གཅིག་ལ་གཅིག་ལྟ་ཞིང་ཅི་ཞིག་བྱིན། ། སུས་བྱིན། ། ཇི་སྙེད་ཅིག་བྱིན། ། ཇི་སྙེད་ཅིག་སྤྱད་ཅེས་སྨྲ་བར་འགྱུར་རོ། ། འོད་སྲུང་འཆི་བའི་དུས་མ་བྱས་ཀྱི་བར་དུ་རྣལ་འབྱོར་ལ་མི་བརྩོན་པ་དག་ གི་རྣམ་གྲངས་ནི་འདི་དག་གོ།  རྣལ་འབྱོར་དང་མི་ལྡན་པ་དེ་དག་ལ་གཞན་ཡང་ཤེས་པར་བ་སྟེ། ། འདི་ལྟ་སྟེ་ཆོས་ཐམས་ཅད་སྤོང་བའོ། ། འོད་སྲུང་དགེ་སློང་དེ་ལྟ་བུ་དེ་དག་ལ་སྙིང་རྗེ་བར་བྱའོ། ། དེ་ཅིའི་ཕྱིར་ཞེ་ན། ། དེ་དག་གི་རྣམ་པར་སྨིན་པ་སྡུག་བསྔལ་བར་འགྱུར་བའི་ཕྱིར་རོ། །  དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། ། འཚོ་བ་དག་གི་དོན་གྱི་ཕྱིར། ། བྱིས་པ་རྒྱལ་པོས་བཀྲབས་པར་འགྱུར། ། ཁྱིམ་དང་ཁྱིམ་དུ་རྒྱུ་བྱེད་ཅིང། ། རྒྱལ་པོ་འདི་སྐད་གསུང་ཞེས་སྨྲ། ། དེ་དག་དོང་ནས་ཕྲ་མ་ཟེར། ། ཁྲོས་ནས་ཆད་ པས་བཅད་ད་རེ། ། བྱིས་པའི་མཐུ་ནི་དེ་ལྟ་བུས། ། རྟག་ཏུ་འཚོ་བ་བྱེད་པར་འགྱུར། ། གང་གིས་བསྐལ་པ་བརྒྱ་མང་དུ། ། ལག་པ་རྐང་པ་ཡོངས་བཏང་ཞིང། ། བྱ་བར་དཀའ་བ་མང་མཛད་པ།  སངས་རྒྱས་ལ་ལྟ་སྨོས་ཅི་དགོས། ། ང་ནི་ཆོས་ཀྱི་རྒྱལ་པོའི་མི། ། ཆད་པ་ དྲག་པོ་གཅོད་ལ་དབང། ། ཇི་ལྟར་བྱ་ཞིང་ཅི་བྱ་ཞེས། ། སུ་ཡང་འདྲི་བར་ཡོད་མི་བྱེད། ། དགེ་སློང་རྣམས་ལ་གནས་བྱིན་ཞིང། ། ཟས་དང་སྐོམ་གྱི་དམ་པ་དང། ། ཆོས་གོས་མཆོག་ཏུ་གང་གྱུར་པ། ། ཐམས་ཅད་གུས་དང་བཅས་པས་བྱིན། ། འདི་ལྟར་བདག་ཀྱང་མི་ སྤྱོད་ཅིང།  བུ་ལའང་སྦྱིན་པར་མི་བྱེད་ལ། ། སྡུག་བསྔལ་ཤ་ཐང་བཙལ་བྱས་ནས། ། གང་དག་ཚུལ་ཁྲིམས་ལྡན་ལ་བྱིན། ། དེ་ལ་གང་དག་མི་རིགས་པ། ། སྤྱད་ནས་མྱུར་དུ་འགྲོ་བྱེད་དེ། ། ཕྱོགས་གཅིག་ཏུ་ནི་འདུས་ནས་སུ། ། བདེ་བར་གྱུར་ཏམ་ཞེས་ཀྱང་འཛེར། །  རྒྱལ་པོའི་གཏམ་དང་ཆོམ་རྐུན་གཏམ། ། གེལ་བའི་གནས་ཀྱི་གཏམ་དག་དང། ། བཟའ་བ་དང་ནི་བཏུང་བའི་གཏམ། ། དེ་དག་འདུས་ནས་སྨྲ་བར་བྱེད། ། ཉི་ཟླ་སྤྱང་ཀིས་ཟིན་པ་དང། ། རྒྱལ་པོ་འོང་དང་འགྲོ་བ་དང། ། དེར་ནི་རྒྱལ་བར་འགྱུར་བ་དང། ། དེར་ནི་ཕམ་པར་འགྱུར་བ་དག།   མི་རིགས་པ་རྣམས་བྲྗོད་པ་འདི།  ཡང་དང་ཡང་དུ་བྲྗོད་པར་འགྱུར། ། མལ་ཆ་བཟང་པོའི་མལ་བཅས་ཏེ། ། མཚན་མོ་ཐོག་ཐག་ཉལ་བྱས་ནས། ། དེ་དག་ན་ནི་ངན་པ་སྟེ། ། སྦྱིན་པ་དེ་ནི་མཆོག་མ་ཡིན། ། ཡང་དང་ཡང་དུ་མི་རྙེད་ཀྱིས། ། གང་ན་བཟང་བའི་ཁྱིམ་དེར་འདེང།   ཇི་སྲིད་དུ་ནི་དོན་བརྟགས་ཏེ། ། ཉལ་བ་བྱས་ནས་དེ་ཡི་ཚེ། ། མི་རིགས་རྨོངས་པ་བློ་ངན་པ། ། དཔེར་ན་བོད་བུ་ཁལ་ཁྱེར་བཞིན། ། དེ་ནི་དེ་དག་ཅི་བསམས་བཞིན། ། དེ་ཚེ་རྨི་ལམ་རྨིས་གྱུར་པ།  སད་ནས་ཀུན་ཏུ་རྗོད་བྱེད་དེ། ། དེ་དག་ཕན་ཚུན་སྨྲ་བར་བྱེད། ། ཁྱོད་ལ་ ཀྱལ་ཀ་མི་བྱེད་དེ། ། ཁྱོད་ལ་རྨི་ལམ་བཟང་རྨིས་ཀྱིས། ། ཡིད་མི་བདེ་བ་མ་སྐྱེད་པར། ། མྱུར་དུ་སོང་ལ་དེ་སྒྲུབས་ཤིག།  ཤིན་ཏུ་སྡོམ་པ་ཅི་འདྲ་བར། ། དེ་དག་གྲོང་དང་ཡུལ་འཁོར་འགྲོ། ། ཐམས་ཅད་ངོ་འཛུམ་གནག་གྱུར་ཅིང། ། སྤྲེའུ་དང་འདྲ་བར་རྣམ་པར་འཁྱམ། ། དེ་དག་ ཁྱིམ་དུ་ཞུགས་ནས་སུ། ། སོ་སོར་ཐར་པ་ལེགས་བཤད་པ། ། སངས་རྒྱས་ཀྱི་ནི་མདོ་བོར་ནས། ། བུད་མེད་རྣམས་ལ་ཆོས་འཆད་དོ། ། དེ་དག་ཁྱིམ་ནས་འགྲོ་བྱེད་ཅིང། ། གང་གིས་རབ་ཏུ་ངན་བྱིན་པ།  དེར་ནི་སྦྱིན་པ་པོ་དང་དེའི། ། གཉེན་བཤེས་གྱུར་པ་རྣམས་ལ་སྨོད། ། དེ་དག་ ཡང་འདུས་གྱུར་ནས་སུ། ། གཅིག་ལ་གཅིག་ནི་འདྲི་བྱེད་དེ། ། ཅི་རྙེད་ཁྱོད་ཀྱིས་ཅི་ཞིག་ཟོས། ། ཅི་ཞེས་དྲིས་ནས་དེ་དག་སྨྲ། ། དེ་ལྟར་སྔ་མ་བཞིན་སྦྱར་ཏེ། ། ལོ་གཅིག་བཞིན་དུ་ལོ་བརྒྱར་ཡང། ། དེ་དག་འདྲ་བའི་རྟོག་པ་ཡིས། ། དེ་དག་འཚོ་བ་བྱེད་པར་འགྱུར། ། དེར་ནི་རྩོད་པ་ བྱས་ནས་སུ། ། འདི་ནི་སྨན་དུ་འགྱུར་བ་སྟེ། ། ནད་ཉུང་འགྱུར་བ་ཡིན་ནོ་ཞེས། ། མེ་ཏོག་གི་ནི་སྦྲང་རྩི་སྡུད། ། དེར་ནི་བསྒོམ་པ་བོར་ནས་སུ།  ཁྱིམ་པ་རྣམས་དང་འདུ་བྱེད་པ། ། དེ་དག་ལ་ནི་སངས་རྒྱས་དང། ། སངས་རྒྱས་བརྒྱས་ཀྱང་ཅི་ཞིག་མཛད། ། བདག་ལ་ཕོངས་ བདག་ཏུ་འདུ་ཤེས་རྟག་སྤངས་ལ། ། གང་དག་ངན་འགྲོར་མི་འགྲོ་བའི། ། རྣལ་འབྱོར་དེ་དག་སྐྱེད་འགྱུར་བ། ། དེ་དག་ལ་ནི་དེ་རབ་དཀའ། ། འདི་ལྟར་བྱིས་པ་བློ་ངན་པ། ། ཁྱིམ་པ་དང་ནི་འདུ་བ་རྣམས། ། དམ་པའི་ཆོས་ནི་སྤོང་བར་བྱེད། ། གང་དག་ཤཀྱ་ སེང་གེ་ཡི། ། ཉན་ཐོས་ཡང་དག་སྤྱོད་ཡུལ་བ། ། སྲོག་གི་དོན་གྱི་ཆེད་དུ་ཡང། ། སུ་ཡང་བསླབ་པ་འདའ་མི་ནུས། ། ཁུར་གྱི་འདུ་ཤེས་སྐྱེད་བྱེད་པ། ། མཁས་པ་ཟས་ལ་བརྐམ་པ་མེད། ། དེ་ལ་མི་སྡུག་སྒོམ་པར་བྱེད། ། དེ་ལ་འདུག་ཅིང་རྣམ་པར་སྤྱོད། ། འདོད་པའི་ཟག་པ་ སྤང་བའི་ཕྱིར། ། འདུ་ཤེས་ཐམས་ཅད་རྣམ་པར་འཇིག།  དེ་དག་བསྟན་པ་འདི་ལ་ནི། ། རབ་ཏུ་འབྱུང་བར་སྐབས་འབྱེད་དོ། ། ཡང་དང་ཡང་དུ་ཡོངས་བཙལ་ན། ། གང་ལ་སྙིང་པོ་དམིགས་པ། ། སྟོང་པ་ཉིད་ནི་གང་བྲྗོད་པ། ། ཆོས་ལ་མཁས་པ་མི་སྨོད་དོ། ། གང་དག་སྟོང་ ཉིད་ཚུལ་མཁས་པ། ། དེ་དག་དཔའ་ཞིང་ཤེས་རབ་ཆེ། ། བདུད་དཔུང་བཅས་པར་སྐྲག་པར་བྱེད། ། དེ་དང་དེ་དག་སྦྱིན་པར་སྦྱོང།  དེ་དག་ལ་ནི་དགའ་བ་མེད། ། སྟོང་པ་ཉིད་དང་འགལ་མི་བྱེད། ། དཔའ་བོ་དེ་དག་སངས་རྒྱས་སྲས། ། རྐང་གཉིས་ནང་ན་སྦྱིན་པའི་གནས་ བློ་གྲོས་ངན་པ་མང་བྱུང་ཚེ། ། དམ་པའི་ཆོས་ཉུང་གནས་པར་འགྱུར། ། བག་ཡོད་པས་ནི་ཚོལ་བ་ཡིས། ། དགེ་སློང་དེས་པ་ཉུང་བར་འགྱུར། ། འཆི་བ་མྱུར་དུ་འབྱུང་འགྱུར་ལ། ། བདག་གི་ཡང་བདག་ཉིད་ཀྱི་གཏམ། ། ཉིན་དང་མཚན་དུ་བྲྗོད་འགྱུར་ཞེས། ། མཁས་པས་ སྐྱོ་བ་བསྐྱེད་པར་བྱ། ། རྐང་གཉིས་དམ་པ་མ་གཏོགས་པར། ། འཇིག་རྟེན་ན་ནི་སྐྱབས་གཞན་མེད། ། བསླབ་པ་རྣམས་ལ་བདག་བསླབས་ལ། ། འཆི་བའི་དུས་བྱེད་འགྱུར་བར་བྱ། ། དགོངས་ཏེ་བཤད་པ་འདི་ལྟ་བུ། ། གང་དག་མི་ཤེས་དེ་དག་ནི། ། བླ་ན་མེད་པའི་ སངས་རྒྱས་དང། ། ཆོས་ལའང་བསྟི་སྟང་མི་བྱེད་དོ། ། ཀྱེ་མ་དམ་ཆོས་ཟད་འགྱུར་ཏེ། ། འདི་དག་ཡུན་རིང་མི་ཐོགས་ཤིང། ། རྒྱུན་ཐུང་རིང་པོར་མི་ཐོགས་ཀྱིས། ། བརྩོན་འགྲུས་བརྟན་པོ་བརྩམ་པར་བྱ། ། དེ་སྐད་ཅེས་བཀའ་སྩལ་ནས་བཅོམ་ལྡན་འདས་ ལ་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་གང་དག་མདོ་སྡེ་འདི་ལྟ་བུ་འདི་དག་ཐོས་ནས་ཡང་དག་པར་སྐྱོ་བ་འདི་ལྟ་བུ་མི་སྐྱེད་པ་དེ་དག་ནི་ངོ་མཚར་ཏོ། ། དེ་སྐད་ཅེས་གསོལ་ནས། ། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། འོད་སྲུང་ཆོས་བཞི་དང་ལྡན་པའི་སེམས་ཅན་རྣམས་སྐྱོ་བ་མི་སྐྱེ་སྟེ།  བཞི་གང་ཞེ་ན། ། བག་མེད་པ་མང་བ་དང། ། ལས་ཀྱི་རྣམ་པར་སྨིན་པ་ལ་ཡིད་མི་ཆེས་པ་དང།  སེམས་ཅན་དམྱལ་བ་ཆེན་པོ་ལ་ཡིད་མི་ཆེས་པ་དང།  འདི་ལྟར་བདག་ འཆི་བར་འགྱུར་བར་ཡིད་མི་ཆེས་པ་སྟེ། ། འོད་སྲུང་ཆོས་བཞི་པོ་དེ་དག་དང་ལྡན་པའི་སེམས་ཅན་རྣམས་སྐྱོ་བ་མི་སྐྱེའོ། ། འོད་སྲུང་གཞན་ཡང་ཆོས་བཞི་དང་ལྡན་པའི་སེམས་ཅན་རྣམས་སྐྱོ་བ་མི་སྐྱེ་སྟེ། ། བཞི་གང་ཞེ་ན།  འབྱུང་བ་ཆེན་པོ་གཞོན་ཏེ་བར་ཆད་མེད་པར་འདུག་པར་གྱུར་པ་ དང།  མཐུ་སྟོབས་དང་ལྡན་པར་གྱུར་པ་དང། ། འདོད་པའི་ཡོན་ཏན་རྣམས་ལ་རབ་ཏུ་ཆགས་པར་གྱུར་པ་དང།  གཟི་བྲྗིད་ལ་སེམས་པས་རྣལ་འབྱོར་མ་མྱོང་ཞིང་གདུང་བའི་སྟོབས་ཅན་དུ་གྱུར་པ་སྟེ། ། འོད་སྲུང་ཆོས་བཞི་པོ་དེ་དག་དང་ལྡན་པའི་སེམས་ཅན་རྣམས་སྐྱོ་བ་མི་སྐྱེའོ། །  འོད་སྲུང་ཆོས་བཞི་དང་ལྡན་པའི་དགེ་སློང་ནི་སངས་རྒྱས་ཀྱི་བྱང་ཆུབ་སྤོང་སྟེ།  བཞི་གང་ཞེ་ན།  དེས་སྔོན་སྡིག་པའི་ལས་བྱས་པར་གྱུར་པ་དང། ། དེ་ཆོས་ཀྱིས་ཕོངས་པར་འགྱུར་བ་དང། ། དེའི་མི་དགེ་བའི་རྣམ་པར་སྨིན་པ་སྟོན་པ་དང། ། མཁན་པོ་དང་སློབ་དཔོན་ནི་སྐྱེ་བོ་མང་པོས་བསྔགས་ པ་ཡིན་ན། ། དེ་ནི་སངས་རྒྱས་ཀྱི་བྱང་ཆུབ་སྤོང་ཞིང་དེ་དག་གི་རྗེས་སུ་བསླབས་ནས་སྤོང་ལ་ཐོས་པ་ཉུང་བར་གྱུར་པ་ཡིན་ཏེ། ། སྐྱོན་གཞན་གྱི་ཕ་རོལ་ལ་ཕྲག་དོག་ཏུ་གྱུར་པས་སངས་རྒྱས་ཀྱི་བྱང་ཆུབ་སྤོང་བ་སྟེ། ། འོད་སྲུང་ཆོས་བཞི་པོ་དེ་དག་དང་ལྡན་པའི་དགེ་སློང་ནི་སངས་རྒྱས་ཀྱི་བྱང་ ཆུབ་སྤོང་ངོ། །།། སྡོམ་པ་གསུམ་བསྟན་པའི་ལེའུ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། ། བམ་པོ་གསུམ་པ་སྟེ་ཐ་མ། ། འོད་སྲུང་དགེ་སྦྱོང་དུ་བྱེད་པ་དང།  བྲམ་ཟེར་བྱེད་པའི་ཆོས་གཅིག་སྟེ། ། གཅིག་གང་ཞེ་ན། ། ཆོས་ཐམས་ཅད་ལ་སེམས་མི་གནས་པ་ སྟེ།  འདི་ནི་དགེ་སྦྱོང་དུ་བྱེད་པ་དང། ། བྲམ་ཟེར་བྱེད་པའི་ཆོས་གཅིག་གོ། ། འོད་སྲུང་འདི་ལྟ་སྟེ།  དཔེར་ན་མི་ལ་ལ་ཞིག་རི་ཀ་ནས་རྦབ་ཏུ་ལྷུང་ན་ས་སྟོང་པའི་གནས་དང། ། ཤིང་སྟོང་པའི་གནས་དང། ། ནམ་མཁའ་སྟོང་པའི་འདུ་ཤེས་ཀྱིས་ས་སྟོང་པར་ཤེས་ཏེ། ། དེ་དབུགས་ཕྱི་ནང་ དུ་རྒྱུ་བར་མི་འགྱུར་རོ། ། འོད་སྲུང་དེ་བཞིན་དུ་ཆོས་ཐམས་ཅད་ལ་འཛིན་ཏེ། ། མིག་གིས་རྟགས་སུ་འཛིན་ཅིང་མིག་གིས་མཚན་མར་འཛིན་པ་ནི་དགེ་སྦྱོང་དུ་བྱེད་པའི་ཆོས་མ་ཡིན། ། བྲམ་ཟེར་བྱེད་པའི་ཆོས་མ་ཡིན་ནོ། ། དེ་བཞིན་དུ་རྣ་བ་དང།  སྣ་དང།  ལྕེ་དང།  ལུས་དང།   ཡིད་ཀྱིས་རྟགས་སུ་འཛིན་ཅིང་མཚན་མར་འཛིན་པ་ནི་དགེ་སྦྱོང་དུ་བྱེད་པའི་ཆོས་མ་ཡིན། ། བྲམ་ཟེར་བྱེད་པའི་ཆོས་མ་ཡིན་ནོ། ། གཟུགས་ལ་མཚན་མར་འཛིན་པ་དང།  ཚོར་བ་དང།  འདུ་ཤེས་དང།  འདུ་བྱེད་དང། ། རྣམ་པར་ཤེས་པ་ལ་མཚན་ མར་འཛིན་པ་ནི་དགེ་སྦྱོང་དུ་བྱེད་པའི་ཆོས་མ་ཡིན། ། བྲམ་ཟེར་བྱེད་པའི་ཆོས་མ་ཡིན་ནོ། ། ཚུལ་ཁྲིམས་ཀྱིས་བྱང་ཆུབ་འདོགས་ཤིང་ཚུལ་ཁྲིམས་ཀྱིས་བྱང་ཆུབ་རློམ་སེམས་སུ་བྱེད་པ་དང། ། ཐོས་པ་ཡོངས་སུ་ཚོལ་བས་བྱང་ཆུབ་རློམ་སེམས་སུ་བྱེད་པ་དང།  ངོ་ཚ་ཤེས་ པ་དང།  ཁྲེལ་ཡོད་པས་བྱང་ཆུབ་འདོགས་པ་དང། ། འོང་བ་དང་འགྲོ་བས་བྱང་ཆུབ་རློམ་སེམས་སུ་བྱེད་པའི་ཆོས་འདི་ནི་དགེ་སྦྱོང་དུ་བྱེད་པའི་ཆོས་མ་ཡིན། ། བྲམ་ཟེར་བྱེད་པའི་ཆོས་མ་ཡིན་ནོ། ། གང་རློམ་སེམས་སུ་བྱེད་པའི་ཆོས་དེ་ནི་གནོད་པར་འགྱུར་རོ། ། ཅིས་གནོད་པར་འགྱུར་ཞེ་ ན།  འདོད་ཆགས་ཀྱིས་གནོད་པར་འགྱུར་རོ། ། ཞེ་སྡང་གིས་གནོད་པར་འགྱུར་རོ། ། གཏི་མུག་གིས་གནོད་པར་འགྱུར་རོ། ། དེ་ལ་གང་མིག་གིས་མཚན་མར་འཛིན་པ་དེ་ནི་མཚན་མར་འཛིན་པས་ཡིད་དུ་འོང་བ་དང། ། ཡིད་དུ་མི་འོང་བའི་གཟུགས་རྣམས་ཀྱིས་མིག་ལ་གནོད་པར་ འགྱུར་རོ།  རྣ་བ་དང།  སྣ་དང།  ལྕེ་དང།  ལུས་དང།  ཡིད་ཀྱང་དེ་བཞིན་ཏེ།  ཡིད་ཀྱིས་མཚན་མར་འཛིན་ན་དེ་མཚན་མར་འཛིན་པས་ཡིད་དུ་འོང་བ་དང། ། ཡིད་དུ་མི་འོང་བའི་ཆོས་རྣམས་ཀྱིས་ཡིད་ལ་གནོད་པར་འགྱུར་རོ། ། གང་ལ་གནོད་པར་འགྱུར་བ་དེ་ནི་སེམས་ཅན་ དམྱལ་བ་དང།  དུད་འགྲོའི་སྐྱེ་གནས་དང།  ཡི་དགས་ཀྱི་ཡུལ་དང། ། ལྷ་དང་མིའི་ནང་དུ་ཕོངས་པར་འགྱུར་རོ། ། གང་ཕོངས་པ་དེ་ནི་རློམ་སེམས་ཀྱིས་ཕོངས་པར་འགྱུར་རོ། ། དེ་ལ་རློམ་སེམས་གང་ཞེ་ན། ། ངའོ་སྙམ་པ་ནི་རློམ་སེམས་སོ། ། ངའི་འོ་སྙམ་པ་ནི་རློམ་སེམས་སོ། །  བུད་མེད་དོ་སྙམ་པའི་ནི་རློམ་སེམས་སོ། ། སྐྱེས་པའོ་སྙམ་པ་ནི་རློམ་སེམས་སོ། ། སའོ་སྙམ་པ་ནི་རློམ་སེམས་སོ། ། ཆུའོ་སྙམ་པ་ནི་རློམ་སེམས་སོ། ། མེའོ་སྙམ་པ་ནི་རློམ་སེམས་སོ། ། རླུང་ངོ་སྙམ་པ་ནི་རློམ་སེམས་སོ། ། ཀེང་རུས་སུ་འདུ་ཤེས་པ་ནི་རློམ་སེམས་སོ། ། རྣམ་པར་ ཟོས་པར་འདུ་ཤེས་པ་ནི་རློམ་སེམས་སོ། ། རྣམ་པར་སྔོས་པར་འདུ་ཤེས་པ་ནི་རློམ་སེམས་སོ། ། རྣམ་པར་དམར་བར་འདུ་ཤེས་པ་ནི་རློམ་སེམས་སོ། ། རྣམ་པར་འབུ་ཞུགས་པར་འདུ་ཤེས་པ་ནི་རློམ་སེམས་སོ། ། རྣམ་པར་གྲོལ་བར་འདུ་ཤེས་པ་ནི་རློམ་སེམས་སོ། ། རྣམ་ བར་གྲོལ་བ་གང་ཅི་ཡང་རུང་བ་ཞིག་ཡོད་དོ་སྙམ་དུ་རློམ་སེམས་སུ་བྱེད་ཅིང་དེས་རྣམ་པར་གྲོལ་བར་འགྱུར་རོ་སྙམ་པ་ནི་རློམས་སེམས་སོ། ། སྔོན་གྱི་གནས་རྗེས་སུ་དྲན་པ་རྣམས་དུ་མ་སྔོན་དུ་བྱའོ་སྙམ་པ་ནི་རློམ་སེམས་སོ། ། བདག་རྗེས་སུ་དྲན་པར་བྱའོ་སྙམ་པ་ནི་རློམ་སེམས་སོ། །  ཤིན་ཏུ་འདས་སོ།  ཤིན་ཏུ་ད་ལྟར་བྱུང་ངོ། ། ང་བདག་གང་ཡིན་པ་དེ་འདས་པའོ། ། ང་བདག་གང་ཡིན་པ་དེ་ད་ལྟར་བྱུང་བའོ་སྙམ་པ་ནི་རློམ་སེམས་སོ། ། གང་དང་གང་དུ་འདུ་ཤེས་པ་ནི་རློམ་སེམས་ཏེ།  མྱ་ངན་ལས་འདས་པའི་བར་དུ་འདུ་ཤེས་པ་ནི་རློམ་སེམས་སོ། ། མྱ་ངན་ལས་ འདས་པ་ཐོབ་པར་བྱའོ་སྙམ་པ་ནི་རློམ་སེམས་སོ། ། འོད་སྲུང་མདོར་ན་དམིགས་པ་ནི་རློམ་སེམས་སོ། ། གང་དང་གང་དུ་འདུ་ཤེས་འཇུག་ན་ཐན་སྟོང་པ་ཉིད་དོ་སྙམ་པ་དེ་ཐམས་ཅད་ཀྱང་རློམ་སེམས་ཏེ། ། དགེ་སྦྱོང་འདུ་བྱེད་པའི་ཆོས་མ་ཡིན་པ་དང།  བྲམ་ཟེར་བྱེད་པའི་ཆོས་མ་ཡིན་པ་ ཐམས་ཅད་ནི་རློམ་སེམས་ཐམས་ཅད་དོ། ། འདི་ལྟར་འདི་དག་ནི་དགེ་སྦྱོང་གི་སྤྱོད་པ་མ་ཡིན། ། བྲམ་ཟེའི་སྤྱོད་པ་མ་ཡིན་ནོ། ། དགེ་སྦྱོང་དང་བྲམ་ཟེའི་ཆོས་རྣམས་ནི་དེ་བཞིན་གཤེགས་པས་གསུངས་པ་སྟེ། ། འོད་སྲུང་འདི་ལྟ་སྟེ། ། དཔེར་ན་ནམ་མཁའ་འམ་ས་ལྟ་བུའོ། ། དེ་ཅིའི་ ཕྱིར་ཞེ་ན། ། བར་སྣང་ནི་འདི་སྙམ་དུ་ང་བར་སྣང་ངོ་སྙམ་དུ་མི་སེམས་པའི་ཕྱིར་རོ། ། འོད་སྲུང་དེ་བཞིན་དུ་དགེ་སྦྱོང་དང། ། བྲམ་ཟེ་ཡང་འདི་སྙམ་དུ་ང་ནི་དགེ་སྦྱོང་ངོ།  ང་ནི་བྲམ་ཟེའོ་སྙམ་དུ་མི་སེམས་སོ། ། འོད་སྲུང་དེ་ལྟ་བས་ན་གང་ཆོས་འདི་དག་ལ་རློམ་སེམས་སུ་མི་བྱེད་པ་དེ་ནི་དགེ་ སྦྱོང་དུ་བྱེད་པའི་ཆོས་སོ། ། བྲམ་ཟེར་བྱེད་པའི་ཆོས་སོ། ། ཅིའི་ཕྱིར་དགེ་སྦྱོང་དུ་བྱེད་པའི་ཆོས་དང། ། བྲམ་ཟེར་བྱེད་པའི་ཆོས་ཞེས་བྱ་ཞེ་ན། ། དགེ་སྦྱོང་ནི་དེ་ལྟར་བྱེད་པ་ཡང་མེད། ། མི་བྱེད་པ་ཡང་མེད་དེ། ། དེའི་ཕྱིར་དགེ་སྦྱོང་དུ་བྱེད་པ་དང། ། བྲམ་ཟེར་བྱེད་པའི་ཆོས་ཞེས་བྱའོ། ། འོད་ སྲུང་འདི་ལྟ་སྟེ། ། དཔེར་ན་མི་ལ་ལ་ཞིག་མཚན་མོ་མུན་པ་མུན་ནག་གི་མུན་པར་ཞུགས་ནས་ལག་པ་གཡོབ་ཅིང་ཁ་གདངས་ཏེ་ཚིག་འདི་སྐད་ཅེས་འཇིག་རྟེན་ལ་ཅོ་དྲིའོ། ། འཇིག་རྟེན་ལ་ཅོ་དྲིའོ་ཞེས་སྨྲ་ན། ། འོད་སྲུང་འདི་ཇི་སྙམ་དུ་སེམས། ། མི་དེས་གང་ཞིག་ལ་ཅོ་དྲིས་པར་གྱུར། །  གསོལ་པ། ། བཅོམ་ལྡན་འདས་བདག་ཉིད་ལ་ཅོ་དྲིས་ལགས་སོ། ། དེ་ཅིའི་སླད་དུ་ཞེ་ན། ། དེ་ན་ཅོ་དྲི་བ་གང་ཡང་མ་མཆིས་པའི་སླད་དུའོ། ། བཀའ་སྩལ་པ།  འོད་སྲུང་དེ་བཞིན་དུ་དགེ་སློང་ཡང་དགོན་པ་ན་འདུག་གམ། ། ཤིང་དྲུང་ན་འདུག་གམ། ། ཁང་སྟོང་ན་འདུག་གམ། །  བླ་གབ་མེད་པ་ན་འདུག་ཀྱང་རུང་སྟེ། ། མིག་མི་རྟག་གོ་ཞེས་ཡིད་ལ་བྱེད། ། རྣ་བ་དང།  སྣ་དང།  ལྕེ་དང། ། ལུས་དང། ། ཡིད་མི་རྟག་གོ་ཞེས་ཡིད་ལ་བྱེད། ། གཟུགས་མི་རྟག་གོ་ཞེས་ཡིད་ལ་བྱེད། ། སྒྲ་དང།  དྲི་དང།  རོ་དང།  རེག་དང།  ཆོས་རྣམས་མི་རྟག་གོ་ཞེས་ཡིད་ལ་བྱེད། །  མྱ་ངན་ལས་འདས་པ་ཐོབ་པར་བྱའོ་ཞེས་ཡིད་ལ་བྱེད་ཅིང་བདག་རྣམ་པར་ཞི་བར་བྱའོ་སྙམ་པ་འདི་ལྟ་བུ་འདི་ནི་དགེ་སྦྱོང་གི་སྤྱོད་པ་མ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། ། གང་མིག་དམིགས་ནས་མིག་དགག་པའི་ཕྱིར་མངོན་པར་བརྩོན་ཞིང་མངོན་པར་འདུ་བྱེད་པ་དེ་ནི་སྡིག་པ་འཛིན་པར་ རྟོག་པའོ། ། གང་རྣ་བ་དང།  སྣ་དང།  ལྕེ་དང།  ལུས་དང།  ཡིད་དམིགས་ནས་ཡིད་དགག་པའི་ཕྱིར་མངོན་པར་བརྩོན་ཞིང་མངོན་པར་འདུ་བྱེད་པ་དེ་ནི་གནས་གསུམ་དམིགས་ཏེ། ། བསྒྲུབ་པ་ཡིད་ལ་བྱེད་པ་དེ་དག་གིས་གནས་གསུམ་ལ་རྟོག་གོ།  གང་ལ་ མཐོང་བས་རྟོག་པ་ཡོད་པ་དེ་ལ་སེམས་རྩེ་གཅིག་པ་ག་ལ་ཡོད། ། འོད་སྲུང་སངས་རྒྱས་ཀྱི་བྱང་ཆུབ་འདི་ནི་ཟབ་སྟེ། ། རྟོགས་པར་དཀའ་བའོ།  ཚོགས་ནི་ཉམས་སུ་ལེན་པར་དཀའ་བའོ། ། འོད་སྲུང་སེམས་རྩེ་གཅིག་པ་ཞེས་བྱ་བ་ཇི་ཙམ་གྱིས་ན་སེམས་རྩེ་གཅིག་པ་ཞེས་བྱ་ཞེ་ན།   ཡོངས་སུ་བཙལ་ན་ཆོས་གཅིག་ཀྱང་མི་དམིགས་པ་སྟེ། ། མིག་ལ་སྙིང་པོ་མི་དམིགས་སོ། ། རྣ་བ་དང། ། སྣ་དང། ། ལྕེ་དང།  ལུས་དང།  ཡིད་ལ་སྙིང་པོ་མི་དམིགས་སོ། ། ཆོས་ཐམས་ཅད་ལ་སྙིང་པོ་མེད་པར་ཡང་མི་དམིགས་སོ། ། དེ་ཅིའི་ཕྱིར་ཞེ་ན། ། སེམས་ཀྱི་རང་བཞིན་སྐྱེ་བ་མེད་ པ་གང་ཡིན་པ་འདི་ནི་དེའི་རང་བཞིན་ཡིན་པའི་ཕྱིར་རོ། ། ཆོས་ཐམས་ཅད་ནི་སྙིང་པོ་མེད་པ། ། དམིགས་པ་མེད་པ་སྟེ། ། དེ་དག་ནི་འདས་པ་ཡང་རུང།  མ་འོངས་པ་ཡང་རུང། ། ད་ལྟར་བྱུང་བ་ཡང་རུང། ། སེམས་ལ་མི་དམིགས་སོ། ། མི་དམིགས་པ་དང་མངོན་པར་འདུ་མི་བྱེད་པས་ དེའི་ཕྱིར་མངོན་པར་འདུ་མི་བྱེད་པ་ཞེས་བྱའོ། ། ཅིའི་ཕྱིར་མངོན་པར་འདུ་མི་བྱེད་པ་ཞེས་བྱ་ཞེ་ན། ། རྙིང་པ་དང། ། གསར་པ་མངོན་པར་འདུ་མི་བྱེད་དེ། ། དེའི་ཕྱིར་མངོན་པར་འདུ་མི་བྱེད་པ་ཞེས་བྱའོ། ། དེ་ལ་འདས་པའི་སེམས་ཀྱང་རྣམ་པར་མི་འགྲོལ། ། མ་འོངས་པའི་སེམས་ཀྱང་རྣམ་ པར་མི་འགྲོལ། ། ད་ལྟར་བྱུང་བའི་སེམས་ཀྱང་རྣམ་པར་མི་འགྲོལ་ལོ། ། གང་སེམས་མི་དམིགས་པ་དེའི་ཕྱིར་སེམས་རྩེ་གཅིག་པ་ཞེས་བྱ་སྟེ། ། འདི་ནི་སེམས་ཀྱི་བགྲང་བར་བྱས་པའོ། ། འོད་སྲུང་མ་འོངས་པའི་དུས་ན་དགེ་སློང་དང། ། དགེ་སློང་མ་དང།  དགེ་བསྙེན་དང།  དགེ་བསྙེན་ མར་ལུས་ཁས་འཆེ་ཞིང་དངོས་པོ་དེ་དང་དེ་རྣམ་པར་འཇིག་པར་འདོགས་པ་དག་འབྱུང་སྟེ། ། དེ་དག་ཕུང་པོ་ལྔར་འདུ་ཤེས་པར་འགྱུར་ཏེ། ། དེ་བཞིན་གཤེགས་པས་ཕུང་པོ་ལྔ་ནི་རྨི་ལམ་ལྟ་བུར་གསུངས་ན། ། དེ་དག་དེའི་ཚེ་འདི་ལྟར་རྨི་ལམ་ཞེས་བྱ་བའི་ཐ་སྙད་ཡོད་པས་རྨི་ལམ་འདི་ནི་ཡོད་དོ། ། རྨི་ ལམ་འདི་ནི་ཡོད་དོ་ཞེས་རྨི་ལམ་ཡང་དག་པ་ཉིད་དུ་སྟོན་པར་འགྱུར་རོ། ། གལ་ཏེ་རྨི་ལམ་མེད་དུ་ཟིན་ན། ། བདག་ཅག་དེ་ལ་རྨི་ལམ་གྱི་འདུ་ཤེས་མི་འབྱུང་ངོ། ། དེ་ལྟ་བས་ན་རྣམ་པར་རིག་པ་དེ་ཡོད་དེ། ། དེ་བས་ན་བདག་ཅག་རྨི་ལམ་དེ་ལ་རྨི་ལམ་དུ་འདུ་ཤེས་བྱུང་ངོ། ། དེ་བཞིན་དུ་གང་དག་ཉེ་བར་ བཟུང་སྟེ་རྨི་ལམ་ལྟ་བུའོ་ཞེས་གསུངས་པའི་ཕུང་པོ་ལྔ་པོ་དེ་དག་ཀྱང་ཡོད་དོ། ། ཀྱེ་ཕུང་པོ་དེ་དག་མེད་ཅུ་ཟིན་ན་ཕུང་པོ་ལྔ་ཉེ་བར་བཟུང་སྟེ་རྨི་ལམ་ལྟ་བུའོ་ཞེས་མཛད་པར་མི་འགྱུར་རོ་ཞེས་ཟེར་རོ། ། ཀྱེ་མི་བླུན་པོ་དེ་དག་ནི་རྨི་ལམ་ལ་ཡང་དག་པའི་འདུ་ཤེས་བསྐྱེད་པར་འགྱུར་ཏེ། ། དེ་དག་འདི་ལྟ་ བུའི་མདོ་སྡེ་འདི་དག་ཐོས་ནས་སྤོང་བར་འགྱུར་རོ། ། དེ་ལ་དགེ་སློང་མ་གང་དག་འབྱུང་བ་དེ་དག་ནི་བསླང་བའི་ཁྱིམ་མང་པོ་དག་ཏུ་དགྲ་བཅོམ་མ་ཡིན་ནོ་ཞེས་སྒྲོགས་ཤིང་དགེ་སློང་མའི་གླེང་གཞི་ནི་ཤེས་རབ་སོར་གཉིས་པ་ཡིན་ན་ཐོབ་པར་རྗོད་ཅིག་ལེན་པར་འགྱུར་རོ། ། དེ་ལ་དགེ་བསྙེན་དང། ། དགེ་ བསྙེན་མ་དེ་དག་ནི་ཚིགས་སུ་བཅད་པ་ཙམ་འམ། ། ཚིགས་སུ་བཅད་པའི་ཆ་ཙམ་ཐོས་ནས་ཐོབ་པར་སྒྲོགས་པར་འགྱུར་རོ། ། འོད་སྲུང་དེ་ལྟར་ན་དེའི་ཚེ་དགེ་སློང་གང་ལོ་ཉི་ཤུའམ། ། སུམ་ཅུར་དགོན་པའི་གནས་ན་མངོན་པར་བརྩོན་པར་འགྱུར་བ་དེ་སངས་རྒྱས་ཀྱི་གསུང་རབ་ཀྱི་ཆེད་ དུ་དགེ་བསྙེན་ཞག་གཅིག་ལོན་པ་དང་འགྲོགས་པར་འགྱུར་ཏེ། ། འོད་སྲུང་སྟོང་པ་སྒྲོགས་པར་འགྱུར་རོ། ། དེ་ལ་ཕན་ཚུན་སྟོང་པ་སྟོང་པ་ཞེས་ཚིག་ཏུ་བྲྗོད་པས་ཡོངས་སུ་རྟོགས་སོ། ། ཡོངས་སུ་རྟོགས་སོ་ཞེས་ཚིག་ཏུ་སྨྲ་བར་འགྱུར་རོ། ། དེ་ལ་དགེ་སློང་གང་ཆོས་འདི་ལྟ་བུ་འདི་དག་ཐོས་ ནས་འདི་ལྟ་བུ་དག་ཕན་ཚུན་བྲྗོད་པར་འགྱུར་རོ། ། དེ་དག་གིས་དེ་དག་ཐོས་ནས་སྐྲག་པར་འགྱུར་ཏེ། ། ཁྱིམ་པའམ་རབ་ཏུ་བྱུང་བ་ཡང་རུང། ། ཚིག་འདི་སྐད་ཅེས་ཁྱིམ་པ་རྣམས་དང་འགྲོགས་པར་མི་བྱ་སྟེ།  མི་འགྲོགས་ཀྱིས་ཕ་ཟད་ཅིག།  འདི་ནི་སྟོན་པའི་བཀའ་མ་ཡིན་ནོ་ཞེས་སྨྲ་བར་ འགྱུར་རོ། ། དེ་ཅིའི་ཕྱིར་ཞེ་ན། ། འདི་ལྟར་ཤེས་པ་དང། ། ཇི་ལྟར་རབ་ཏུ་ཤེས་པ་དེས་ཕན་ཚུན་འདུ་བར་འགྱུར་ཞིང་དེ་དག་ལ་གང་གིས་ཤིན་ཏུ་ཟབ་མོ་བྲྗོད་པ་དེ་སྤོང་བར་འགྱུར་ཏེ། ། ཁྱིམ་པ་དང་རབ་ཏུ་བྱུང་བ་དེ་དག་གིས་དེ་བརྙས་པར་འགྱུར་བའི་ཕྱིར་རོ། ། དེ་ཅིའི་ཕྱིར་ཞེ་ན། ། འོད་སྲུང་ཚངས་ པར་སྤྱོད་པའི་སྙིང་པོ་མཆོག་བསྟན་པ་ན་ཤེས་པར་འགྱུར་བ་ཡང་ཉུང་ན། ། དེའི་ཚེ་ཉུང་དུ་དེ་དག་ཀྱང་ཡོངས་སུ་མྱ་ངན་ལས་འདས་ཤིང་ཤིན་ཏུ་ཉུང་ལ་མཆོག་ཏུ་ཤིན་ཏུ་ཉུང་བ་རྣམས་ལུང་འབོགས་པ་ལྟ་སྨོས་ཀྱང་ཅི་དགོས། ། འོད་སྲུང་དེ་ལྟར་ན་དེའི་ཚེ་གང་ཡང་དག་པ་ཇི་ལྟ་བ་ བཞིན་དུ་རྟོགས་ཤིང་མི་འགལ་བར་ཤེས་པའི་དགེ་སློང་ནི་དགེ་སློང་སྟོང་གི་དགེ་འདུན་གྱི་ནང་ན་ཡང་གཅིག་ཀྱང་དེ་ན་དཀོན་པར་འགྱུར་རོ། ། དེ་ན་གཞན་གང་དག་འབྱུང་བ་དེ་དག་ནི་སྐྱེ་བོ་དེ་ལས་མི་སློབ་སྟེ་གང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་ཤིང་མི་འགལ་བར་སྦྱོར་བ་དང་ལྡན་པར་འགྱུར་བའི་དགེ་སློང་ནི་ དགེ་སློང་ཉིས་སྟོང་གི་དགེ་འདུན་གྱི་ནང་ན་ཡང་གཅིག་ཀྱང་དེ་ན་དཀོན་པར་འགྱུར་རོ། ། འོད་སྲུང་དེ་ལྟར་ན་དེའི་ཚེ་ཁྱིམ་པ་དང། ། རབ་ཏུ་བྱུང་བ་དག་བསྟན་པ་འདི་ལ་བརྙས་པར་འགྱུར་རོ། ། འོད་སྲུང་དེའི་ཚེ་དེའི་དུས་ན་དགེ་སློང་གང་མི་དགེ་བའི་ཆོས་སྤང་བ་དང།  དགེ་བའི་ཆོས་བསྐྱེད་པའི་ ཕྱིར་བརྩོན་འགྲུས་བརྩམས་པ་དང།  ནམ་གྱི་ཆ་སྟོད་དང། ། ནམ་གྱི་ཆ་སྨད་ལ་མི་ཉལ་བར་རྣལ་འབྱོར་ལ་བརྩོན་པ་འབྱུང་བར་འགྱུར་ཏེ། ། དེ་ནི་དེའི་ཚེ་སྲོག་ལ་འབབ་པར་འགྱུར། ། སྨད་པར་འགྱུར། ། ཡོངས་སུ་སྤོང་བར་འགྱུར་རོ། ། འོད་སྲུང་དེ་ལྟར་ན་དེའི་ཚེ་ཆོས་འདི་ལྟ་བུ་རྣམ་ པར་འཇིག་པར་འགྱུར། ། དགེ་སློང་རྣམ་པར་འཇིག་པར་འགྱུར་རོ། ། དེ་ན་མཁས་པ་ཟབ་མོ་མ་མོས་པ་གོས་པ་མེད་པ་ལ་མོས་པ་དག་གིས་དེའི་ཚེ་གུས་པ་དང་བཅས་པར་བྱ། ། ཞེས་དང་བཅས་པར་བྱ་ཞིང་གཅིག་ཏུ་འདུས་ནས་དགོན་པ་ལ་གནས་པར་བྱའོ། ། དེ་ནས་བཅོམ་ལྡན་ འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། ། ང་ཡིས་ཆོས་གང་ལེགས་བཤད་པ། ། དམ་པའི་དོན་དང་ལྡན་པ་སྟེ། ། ཕུང་པོ་སྙིང་པོ་མེད་བསྟན་པ།  དེ་དག་རྨི་ལམ་འདྲ་བར་ལྟོས། ། དེ་ཚེ་དགེ་སློང་དེ་དག་ནི། ། རྩོད་པར་བྱེད་དེ་གཡོ་ཞིང་འགུལ། ། ཕན་ ཚུན་བྱེ་བྲག་ཡོང་མེད་དེ། ། དེ་དག་འདུ་ཤེས་རྙེད་པར་འགྱུར། ། དགེ་སློང་གང་གིས་ཅི་བྲྗོད་པ།  དེ་དག་རྣམས་ཀྱང་དེ་ཙམ་བྲྗོད། ། ཆོས་ཀྱི་ཚུལ་ནི་དེ་ཙམ་སྟེ། ། བྱེ་བྲག་ཡོད་པར་མི་འགྱུར་རོ། ། ཁྱིམ་པས་དགེ་སློང་སྨྲ་བ་ནི། ། སངས་རྒྱས་རྣམས་ཀྱི་བྱང་ཆུབ་འདི། །  གལ་ཏེ་ཤེས་ན་ངོ་མཚར་ཏེ། ། ཁྱོད་ཀྱིས་འབྲས་བུ་དང་པོ་ཐོབ། ། ཁྱིམ་པ་དགེ་སློང་སྟེན་དེ་དག།  ཆོས་མཐོབ་ཡིན་པ་སྙམ་དུ་སེམས། ། དེ་ཡི་མདུན་དུ་སྦྱིན་པ་རྣམས། ། དེ་དག་ཡང་ཡང་སྦྱིན་པར་འགྱུར། ། དགེ་སློང་ཇི་ལྟར་བཤད་པ་དག།  དེ་ནི་དེ་བཞིན་གཞན་དུ་མིན། །  བདེན་པ་མཐོང་དེས་བདག་ཅག་ལ། ། བཤད་པ་རྣམས་ནི་འཐུན་སྙམ་བྱེད། ། སྦྱིན་པ་ཡོད་དེ་དགེ་སློང་རྣམས། ། དམ་པའི་ཆོས་ལ་མི་གནས་ཏེ། ། དེ་ཡི་ཚེ་ན་བྱུང་བ་རྣམས། ། སངས་རྒྱས་བྱང་ཆུབ་འཇིག་པར་བྱེད། ། དེ་ལ་མ་སྟེན་ང་ལ་སྟེན། ། ང་ནི་ཁྱོད་ཀྱི་སྟོན་པ་ཡིན། །  ང་ནི་ཇི་ལྟར་གྱུར་པ་བཞིན། ། ཁྱོད་ཀྱིས་མྱུར་དུ་ཐོབ་པར་འགྱུར། ། འདི་ནི་གནས་ཀྱི་དམ་པ་སྟེ། ། ཞི་བ་ཡིན་ཞས་ཕན་ཚུན་སྨྲ། ། ཐམས་ཅད་གཅིག་ཏུ་འདུས་གྱུར་ནས། ། ང་ཡི་བསྟན་པ་འཇིག་བྱེད་འགྱུར། ། དཔེར་ན་གྲོང་འཇོམས་བྱེད་པ་ཡི། ། ཆོམ་རྐུན་ཤིན་ཏུ་ མི་བཟད་རྣམས། ། གྲོང་ཁྱེར་རྣམས་དང་ཡུལ་འཁོར་དང། ། གྲོང་འདབ་དག་ནི་རྣམ་པར་འཇིག།  དེ་བཞིན་དགེ་སློང་རྣམས་འབྱུང་བ། ། བློ་ངན་དམན་ཞིང་ཤིན་ཏུ་རྨོངས། ། ཤེས་རབ་ཆུང་ཞིང་སྡོམ་པ་འཆལ། ། སྲོག་དང་གང་ཟག་ཤིན་ཏུ་རྟེན། ། ང་ཡིས་གཡོ་ བ་གང་བཤད་པ། ། དེར་བརྟེན་འདི་ལ་ཉམས་པ་སྟེ། ། དེ་དང་དེ་དང་དགྲ་བཅོམ་སྨྲ། ། དེ་ཀུན་ལྷག་པའི་ང་རྒྱལ་ཅན། ། དགེ་སློང་དགེ་འདུན་མདུན་དག་ཏུ། ། དེ་དག་འདུས་པར་གྱུར་ཀྱང་ནི། ། དེ་ནི་མིང་དུ་སྣང་བར་ཟད། ། གཅིག་ཀྱང་དེ་ནི་ཤིན་ཏུ་དཀོན། ། དེ་ཚེ་ཆོས་ཀྱི་རྒྱལ་ པོ་ཡི། ། བྱང་ཆུབ་རབ་ཏུ་སྤོང་བར་འགྱུར། ། ལྷ་རྣམས་སྡུག་བསྔལ་ཡི་མུག་ཅིང། ། ཡང་དང་ཡང་དུ་དུ་བར་འགྱུར། ། ཆོས་མཆོག་ཤཀྱ་སེང་གེ་ཡི། ། བསྟན་པ་འདི་ནི་རབ་འཇིག་ཅེས། ། དེ་ན་ལྷང་ག་དང་པ་རྣམས། ། ས་ལ་རབ་ཏུ་འགྱེལ་བར་འགྱུར། ། ཀྱེ་མ་སངས་ རྒྱས་ཞེས་སྨྲ་ཞིང།  ཀྱེ་མ་ལེགས་པར་བཤད་པའི་ཆོས། ། ཀྱེ་མ་དགེ་འདུན་སྦྱིན་པའི་གནས། ། སངས་རྒྱས་ཐུག་སྐྱེས་སྲས་ཞེས་སྨྲ། ། ཆོས་ཀྱི་རྒྱལ་པོས་བསྟན་པ་ཡི། ། ཆོས་ནི་ཕྱིན་ཅད་མི་ཐོས་སོ། ། ཀུན་ཏུ་རྨོངས་ཤིང་མུན་པར་གྱུར། ། ཐུབ་པ་འདི་ནི་མྱ་ངན་འདས་ ས་བླའི་ལྷ་རྣམས་དེ་མ་ཐག།  སྒྲ་ཆེན་འདི་སྐད་སྒྲོགས་པར་འགྱུར། ། སྒྲོན་མ་འདི་ནི་མེད་འགྱུར་ཞེས། ། ལྷ་རྣམས་གོ་བར་བྱེད་པར་འགྱུར། ། དེ་ལས་འཇིག་རྟེན་ལྷག་མེད་པའི། ། སངས་རྒྱས་ཁྱེད་ཀྱིས་ཐོས་ཟིན་གྱིས། ། ཕྱིན་ཅད་ལྷ་དང་ཀླུ་རྣམས་ཀྱང་ ཡིད་ལ་གཅགས་པར་གྱུར་ཏ་རེ། ། སངས་རྒྱས་ཇི་ལྟར་ང་འགྱུར་ཞེས། ། བསྐལ་པ་གྲངས་མེད་གསུམ་དུ་དེས། ། བདག་གི་དང་ནི་གཞན་དག་གི། ། སྡུག་བསྔལ་ཐམས་ཅད་བཟོད་པར་བྱས། ། གང་གིས་སྲོག་ཆགས་ཐམས་ཅད་ལ། ། ཤིན་ཏུ་ལེགས་པར་ཆོས་བསྟན་པ། །  འཇིག་རྟེན་མགོན་པོ་དེ་ཡི་ཆོས། ། འདི་ནི་ཤིན་ཏུ་ནུབ་པར་འགྱུར། ། འཁྲུག་པར་བྱེད་པ་བྱུང་གྱུར་ཏེ། ། ཤིན་ཏུ་མི་བཟད་སྡིག་བྱེད་པ། ། བདུད་ཀྱི་ཕོ་ཉ་དྲག་པོའི་བདུད། ། འཇིག་འདོད་བཀའ་བློ་རབ་མི་བདེ། ། གཡོ་བྱེད་གཡོན་ཅན་བློ་གྲོས་ངན། ། སྒྱུ་དང་ལྡན་ཞིང་ བྱིས་པ་དམན། ། ཁྲོས་ཤིང་ཁྲོས་ནས་བླ་མ་དང། ། རྒྱལ་བའི་བསྟན་པ་འཇིག་པར་བྱེད། ། ས་བླ་པ་ལས་སྒྲ་ཐོས་ནས། ། བླ་མའི་ལྷ་རྣམས་མི་དགར་འགྱུར། ། རྒྱལ་པོ་ཆེན་པོ་བཞི་པོ་ཡང། ། དེ་ཚེ་ཡིད་མི་བདེ་བར་འགྱུར། ། ལྕང་ལོ་ཅན་གྱི་ཕོ་བྲང་དུ། ། གནོད་སྦྱིན་ ཚོགས་རྣམས་འདུས་གྱུར་ནས། ། ཐམས་ཅད་གདོང་ལ་མཆི་འཛག་ཅིང། ། འཇིགས་སུ་རུང་བའི་སྒྲ་ཡང་འབྱིན། ། ལྷ་རྣམས་ཐམས་ཅད་འདུས་གྱུར་ནས། ། ཉམ་ཐག་པར་ནི་ཆོ་ངེ་འདོན། ། ཕན་ཚུན་སློབ་པར་མི་བྱེད་ཅིང། ། ཡིད་ནི་ཤིན་ཏུ་དམན་པར་འགྱུར། ། གྲོང་ཁྱེར་གང་ དག་རབ་བརྒྱན་ཅིང། ། རིན་ཆེན་རང་བཞིན་གནས་པ་རྣམས། ། ཐམས་ཅད་མི་སྡུག་མདོག་གྱུར་ཅིག།  ཕྱག་དར་ཕུང་པོ་འདྲ་བར་འགྱུར། ། གྲོང་ཁྱེར་དམ་པ་དེ་དག་ཏུ། ། སྐད་ཅིག་དེ་ལ་དགའ་མི་འགྱུར། ། གྲོང་ཁྱེར་དམ་པ་དེ་དག་ཏུ། ། སྔོན་ཆད་བཞིན་དུ་དགའ་མི་འགྱུར། །  གང་དུ་ང་ནི་བཅས་གྱུར་པ། ། དེར་ན་ལྷ་རྣམས་འདང་བྱེད་ཅིང། ། མཐོང་ནས་རབ་ཏུ་འགྱེལ་འགྱུར་ཏེ། ། དེ་ལྟར་ཤིན་ཏུ་མི་བཟང་འགྱུར། ། ས་ལ་འབབ་པར་བྱེད་འགྱུར་ཞིང། ། དེར་འདོང་དེར་ནི་འདུག་པར་བྱ། ། ཡང་དག་ཉིད་ཀྱི་ཆོས་རྣམས་ནི། ། མྱུར་དུ་འཇིག་འགྱུར་ཡོད་ ཅེས་འཛེར། ། འཛམ་བུའི་གླིང་དུ་བབས་གྱུར་ནས། ། རྣམ་པར་འཇིག་པ་མཐོང་བར་འགྱུར། ། སངས་རྒྱས་སྲས་རྣམས་བྲེལ་ཕོངས་ཏེ། ། ཤིན་ཏུ་རྣམ་པར་འཇིག་པར་འགྱུར། ། གྲོང་ཁྱེར་མཆོག་རྣམས་ཞག་བདུན་དུ། ། ཁ་དོག་གཟི་བྱིན་མེད་པར་འགྱུར།  ཞག་བདུན་ བར་དུ་ལྷ་རྣམས་ཀྱང། ། ཡང་དང་ཡང་དུ་ངུ་བར་འགྱུར། ། ཀྱེ་མ་སངས་རྒྱས་དཔའ་ཆེན་པོ། ། མངོན་སུམ་མཐོང་བར་གང་གྱུར་པ། ། མགོན་པོ་དེ་ཡང་སྣང་མ་གྱུར། ། བདག་མགོན་དེ་ཡང་མྱ་ངན་འདས། ། མཉན་ཡོད་གནས་པར་གྱུར་པ་ན། ། གང་དག་ལྷགས་ནས་ བསྙེན་བཀུར་བ། ། དེ་དག་ས་དེར་གནས་ནས་སུ། ། ཡང་དང་ཡང་དུ་ངུ་བར་འགྱུར། ། འདི་ནི་སངས་རྒྱས་གདན་ཡིན་ཏེ། ། འཕགས་པའི་བདེན་པ་བཞི་པོ་དག།  མི་མཆོག་གིས་ནི་དེར་བཤད་པ། ། བདག་ཅག་དེ་ཚེ་མངོན་སུམ་མོ། ། འཇིག་རྟེན་དག་ཀྱང་ཡང་ལྔ་ངས་ཤིང། །  ཕན་ཚུན་གུས་པར་བྱེད་མི་འགྱུར། ། སྡིག་པའི་ལས་རྣམས་བྱས་ནས་སུ། ། དེས་ནི་ངན་འགྲོར་འགྲོ་བར་འགྱུར།  ལྷ་ཡི་གཞལ་མེད་ཁང་མང་རྣམས། ། དེ་ཡི་ཚེ་ན་སྟོངས་པར་འགྱུར། ། འཛམ་བུའི་གླིང་གི་སེམས་ཅན་རྣམས། ། མགོན་མེད་སྐྱབས་ཀྱང་མེད་པར་ འགྱུར། ། འཆག་སར་གྱུར་པའི་གནས་འདི་དག།  རྣམ་པར་ཞིགས་ཤིང་སྟོངས་པར་འགྱུར། ། ཆོས་རྒྱལ་མྱ་ངན་འདས་གྱུར་པས། ། འཇིག་རྟེན་འདི་དག་དགའ་བ་མེད། ། སུམ་ཅུ་རྩ་གསུམ་གནས་ཀྱི་བདག།  ལྷ་དབང་བརྒྱ་བྱིན་དེ་ཡི་ཚེ། ། སྡུག་བསྔལ་གྱུར་ཅིང་ ཡི་མུག་ནས། ། སྒྲ་ཆེན་རབ་ཏུ་འབྱིན་པར་འགྱུར། ། སུམ་ཅུ་རྩ་གསུམ་ལྷ་ཀུན་ཀྱང། ། ལག་པ་བསྒྲེང་ཞིང་རབ་ཏུ་ངུ། ། སྐྱེད་མོས་ཚལ་དུ་ཐོས་གྱུར་ནས། ། དེ་མ་ཐག་ཏུ་རྒྱུག་པར་འགྱུར། ། ཆོས་རྣམས་སྟོན་པ་གང་ཡིན་པ། ། འཇིག་རྟེན་མགོན་དང་བྲལ་ལོ་ཞེས། །  ལྷ་རྣམས་རྟག་པར་རྒྱུན་དུ་ཡང། ། ང་ནི་རྗོད་པར་བྱེད་པར་འགྱུར། ། ལྷ་རྣམས་བདུད་རྩི་མི་ཟ་ཞིང། ། གླུ་ཡི་སྒྲ་ཡང་ལེན་མི་འགྱུར། ། སུམ་ཅུ་རྩ་གསུམ་ལྷ་རྣམས་ནི། ། ཟླ་བ་དྲུག་ཏུ་ཡིད་མི་བདེ། ། བསྟན་པའི་བདག་པོ་མེད་གྱུར་ཅེས། ། ལྷ་མ་ཡིན་གྱིས་དེར་ཐོས་ནས། །  སུམ་ཅུ་གསུམ་གྱི་ལྷ་རྣམྶ་དང།  འཐབ་མོ་བྱེད་དུ་འདོང་ཞེས་འཛེར། ། འཛམ་བུའི་གླིང་གི་རྒྱལ་པོ་རྣམས། ། སངས་རྒྱས་མཆོད་རྟེན་བྱེད་པར་འགྱུར། ། དེ་ཡི་ཚེ་ན་ལྷ་མིན་དང། ། ལྷ་རྣམས་འཐབ་མོ་བྱེད་པར་འགྱུར། ། དེ་ཚེ་དགེ་སློང་ཕལ་ཆེར་ཡང།   ངན་འགྲོ་དག་ཏུ་འགྲོ་བར་འགྱུར། ། དགེ་སློང་མ་ནི་ཕལ་ཆེར་ཡང། ། ངན་འགྲོ་དག་ཏུ་འགྲོ་བར་འགྱུར། ། དེ་ཚེ་ཁྱིམ་པ་ཁྲིམས་འཆལ་པ། ། དགེ་བསྙེན་པའམ་ཁྱིམ་གནས་པ། ། དེ་དག་གིས་ཀྱང་སྒྲ་བྲྗོད་ནས། ། དེས་ན་ངན་འགྲོར་འགྲོ་བར་འགྱུར། ། དེ་ཚེ་བུད་མེད སྡིག་པ་ཅན། ། དེ་དག་འགྲོ་བའང་སྡིག་ཅན་ཏེ། ། དེ་ཚེ་འཇིག་རྟེན་ཐམས་ཅད་ཀྱང། ། གཡོ་ཞིང་ཤིན་ཏུ་འགུལ་བར་འགྱུར། ། ལ་ལ་དག་ནི་གྲོང་འདབ་རྒྱུག།  ལ་ལ་དག་ནི་རི་ལ་རྒྱུག།  རྣམ་པར་རྒྱུག་པའི་སེམས་ཅན་རྣམས།  གྲོག་ནི་རིང་པོར་མི་ཐུབ་འགྱུར། ། ཆོམ་ རྐུན་དག་ཀྱང་མང་དུ་འབྱུང། ། དགོན་པ་ཡང་ནི་འབྱུང་འགྱུར་ཞིང། ། འབྲུ་རྣམས་བཏབ་ཀྱང་མི་གནས་ཏེ། ། བྱི་བ་དག་གིས་གནོད་པར་འགྱུར། ། མུ་གེ་བྱུང་བར་གྱུར་པ་ན། ། མི་གང་འཆི་བའི་དུས་བྱེད་པ། ། ཤི་ནས་ཡི་དགས་ནང་འགྲོ་སྟེ། ། དེ་ནི་སྡུག་བསྔལ་མྱོང་ པར་འགྱུར། ། དེ་ཚེ་ཕྱོགས་བཞིའི་དགེ་འདུན་དང། ། མཆོད་རྟེན་ལ་ནི་གང་ཕུལ་བ། ། དེ་ཚེ་དགེ་སློང་དེ་དག་གིས། ། ཕན་ཚུན་བགད་པ་བྱེད་པར་འགྱུར། ། ང་འདས་གྱུར་པའི་ཕྱི་ན་ནི། ། སྡུག་བསྔལ་འདི་འདྲ་འདི་འབྱུང་གིས། ། མྱུར་དུ་རབ་ཏུ་བརྩོན་གྱིས། ། དེ་ནི་མངོན་ སུམ་གྱུར་རེ། ། བྱིས་པ་ཐམས་ཅད་མི་ཤེས་ཤིང། ། བྱིས་པ་ཐམས་ཅད་མཁས་མ་ཡིན། ། བྱིས་པ་དེ་དག་ལས་བྱས་ནས། ། ངན་འགྲོ་མྱུར་དུ་འགྲོ་བར་འགྱུར། ། གང་ལས་ཤེས་རབ་འབྱུང་འགྱུར་བ། ། ལུང་ནོད་པ་དང་ཁ་ཏོན་དགའ། ། ཤེས་རབ་བསླབས་པའི་སེམས་ ཅན་རྣམས། ། མྱུར་དུ་བདེ་འགྲོ་འགྲོ་བར་འགྱུར། ། ཤེས་རབ་རྣམ་པར་བརྟགས་ན་མཛེས། ། ང་ནི་ཅི་འདྲ་དེ་ལྟར་སློབས། ། ཐམས་ཅད་འདུ་བ་སྤངས་ནས་སུ། ། མྱུར་དུ་མྱ་ངན་འདས་པར་འགྱུར། ། དམ་པའི་ཆོས་ནི་ཅུང་ཞིག་གནས། ། བརྩོན་འགྲུས་བརྟན་པ་བརྩམ་པར་གྱིས། །  དེ་ཙམ་ཞིག་ནི་སྨྲ་བར་ནུས། ། ཚུལ་བཞིན་བསམ་པ་མྱུར་གྱིས། ། བསྐལ་པ་འདི་ནི་འདས་འོག་ཏུ། ། བསྐལ་པ་དྲུག་ཅུ་ཐམ་པར་ནི། ། སངས་རྒྱས་སྒྲ་གྲག་མི་འགྱུར་ན། ། དགའ་བ་འདི་ནི་ག་ལ་འབྱུང། ། བཀྲེས་པས་ཤིན་ཏུ་ཉེན་གྱུར་པས། ། ཕན་ཚུན་དག་ནས་འདུས་གྱུར་ ནས། ། མ་ཡི་ཤ་དང་བུ་ཡི་ཤ། ། དེ་དག་ཟ་བར་བྱེད་པར་འགྱུར། ། དེ་ན་བུ་ཕོ་སྐྱེས་པ་ཡང། ། བག་ཕེབས་ཁྱིམ་དུ་འགྲོ་མི་བྱེད།  རང་གི་ཁྱིམ་ན་འདུག་ཀྱང་ནི། ། ཤིན་ཏུ་འཇིགས་པས་སྐྲག་པར་འགྱུར། ། འཁོར་བར་ཤིན་ཏུ་གནོད་གྱུར་པ། ། དེ་དག་མཐོང་ཞིང་ཐོས་གྱུར་ ནས། ། འདོད་ལ་སུ་ཞིག་སྲེད་པ་སྐྱེ། ། འདོད་པའི་རྩ་བ་བུད་མེད་ཡིན། ། སྐྱེ་བའི་རྩ་བ་མི་ཤེས་པ། ། སྡུག་བསྔལ་རྩ་བ་ཕུང་པོ་སྟེ། ། དེ་བས་སྡུག་བསྔལ་ཡོངས་སུ་སྤོངས། ། སེམས་ཅན་གང་དག་རྨོངས་གྱུར་པ། ། དེ་དག་བུད་མེད་སྟེན་པར་བྱེད། ། སེམས་ཅན་གང་ དག་མ་རྨོངས།  མྱུར་དུ་མྱ་ངན་འདས་རེག་འགྱུར། ། ལུང་འབོགས་བྱེད་ནི་རྣམ་སྨིན་དང།  ཕྲད་པར་འགྱུར་བ་ཡོད་མ་ཡིན། ། གང་གིས་ངན་འགྲོ་འགྱོར་འགྱུར་བ། ། ཟག་བཅས་འབྲས་བུར་བཅས་པ་འདི། ། གང་དག་ཟག་པ་མེད་པའི་ཆོས། ། གསོ་བ་དང་གསོག་དང་སྟོང་ པ་དང། ། སྙིང་པོ་མེད་དང་དབེན་པ་སྟེ། ། དེ་དག་མྱུར་དུ་རྟོགས་པར་གྱིས། ། འོད་སྲུང་ཆོས་དང་པོ་འདི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཟག་པ་མེད་པའི་ཆོས་འདོད་ན་ཆོས་ཐམས་ཅད་ལ་སེམས་མི་གནས་པར་བསྟན་པར་བྱའོ། ། འོད་སྲུང་གཞན་ཡང་བྱང་ཆུབ་སེམས་ དཔའ་ནི་ཡོངས་སུ་སྦྱང་བར་བྱ་བ་བརྟན་པ་ཡིན་ཏེ། ། དེ་ལ་བརྟན་པ་ནི་གང་ཡོངས་སུ་སྦྱང་བར་བྱ་བ་ནི་གང་ཞེ་ན། ། སེམས་བརྟན་པ་ཡིན། ། བརྩོན་འགྲུས་བརྟན་པ་ཡིན་ནོ། ། དེ་ལ་སེམས་བརྟན་པ་གང་ཞེ་ན། ། འོད་སྲུང་འདི་ལ་བྱང་ཆུབ་སེམས་དཔས་འདི་སྙམ་དུ་གང་གའི་ཀླུང་གི་ བྱེ་མ་ཇི་སྙེད་པ་དེ་སྙེད་ཀྱི་སངས་རྒྱས་ལ་བསྙེན་བཀུར་བྱས་ནས་ཕྱིས་བྱང་ཆུབ་ཏུ་སེམས་གཅིག་བསྐྱེད་ལ་དེ་ནས་ཡང་བསྐལ་པ་གང་གའི་ཀླུང་གི་བྱེ་མ་སྙེད་ན་སངས་རྒྱས་གཅིག་འབྱུང་ཞིང་སེམས་བསྐྱེད་པ་གང་གའི་ཀླུང་གི་བྱེ་མ་སྙེད་ཀྱིས་མི་ལུས་གཅིག་ཐོབ་ལ། ། མིར་སྐྱེ་བ་ཐོབ་པ་ གང་གའི་ཀླུང་གི་བྱེ་མ་སྙེད་ཀྱི་ཆོས་ཀྱི་ཚིག་གཅིག་ཐོས་ཤིང་དེས་ཤེས་རབ་གསལ་བར་གྱུར་ཀྱང་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཕན་པར་གྱུར་པ་སྙམ་དུ་སེམས་བསྐྱེད་པར་བྱའོ། ། དེ་ལ་བྱང་ཆུབ་སེམས་དཔས་སེམས་བརྟན་པ་འདི་ལྟ་བུ་བསྐྱེད་ པར་བྱ་སྟེ། ། སངས་རྒྱས་ཀྱི་ཡེ་ཤེས་ཅི་འདྲ་བ་དེ་མནོད་པར་བྱ། ། བདག་གིས་བྱ་དཀའ་བ་འདི་ལྟ་བུ་དེ་བཙལ་བར་བྱ། ། བདག་གིས་བྱ་དཀའ་བ་འདི་ལྟ་བུས་སངས་རྒྱས་ཀྱི་ཡེ་ཤེས་དེ་ཡང་དག་པར་བསྒྲུབ་པར་བྱའོ་སྙམ་དུ་སེམས་བསྐྱེད་པར་བྱ་སྟེ། ། འོད་སྲུང་བྱང་ཆུབ་སེམས་དཔའ་ རྣམས་ནི་སེམས་བརྟན་པ་འདི་ལྟ་བུ་ཡིན་ནོ། ། ཀྱེ་འོད་སྲུང་འདི་ལ་མི་མཛངས་པ་ཁ་ཅིག་ནི་དཔེས་བཤད་པའི་དོན་རྟོགས་པར་འགྱུར་བས་ཁྱོད་ལ་དཔེ་བྲྗོད་པར་བྱའོ། ། འོད་སྲུང་གལ་ཏེ་བྱ་དཀའ་བའི་གནས་འདི་ལྟ་བུས་བྱང་ཆུབ་འཐོབ་སྟེ། ། གང་ཞིག་བསྐལ་པ་གང་གའི་ཀླུང་ གི་བྱེ་མ་སྙེད་དུ་དབུགས་དབྱུང་བར་མི་བྱ། ། དབུགས་རྔུབ་པར་མི་བྱ་བར་སློབ་ཅིང་དབུགས་དབྱུང་བར་མི་བྱེད། ། དབུགས་རྔུབ་པར་མི་བྱེད་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་བྱང་ཆུབ་པར་བྱེད་ཅིང་བསྐལ་པ་གང་གའི་ཀླུང་གི་བྱེ་མ་སྙེད་དུ་གནས་ན་ ཡང་དེ་ལ་བྱང་ཆུབ་སེམས་དཔས་མ་ཐུ་བསྐྱེད་པར་བྱ། ། སྤྲོ་བ་བསྐྱེད་པར་བྱའི་བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡོངས་སུ་གཏང་བར་མི་བྱའོ་སྙམ་དུ་སེམས་བརྟན་པ་འདི་ལྟ་བུ་བསྐྱེད་པར་བྱ་སྟེ། ། ཀྱི་འོད་སྲུང་བྱང་ཆུབ་སེམས་དཔའ་ནི་སེམས་བརྟན་པ་འདི་ལྟ་བུ་དང་ལྡན་པ་ ཡིན་ནོ། ། འོད་སྲུང་བྱང་ཆུབ་སེམས་དཔའ་གང་ལ་ལ་ཞིག་འདི་ལྟ་བུའི་སེམས་བསྐྱེད་ན་ཅི་ཞིག་འཛིན་ཅེ་ན། ། གནས་ཀྱང་མི་འཛིན་གནས་མ་ཡིན་པ་ཡང་མི་འཛིན་ཏོ། ། ཇི་ལྟར་གནས་ཀྱང་མི་འཛིན་གནས་མ་ཡིན་པ་ཡང་མི་འཛིན་ཅེ་ན། ། གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ཏུ་འགྱུར་བའི་གནས་ཀྱང་མེད་ལ། ། དེ་མྱུར་དུ་ཡང་འཐོབ་པའོ། ། འོད་སྲུང་གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རིན་པོ་ཆེས་ཡོངས་སུ་བཀང་སྟེ་སྦྱིན་པ་བྱིན་པ་བས། ། གང་གིས་དེ་བཞིན་གཤེགས་པས་གསུངས་པའ་མདོ་སྡེ་བྱང་ཆུབ་ལ་ཡང་དག་ པར་གཞོལ་བ་འདི་ལྟ་བུ་འདི་དག་གི་ཚུལ་གྱིས་གནས་ལེན་ཅིང་ནན་ཏན་གྱིས་སྒྲུབ་ན། ། དེ་ནི་དེ་བས་ཆེས་བསོད་ནམས་ཀྱི་ཕུང་པོ་མང་དུ་སྐྱེད་པར་འགྱུར་རོ། ། འོད་སྲུང་བྱང་ཆུབ་སེམས་དཔའ་ནི་སེམས་བརྟན་པ་ཡིན་ཏེ། ། སེམས་བརྟན་པ་ནི་སེམས་ཀྱང་མི་དམིགས་ཏེ། ། དེས་ན་དེ་ཞུམ་པར་མི་ འགྱུར་རོ། ། དེ་ལ་ཡོངས་སུ་སྦྱང་བར་བྱ་བ་གང་ཞེ་ན། ། ཡོངས་སུ་སྦྱང་བར་བྱ་བ་ནི་མང་སྟེ། ། ཡོངས་སུ་སྦྱང་བར་བྱ་བ་མང་བ་གང་ཞེ་ན། ། ཡོངས་སུ་སྦྱང་བར་བྱ་བ་མང་བ་ནི་གང་སེམས་བསྐྱེད་པ་གཅིག་ཀྱང་རྟོགས་པར་མི་ནུས་པའོ། ། དེ་ཅིའི་ཕྱིར་ཞེ་ན། ། ཆོས་དེ་དག་གི་གདགས་ པར་བྱ་བ་མ་ཡིན་པའི་ཕྱིར་རོ། ། དེ་ལ་འདི་ནི་ཡོངས་སུ་སྦྱང་བར་བྱ་བའི་དམ་པ་ཡིན་ཏེ། ། འདི་ལྟ་སྟེ་སེམས་བརྟན་པ་ཉིད་དོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། ། འབྱུང་ངམ་མི་འབྱུང་འགྱུར་ཞིག་གུ། ། བདག་ནི་ཅི་འདྲར་འགྱུར་ཞིག་ཅེས། ། སེམས་མེད་སེམས་ཀྱི་འདུ་ཤེས་པ། །  སྐྲག་པར་ཆེན་པོ་འབྱུང་བར་འགྱུར། ། དེ་དག་རྟག་ཏུ་རྣམ་པར་རྟོག།  ཇི་ལྟར་བྱང་ཆུབ་འཐོབ་སྙམ་ཞིང། ། ལས་མཐའ་མིན་ལ་གནས་གྱུར་ནས། ། རྣལ་འབྱོར་གདམས་ངག་བྱེད་པར་འགྱུར། ། འདི་དག་ལེ་ལོའི་མཚན་ཉིད་དེ། ། འདི་དག་བྱང་ཆུབ་མཚན་ཉིད་མིན། ། འདིར་ ནི་ཐེ་ཚོམ་ཐམས་ཅད་དབྱུང། ། སངས་རྒྱས་སམ་ནི་ཉན་ཐོས་ཀྱང། ། སངས་རྒྱས་ཆོས་རྣམས་རབ་བཟང་བ། ། སྤྱོད་པར་མི་བྱེད་མི་ཚོལ་ན། ། སྒྲ་ཙམ་གྱིས་ནི་བདེ་བ་འདི། ། ཐོབ་པར་ནུས་པ་མ་ཡིན་ནོ། ། རྒྱལ་ཆེན་སྒྲུབ་པར་བྱེད་པ་ཡི། ། འདུན་དང་དད་པ་འདིར་ཡོང་ ཀྱང། ། སེམས་ཙམ་གྱིས་ནི་ངལ་བ་འདི། ། ཐོབ་པར་ནུས་པ་མ་ཡིན་ནོ། ། འདིར་ནི་བྱ་བ་ཐམས་ཅད་ཀྱང། ། ཆོས་གཅིག་གིས་ནི་བྱེད་དོ་ཞེས། ། བྱེ་བྲག་འདི་ནི་རྟོགས་གྱུར་ནས། ། བྱང་ཆུབ་བྱེད་རྒྱུ་སྤྱད་པར་བྱ། ། འོད་སྲུང་དེ་ལ་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་ རྣམ་གྲངས་དེ་དང་ལྡན་ན་བྱང་ཆུབ་སེམས་དཔའ་སངས་རྒྱས་རྣམས་མཉེས་པར་ཡང་མི་བྱེད་ལ་བདག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་རོ་ཞེས་བདག་ཉིད་ཀྱིས་བདག་ལ་ལུང་སྟོན་པར་བྱེད་དོ། ། འོད་སྲུང་འདི་ལ་བྱང་ཆུབ་སེམས་དཔའ་ ཁྱིམ་པའི་ཡོངས་སུ་སྦྱང་བ་བྱ་བ་གང་དག་བྱང་ཆུབ་ལ་ཕན་པར་འགྱུར་བ་གང་ཡིན་ཞེ་ན། ། འོད་སྲུང་བྱང་ཆུབ་སེམས་དཔའ་ཁྱིམ་པའི་ཡོངས་སུ་སྦྱང་བ་བྱ་བ་གང་དག་བྱང་ཆུབ་ལ་ཕན་པར་འགྱུར་བ་ནི་གསུམ་སྟེ། ། གསུམ་གང་ཞེ་ན། ། ཐམས་ཅད་མཁྱེན་པ་ཉིད་ལ་ཤིན་ཏུ་འདུན་ པར་བྱ་བ་དང། ། སྔོན་གྱི་བྱེད་པར་མི་ལྟུང་བར་བྱ་བ་དང། ། དེས་བསླབ་པའི་གཞི་ལྔ་དང་ལྡན་པར་བྱ་བ་སྟེ། ། ཡན་ལག་གསུམ་པོ་དེ་དག་དང་ལྡན་ན་ཆོས་དྲུག་སྒྲུབ་པར་བྱེད་དོ། ། དྲུག་གང་ཞེ་ན། ། འཕགས་པའི་གནས་འཐོབ་པ་དང། ། མི་བླུན་ཞིང་ལུག་ལྟར་ལྐུགས་པ་མ་ཡིན་པ་དང།   འོན་པ་མ་ཡིན་ཞིང་དིག་པ་མ་ཡིན་པ་དང། ། དེའི་ལུས་རྣམ་པར་གསལ་བར་མངོན་པར་འགྲུབ་པ་དང། ། དད་པ་མྱུར་དུ་འཐོབ་ཅིང་ཆོས་ཟབ་མོ་དག་གིས་སྐྲག་པར་མི་འགྱུར་བ་དང། ། བསྒྲིམ་མི་དགོས་པར་ཐོས་པས་འཕགས་ཤིང་མྱུར་དུ་ཕྱིར་མི་ལྡོག་པ་འཐོབ་པར་འགྱུར་བའོ། ། ཆོས་ དྲུག་པོ་འདི་དག་གི་བར་དུ་གཅོད་པར་འགྱུར་བའི་ཆོས་ལྔ་སྟེ། ། དེ་ལ་མཁས་པར་བྱའོ། ། ལྔ་གང་ཞེ་ན། ། ཕྲ་མ་མི་བྱ་བར་དམ་བཅས་ཏེ་མི་གནས་པ་དང། ། རྣམ་པ་ཐམས་ཅད་བསླུ་བར་མི་བྱ་བ་དང། ། བྱང་ཆུབ་སེམས་དཔས་བསམ་པ་ཕུན་སུམ་ཚོགས་པར་བྱ་བ་དང། ། སེར་སྣ་ ནི་དེའི་བར་དུ་གཅོད་པར་འགྱུར་བ་དང། ། འདོད་པ་ལ་མངོན་པར་ཆགས་པ་ནི་དེའི་བར་དུ་གཅོད་པར་འགྱུར་བ་སྟེ། ། ཆོས་ལྔ་པོ་དེ་དག་ནི་དེའི་བར་དུ་གཅོད་པར་འགྱུར་བའོ། ། གཞན་ཡང་ཉམས་སུ་བླང་བའི་ཆོས་གསུམ་སྟེ། ། གསུམ་གང་ཞེ་ན། ། རྒྱུན་མི་འཆད་པ་རབ་ཏུ་ འབྱུང་བའི་སེམས་བསྐྱེད་པར་བྱ་བ་དང། ། ཚུལ་ཁྲིམས་དང་ལྡན་པའི་དགེ་སྦྱོང་དང་བྲམ་ཟེ་རྣམས་ལ་གུས་པ་དང་བཅས་ཤིང་ཞེས་དང་བཅས་པར་བྱ་བ་དང།  གང་དག་བཅོས་ཤིང་ཆོས་སྟོན་པ་དེ་དག་ཡོངས་སུ་སྤང་བར་བྱ་བའོ། ། དེ་ཅིའི་ཕྱིར་ཞེ་ན། ། དེ་ལ་བྱང་ཆུབ་སེམས་དཔས་བསླབ་པར་མི་ བྱ་བའི་ཕྱིར་རོ། ། བྱང་ཆུབ་སེམས་དཔས་རྩྭའི་ཁུར་བསྐུར་བར་མི་བྱའོ། ། དེ་ཅིའི་ཕྱིར་ཞེ་ན། ། གང་གསོག་པ་དེ་བྱང་ཆུབ་ཀྱི་ལམ་མ་ཡིན་པའི་ཕྱིར་ཏེ། ། དེ་ནི་མི་ཤེས་པས་སྦགས་ནས་ཆོས་དེ་དག་ཡང་དག་པར་བླངས་ཏེ་མི་སློབ་བོ། ། འོད་སྲུང་གཞན་ཡང་བྱང་ཆུབ་སེམས་དཔས་ ཆོས་གསུམ་ཡང་དག་པར་བླངས་ནས་བསླབ་པར་བྱ་སྟེ།  གསུམ་གང་ཞེ་ན།  དེས་རྒྱུན་མི་འཆད་པར་སངས་རྒྱས་ལ་གཞོལ་པར་བྱ་བ་དང། ། ལུང་མནོས་ཏེ་ཁ་ཏོན་བྱ་བ་ལ་མངོན་པར་བརྩོན་པར་བྱ་བ་དང། ། དེས་སེམས་ཅན་རྣམས་ལ་བྱམས་པའི་སེམས་བསྐྱེད་པར་བྱ་ཞིང་ བསྒོམ་པར་བྱ་བ་སྟེ། ། ཆོས་གསུམ་པོ་དེ་དག་ཡང་དག་པར་བླངས་ནས་བསླབ་པར་བྱའོ། ། གཞན་ཡང་ཆོས་གསུམ་ཀུན་ཏུ་བསྟེན་པར་བྱ་སྟེ། ། གསུམ་གང་ཞེ་ན། ། དེས་ཁུ་ཚུར་དང་ཐལ་ལྕག་གིས་བརྡེག་པ་སྤང་བར་བྱ་བ་དང། ། དེས་གཞན་ལ་དམན་པར་གྱུར་པས་སྨྲ་ བར་མི་བྱ་བ་དང། ། སེམས་ཅན་འཇིགས་པ་རྣམས་ལ་མི་འཇིགས་པ་སྦྱིན་པར་བྱ་བ་སྟེ། ། ཆོས་གསུམ་པོ་དེ་དག་ནི་ཀུན་ཏུ་བསྟེན་པར་བྱའོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། ། སེམས་ཅན་དམན་པ་རྣམས་མི་བསྟེན། ། གང་དག་ལྟ་བ་མི་དྲང་བ། ། མཐོང་ནས་རིང་དུ་ སྤང་བྱ་སྟེ། ། སྦྲུལ་གདུག་གཏུམ་པ་ཇི་བཞིན་ནོ། ། གང་དག་དེ་དག་ཕྱག་འཚལ་བ། ། དེ་དག་རྗེས་སུ་བསླབ་མི་བྱ། ། ཁྱི་ཟ་མཐོང་བ་ཇི་ལྟ་བར། ། དེ་དག་རིང་དུ་སྤང་བར་བྱ། ། གང་དག་དམིགས་པ་ཅན་གྱུར་པ། ། སེམས་ཅན་དེ་དག་ངན་འགྲོར་འགྲོ། ། གང་དག་ དེ་དག་རྗེས་སློབ་པ། ། དེ་དག་འགྲོ་བའང་དེ་འདྲའོ། ། རྒྱལ་བའི་བསྟན་པ་ཐོས་གྱུར་ནས། ། སྟོང་པའི་ཆོས་ལ་དོགས་མེད་ཅིང། ། དགེ་སློང་གང་དག་སྟོང་དགའ་བ། ། དེ་དག་ལ་ནི་གུས་པར་བྱེད། ། དེ་དག་ལས་ནི་ཐོས་པ་འཕེལ། ། དེ་དག་ཤེས་རབ་རྣོ་བར་འགྱུར། །  བྱང་ཆུབ་ལ་ནི་ཉེ་འགྱུར་ཏེ། ། སེམས་ཅན་ཀུན་གྱིས་ཕྱག་བྱས་སོ། ། མྱུར་དུ་གསོ་སྦྱོང་བྱེད་པར་འགྱུར། ། ལུད་ནོད་པ་ལ་མྱུར་དུ་སྤྱོད། ། དེ་ཡི་ཤེས་རབ་ཤིན་ཏུ་འཕེལ། ། ཆུ་ལས་ཨུད་པལ་ཇི་བཞིན་ནོ། ། མྱུར་དུ་གསོ་སྦྱོང་བྱེད་པར་འགྱུར། ། ཆོས་ཀྱང་མྱུར་ ངུ་ཉན་པར་བྱེད། ། དེ་ཡི་ཤེས་རབ་རབ་ཏུ་འཕེལ། ། དེས་ནི་ཟག་པ་ཆད་པར་བྱེད། ། ཤེས་རབ་ཆེ་ཞིང་བརྩོན་འགྲུས་ཆེ། ། གཟི་བྲྗིད་ཆེ་ཞིང་འཇིགས་པ་མེད། ། གང་དག་ལ་ནི་བྱེད་འདོད་དང།  བདག་གི་དོན་ཀྱང་རབ་ཏུ་བྱེད། ། འདི་ལ་ཁྱིམ་པ་ཁུ་ཚུར་དང། །  ཐལ་ལྕག་རྡེག་པ་སྤོང་བར་བྱེད། ། བྱང་ཆུབ་ཡན་ལག་ཡོངས་སུ་ཚོལ། ། དེ་ནི་ཆོས་ལས་ཉམས་མི་འགྱུར། ། དེ་ནི་ནད་ཀྱང་ཉུང་བར་འགྱུར། ། གཟུགས་ཀྱི་མཆོག་དང་ལྡན་པར་འགྱུར། ། སེམས་ཅན་རྣམས་ནི་དགའ་བར་འགྱུར། ། ནོར་ལ་དགའ་བ་ མེད་པར་འགྱུར། ། ཁྱིམ་གྱི་ས་ལ་གནས་བྱེད་ཅིང། ། བྱམས་པའི་སེམས་ནི་སྒོམ་པར་བྱེད། ། ངན་འགྲོ་ཐམས་ཅད་ཡོངས་སྤངས་ནས། ། སུམ་ཅུ་རྩ་གསུམ་གནས་སུ་འགྲོ། ། ལྷ་ཞེས་བྱ་བའི་མིང་ཐོབ་ཅིང། ། འདོད་པ་ཅན་གྱིས་འདོད་མོས་ནས། ། ལྷ་ཡི་ནང་ནས་ཤི་ འཕོས་ཀྱང། ། དེ་ནི་ངན་འགྲོར་འགྲོ་མི་འགྱུར། ། གང་དག་རིགས་བཙུན་གྲགས་པ་ཡི། ། མི་ཡི་འཇིག་རྟེན་འདིར་སྐྱེའོ། ། དེ་ནི་གཟུགས་དང་ལྡན་པར་འགྱུར། ། དེ་ལ་རྣམ་པར་གཙེ་མི་ནུས། ། མི་འདི་ཆོས་སྤྱོད་ཡིན་ཞེས་ཏེ། ། ལྷ་དང་ཀླུ་རྣམས་སྲུང་བར་བྱེད། །  གནས་ཀྱི་དམ་པ་མཐོང་འབྱུང་ཞིང། ། སྲོག་ཆགས་ཀུན་ཀྱང་དགའ་བར་འགྱུར། ། དེ་ནི་བདེ་བར་ཉལ་བྱེད་ཅིང། ། བདེ་བར་ཕྱིར་ཡང་སད་པར་འགྱུར། ། ལྷ་རྣམས་ཀྱིས་ནི་བསྲུངས་པ་བཞིན། ། དེ་ལ་འཇིགས་པ་མི་འབྱུང་ངོ། ། རྒྱ་ཆེན་ཆོས་དང་ལྡན་རྣམས་ཀྱིས། །  མཚན་ཉིད་འདི་འདྲ་འདི་དག་སྟེ། ། ཁྱིམ་གྱི་གནས་ན་གནས་རྣམས་ཀྱི། ། གཞན་ཡང་རྒྱ་ཆེར་རབ་ཏུ་མང། ། ཁྱིམ་པ་བྱང་ཆུབ་ཞུགས་པ་གང། ། སྐྱེ་བོ་མང་ལ་དགེ་བ་དག།  སྐུལ་བར་བྱེད་ཅིང་དྲན་པར་བྱེད། ། སྐྲག་རྣམས་མི་འཇིགས་སྦྱིན་བྱེད་པ། ། ཐམས་ ཅད་གཟིགས་པ་མ་གཏོགས་པར། ། ལྷ་གཞན་རྣམས་ཀྱིས་ཤེས་མ་ཡིན། ། དེ་དག་ལམ་ནི་དྲང་པོར་འགྱུར། ། ཀུན་ཀྱང་ཤེས་རབ་ལྡན་པར་འགྱུར། ། དེ་ནི་དགེ་བའི་རྩ་བ་དེས། ། ངན་འགྲོ་ཐམས་ཅད་ཡོངས་སྤངས་ནས། ། རིག་པ་གསུམ་པོ་ཀུན་དང་ལྡན། ། བསླབ་ པ་གསུམ་ལ་བསླབས་པ་ཡིན། ། བསོད་ནམས་ཅི་འདྲ་བྱས་པ་དང། ། ཕྱག་ཀྱང་ཅིག་འདྲ་བྱས་པ་བཞིན། ། དེ་ནི་སེམས་ཅན་ཐམས་ཅད་ཀྱིས། ། གཅིག་པུ་ཕྱག་བྱས་གྱུར་པ་ཡིན། ། གང་ཞིག་སྟོན་ལ་ཕྱག་བྱས་པ། ། བསོད་ནམས་ཅི་འདྲ་བྱས་པ་དང། ། ཕྱག་ ཀྱང་ཅི་འདྲ་བྱས་པ་བཞིན། ། སེམས་ཅན་རྣམས་ཀྱི་མཆོག་ཏུ་འགྱུར། ། ཁྱིམ་གྱི་ས་ལ་གནས་ནས་སུ། ། གང་ཞིག་བྱང་ཆུབ་སེམས་བསྐྱེད་པ། ། དེ་ཡི་གྲགས་ཆོས་འདི་རྣམས་ཏེ། ། གཞན་རྣམས་དག་ཀྱང་ཡང་ཉོན་ཅིག།  འོད་སྲུང་བྱང་ཆུབ་སེམས་དཔའ་ཁྱིམ་ པས་ཆོས་གསུམ་དང་ལྡན་པར་བྱ་སྟེ། ། གསུམ་གང་ཞེ་ན། ། དགེ་མཚན་དང་ལྟས་སྤང་བར་བྱ་བ་དང། ། ཁྱིམ་པ་དེས་བསྲེལ་བ་མང་པོ་སྤང་བའི་ཕྱིར་གཙང་སྦྲར་བྱ་བ་དང།  དེས་མང་དུ་ཐོས་པ་ལ་མངོན་པར་བརྩོན་པར་བྱ་བ་སྟེ། ། ཆོས་གསུམ་པོ་དེ་དག་དང་ལྡན་པར་བྱའོ། ། གཞན་ ཡང་དེས་ཆོས་གསུམ་ཡང་དག་པར་བླངས་ནས་གནས་པར་བྱ་སྟེ། ། གསུམ་གང་ཞེ་ན། ། ཆོས་འཆད་པ་ལ་རྒྱུན་གཅད་པར་མི་བྱ་བ་དང། ། ཆོས་བྲྗོད་པ་ལ་གསོལ་བ་གདབ་པར་བྱ་བ་དང། ། དེས་འབྲུ་མར་གྱི་མར་མེ་རྒྱུན་མི་གཅད་པར་བྱ་བ་སྟེ། ། དེས་ཆོས་གསུམ་པོ་དེ་དག་རྒྱུན་ མི་གཅད་པར་བྱའོ། ། འོད་སྲུང་གཞན་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་པས་གང་དག་བུད་མེད་ཀྱི་དངོས་པོར་འགྱུར་བའི་ཆོས་གསུམ་ཐམས་ཅད་ཀྱི་ཐམས་ཅད་དུ་མི་བྱ་སྟེ། ། གསུམ་གང་ཞེ་ན། ། མ་ཆོས་ཉན་པ་ལས་བཟློག་པར་མི་བྱ་བ་དང། ། དགེ་སློང་ལ་ལྟ་བ་ལས་བཟློག་ པར་མི་བྱ་བ་དང། ། ཆུང་མ་དགེ་སློང་ལ་ལྟ་བ་ལས་བཟློག་པར་མི་བྱ། ། ཐ་ན་རང་གི་ཆུང་མ་ལ་ཡང་ཆོས་ཉན་པའི་བར་ཆད་མི་བྱ། ། ཡན་ལག་མ་ཡིན་པར་གཞུག་པར་མི་བྱ་བ་སྟེ། ། གང་སྐྱེས་པའི་དངོས་པོ་སྤངས་ནས་བུད་མེད་དུ་འགྱུར་བའི་ཆོས་གསུམ་པོ་འདི་དག་ཐམས་ཅད་ཀྱིས་ ཐམས་ཅད་དུ་མི་བྱའོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། ། རབ་ཏུ་དད་པས་ཡང་དག་ཡང། ། འབྲུ་མར་མར་མེ་བུད་པར་བྱ།  དེ་ལས་དེ་ནི་རྡུལ་མེད་སྤྱན། ། སངས་རྒྱས་སྤྱན་ནི་ཐོབ་པར་འགྱུར། ། མིག་དེ་ཡིས་ནི་མགོན་པོ་དེ། ། ཤེས་བྱ་ཐམས་ཅད་ཤེས་པར་འགྱུར། ། ཤེས་བྱ་གང་ ཞིག་ཤེས་མིན་པ། ། ཤེས་བྱ་ཤེས་ནས་ཤེས་པར་འགྱུར། ། འདས་པའི་ཤེས་བྱའི་ཆོས་རྣམས་དང། ། ད་ལྟར་བྱུང་བའང་དེ་བཞིན་ཏེ། ། མ་འོངས་པ་ལ་བརྟག་མི་བྱ། ། མཚན་ཉིད་གསུམ་དུ་གྱུར་ཏ་རེ། ། མཚན་ཉིད་གཉིས་པོ་དེ་དག་ཡོད། ། གསུམ་པོ་རྣམ་ པར་སྤང་བྱས་ན། ། དེ་དག་ཐམས་ཅད་དོན་གཅིག་འགྱུར། ། མཚན་ཉིད་ཀྱིས་ནི་མཚན་ཉིད་མེད། ། དབང་པོ་སངས་རྒྱས་ཀྱིས་བཤད་པ། ། ཆོས་དེ་དབང་པོ་མ་ཡིན་ནོ། ། གང་གིས་དེ་དག་རྣམ་བརྟགས་པ། ། དེ་ནི་བྱང་ཆུབ་མཆོག་མི་འགྱུར། ། སངས་རྒྱས་སྤྱན་ནི་རྣམ་སྦྱངས་ན། །  ཐམས་ཅད་མངོན་སུམ་ཤེས་པར་འགྱུར། ། གང་ཞིག་ཡང་དག་རབ་བཤད་པའི། ། ལམ་འདི་ཉིད་ལ་བྱང་ཆུབ་ཡོད། ། ཆོས་རྣམས་དེ་དག་བསྟན་པ་མེད། ། དེ་དག་རྣམ་པར་བཤིག་པའང་མེད། ། ཆོས་རྣམས་ཐམས་ཅད་མ་བཤད་དེ། ། དེས་ན་རབ་ཏུ་བཤད་ཅེས་བྱ། ། དེ་ཡི་ཕྱིར་ན་སྟོན་པ་ནི། །  ཁྱིམ་པ་རྣམས་ལ་ཆོས་སྟོན་ཏེ། ། འབྲུ་མར་རྣམས་ཀྱི་མར་མེ་བུས། ། དེ་ཚེ་མིག་གིས་ཤེས་པར་འགྱུར། ། ཤཀྱ་སེང་གེའི་བསྟན་པ་ནི། ། འཆད་པའི་ཚེ་ན་རྒྱུན་མི་གཅད། ། མྱུར་དུ་ངན་འགྲོར་སོང་ང་རེ། ། དམུས་ལོང་དུ་ཡང་མྱུར་དུ་འགྱུར། ། རྒྱལ་བའི་བསྟན་པ་ཤོད་ཅིག་ཅེས། ། ཡང་དང་ཡང་དུ་ གསོལ་བ་གདབ། ། དེ་ནི་དགེ་བའི་རྩ་བ་དེས། ། འཁོར་ལོ་དམ་པ་བསྐོར་བར་འགྱུར། ། བར་ཆད་བྱེད་པར་མི་བྱ་སྟེ། ། ཆོས་ཀྱི་བར་ཆད་བྱས་པས་ན། ། བུད་མེད་མི་བཟད་ཆེན་མོ་དང། ། ལོང་སྒུར་རབ་སྡིག་གྱུར་ཏེ། ། དེ་ནི་གཟུགས་རྣམས་མི་མཐོང་ཞིང། ། དེ་ནི་ཅུང་ཟད་མི་ཐོས་ཏེ། ། སྐྱེ་བ་པོ་ ཞིག་མུན་ཁུང་དུ། ། བཅུག་ནས་འདུག་པ་ཇི་བཞིན་ནོ། ། ཆུང་མའི་ཕྱིར་ནི་ཕྲག་དོག་ཅན། ། བར་ཆད་དག་ནི་བྱས་པས་ན། ། མྱུར་དུ་འཆི་བའི་དུས་བྱས་ནས། ། ཤིན་ཏུ་སྡིག་ཅན་བུད་མེད་འགྱུར། ། སྐྲ་ནི་སེར་ཞིང་ཁམ་པ་དང། ། གནག་ཅིང་བལྟ་ན་མི་སྡུག་དང། ། ཤིན་ཏུ་མི་བཟད་རྐང་གྱོལ་དང། །  འོན་པར་འགྱུར་ཞིང་ལྕེ་མེད་འགྱུར། ། ཕྲག་དོག་ཅན་གྱི་སྐྱེས་པ་ནི། ། འདོད་པའི་ཆེད་དུ་འདི་འདྲའི་གནས། ། ཤིན་ཏུ་མི་བཟད་འདི་དག་ནི། ། ཡང་དང་ཡང་དུ་མྱུར་དུ་འགྱུར། ། འོད་སྲུང་གཞན་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་པས་ཆོས་གསུམ་མི་བྱ་སྟེ། ། གསུམ་གང་ཞེ་ན། ། གཞན་གྱི་སྦྱིན་པ་ལམ་ བོས་སམ། ། ཐབས་མེད་པར་མར་གྱི་སྙིང་ཁུ་ཡང་སྦྱིན་པར་མི་བྱ་ཞིང་གཞན་ཅི་ཡང་རུང་སྟེ། ། སྦྱིན་པར་དཀའ་བའི་ཡོངས་སུ་གཏང་བ་སྦྱིན་པར་མི་བྱ་བ་དང། ། དེས་རབ་ཏུ་འབྱུང་བའི་བར་ཆད་མི་བྱ་ཞིང་རབ་ཏུ་མ་བྱུང་བ་ཡང་རབ་ཏུ་འབྱུང་བ་ཡང་དག་པར་འཛིན་གཞུག་པ་དང། ། དེ་བཞིན་གཤེགས་པའི་རིང་ བསྲེལ་གྱི་མཆོད་རྟེན་གྱི་ཞལ་ཏ་བྱ་ཞིང་ལག་དཔོན་དུ་བསྐོ་བའི་གནས་སུ་བསྐོས་ན་ཡང་དེ་ལ་བརྟེན་ཏེ་ཡོ་བྱད་དུ་སྤྱད་པར་མི་བྱ་བ་སྟེ། ། བྱང་ཆུབ་སེམས་དཔའ་ཁྱིམ་པས་ཆོས་གསུམ་པོ་དེ་དག་མི་བྱའོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། ། ཕ་རོལ་སྦྱིན་པ་སྦྱིན་པའི་ཚེ། ། རིགས་པ་མིན་ལ་སྦྱིན་མི་བྱ། ། སྦྱིན་པ་ སྐྱོན་ཆགས་ཐམས་ཅད་ནི། ། སྐྱེ་བོ་དཀོན་ལ་སྦྱིན་མི་བྱ། ། དད་པས་དེར་ནོ་སོང་ནས་སུལ། ། ཐལ་མོ་སྦྱར་ཏེ་འདུག་པར་བྱ། ། སྦྱིན་དང་སྦྱིན་པར་ཡང་དང་ཡང། ། ཡིད་ནི་རབ་ཏུ་དགའ་བར་བྱ། ། དེ་ཉིད་དགེ་འདུན་གནས་པ་དེར། ། སྤྲོ་བ་ཤིན་ཏུ་ཆུང་གྱུར་ན། ། གང་ལས་སྐྱེ་བོ་སྤྲོ་ཆུང་བ། ། གསོལ་བ་ བཏབ་སྟེ་ལེན་དུ་གཞུག།  བཏུང་འོས་གསལ་བའི་བཏུང་བ་དང། ། དེ་ན་གང་དག་དེ་འདྲ་བ། ། དེ་ལ་མི་འཐུན་ཡིད་ཀྱིས་སུ། ། སེམས་ནི་གནོད་པར་མི་བསམ་མོ། ། བུ་འམ་འོན་ཏེ་གཉེན་གྱི་རྣམས། ། རབ་ཏུ་འབྱུང་བར་བྱེད་པ་ན། ། དེ་ལ་བྱང་ཆུབ་སེམས་དཔའ་ཡིས། ། བར་དུ་གཅོད་པར་མི་བྱའོ། །  སེམས་ཅན་ཐམས་ཅད་བདེར་གྱུར་ཅིག།  ཐམས་ཅད་མྱ་ངན་འདས་རེག་ཤོག།  བདག་གི་ལྷག་བསམ་འདི་འདྲ་ལ། ། ཆོས་ཀྱི་དམ་པ་བཤད་དུ་གསོལ། ། ཉེས་དམིགས་འདི་དག་ཤེས་ནས་སུ། ། བདག་ནི་དྲི་མ་མེད་པར་བྱ། ། ཉོན་མོངས་དྲི་ཅན་བྱས་པས་ན། ། ཡུན་རིང་མྱ་ངན་བྱེད་ད་རེ། ། འོད་སྲུང་ གཞན་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་པས་ཆོས་གསུམ་ལ་བརྩོན་པར་མི་བྱ་སྟེ། ། གསུམ་གང་ཞེ་ན། ། སྐྱེས་པ་བཙོང་བར་མི་བྱ་བ་དང།  བུད་མེད་བཙོང་བར་མི་བྱ་བ་དང། ། གཞན་དག་ལ་སྨན་མ་ཡིན་པ་སྦྱིན་པར་མི་བྱ་ཞིང་གང་དག་དེ་ལྟ་བུ་བྱེད་པ་དེ་དག་ལ་ཡང་བསྟེན་པར་མི་བྱའོ། ། དེ་ལ་འདི་སྐད་ཅེས་བྱ་ སྟེ། ། སྐྱེས་པ་བཙོང་བ་སྤང་བར་བྱ། ། བུད་མེད་བཙོང་བའང་རྣམ་པར་སྤང། ། སྨན་མིན་སྦྱིན་པར་མི་བྱ་སྟེ། ། སྦྱིན་པར་བྱེད་པ་དེ་དག་སྤང། ། ལྷ་རྣམས་དེ་ལ་འཕྱ་བར་བྱེད། ། སེམས་ཅན་སྡུག་བསྔལ་མྱོང་བར་འགྱུར། ། ཕྱོགས་དང་ཕྱོགས་མཚམས་འགྲོ་བྱེད་ཅིང། ། མྱ་ངན་ཟུང་རྔུས་གནོད་པར་འགྱུར། ། མྱ་ ངན་རྣམ་པ་མང་པོ་ཡིས།  དེ་ནི་ཡུན་རིང་གནོད་པར་འགྱུར། ། མྱ་ངན་གྱུར་ནས་འཆི་དུས་བྱེད། ། དེ་ལྟ་བས་ན་དེ་མི་བྱ། ། དེ་ཕྱིར་ཉེས་པ་འདི་དག་དང། ། གཞན་རྣམས་དང་ཀྱང་ངས་ཤེས་པས། ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕྱིར། ། ཕྱོགས་ཙམ་ཞིང་ནི་བྲྗོད་པ་ཡིན། ། འོད་སྲུང་གཞན་ཡང་བྱང་ ཆུབ་སེམས་དཔའ་ཁྱིམ་པས་ཆོས་གསུམ་མི་བྱ་སྟེ།  གསུམ་གང་ཞེ་ན། ། བུད་མེད་སྨད་འཚོང་མའི་གན་དུ་འགྲོ་བར་མི་བྱ་བ་དང། ། སྨྲ་སེམས་ཐ་དད་པར་སྤྱོད་པའི་སྐྱེས་པའམ། ། བུད་མེད་བསྟེན་པར་མི་བྱ་བ་དང། ། བ་ལང་གསོད་པའི་གནས་སུ་གནས་པར་མི་བྱ་བ་སྟེ། ། བྱང་ཆུབ་ སེམས་དཔའ་ཁྱིམ་པས་ཆོས་གསུམ་པོ་དེ་དག་མི་བྱའོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། ། འདོད་པ་སྤྱོད་པས་སྨད་པའི་འོས། ། སྨད་འཚོང་གན་དུ་འགྲོ་མི་བྱ། ། འདོད་པ་ངན་པ་སྟེན་བྱེད་པ། ། མྱུར་དུ་རིམ་གྲོ་མི་བྱེད་འགྱུར། ། གཟུགས་བཟང་གན་དུ་འགྲོ་བྱེད་པ། ། དེ་དག་ལ་ནི་སྨོད་པར་འགྱུར། །  མྱུར་དུ་ནད་ཀྱིས་ཐེབས་པར་འགྱུར། ། དེས་ན་དེ་ཡང་འཆི་དུས་བྱེད། ། སྨྲ་སེམས་ཐ་དད་སྤྱོད་པ་ཡི། ། སྐྱེས་པའམ་བུད་མེད་དེས་མི་བསྟེན། ། གཞན་གྱི་བུད་མེད་འཕྲོག་བྱེད་ན། ། དེ་ལ་ནུས་ཀྱི་རབ་ཏུ་སྦྱོར། ། བ་ལང་གསོད་པར་བྱེད་པ་ན། ། རྣམ་པ་ཀུན་ཏུ་དེར་མི་འགྲོ། ། བྱང་ཆུབ་སེམས་དཔའ་ རྣམ་དག་ལ། ། སྐྱོབ་པ་ངས་ནི་འདི་མ་བསྔགས། ། ཉེས་པ་འདི་དག་མཁྱེན་པས་ན། ། སངས་རྒྱས་ཀྱིས་ནི་དེ་ཕྱིར་བྲྗོད། ། རིགས་པ་མིན་ལ་སྦྱོར་བ་རྣམས། ། དེ་དག་ཆེད་དུ་བྲྗོད་པ་མཛད། ། སངས་རྒྱས་ང་ཡི་ཉན་ཐོས་རྣམས། ། ཤེས་སོ་ཞེས་ནི་ཁ་ཅིག་སྨྲ། ། དེ་དག་སངས་རྒྱས་སྤྱན་སྔ་ནས། །  སྤྱོད་ཡུལ་གང་ན་ཡོད་པར་འདོང། ། སེམས་ཅན་གང་དག་འཕགས་གནས་ཤིང། ། མྱུར་དུ་མྱ་ངན་འདས་འདོད་པ། ། དེ་དག་དོན་དུ་བཤད་པ་སྟེ། ། བཀའ་བློ་མི་བདེ་ཕྱིར་མ་བཤད། ། འོད་སྲུང་གཞན་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་པས་ཆོས་གསུམ་དང་ལྡན་པར་བྱ་སྟེ། ། གསུམ་གང་ཞེ་ན། །  ཁྱིམ་ན་གནས་པ་དེས་སྲོག་ནི་ཕོ་ཉའི་དགོངས་གནས་དང་འདྲ་བར་བདག་ལ་རྣམ་པར་བརྟག་པར་བྱ་བ་དང། ། བྱིན་ཞིང་ཡོངས་སུ་བཏང་བའི་ནོར་བསགས་པར་བསྒྲུབ་པར་བྱ་ཞིང། ། སང་མ་བྱིན་པ་དང་ཡོངས་སུ་མ་བཏང་བ་དེ་ལ་དཔག་ཚད་བརྒྱ་ན་ཡོད་པ་ལ་ཡང་འདུ་ཤེས་བསྐྱེད་པར་མི་བྱ་བ་དང། །  དེས་བུ་དང་ཆུང་མའི་ཆེད་དུ་གཞག་པའི་བློ་བསྐྱེད་པར་མི་བྱ་སྟེ། ། འོད་སྲུང་བྱང་ཆུབ་སེམས་དཔའ་ཁྱིམ་པས་ཆོས་གསུམ་པོད་དག་དང་ལྡན་པར་བྱའོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། ། བདག་ནི་མྱུར་དུ་འཆིའོ་ཞེས། ། འཆི་བའི་འདུ་ཤེས་བསྒོམ་པར་བྱ། ། དེ་བས་ལོངས་སྤྱོད་བསགས་པ་ལ། ། ལོངས་སྤྱོད་ ལས་ནི་སྙིང་པོ་བླང། ། བུ་དང་ཆུང་མའི་དོན་གྱི་ཕྱིར། ། དེས་ནི་ནོར་རྣམས་བསགས་མི་བྱ། ། ལུས་དང་ལོངས་སྤྱོད་སྲོག་རྣམས་ལས། ། སྙིང་པོ་མྱུར་དུ་ལེན་པར་བྱེད། ། བྱང་ཆུབ་དོན་དུ་འདུན་དྲག་བསྐྱེད། ། རྒོད་ཅིང་གཡེང་བར་མི་བྱེད་དོ། ། ནོར་དང་ཆོས་ནི་སྤངས་ནས་སུ། ། ལུས་ཀུན་ལ་ནི་གནོད་ པར་འགྱུར། ། འདི་ནི་བྱིས་པའི་རྩེད་མོ་སྟེ། ། སྣང་བ་མཐོང་ཞིང་མི་སྣང་མཐོང། ། རོ་མྱང་བ་ནི་དགོས་པ་མེད། ། ཆོས་ཀྱི་ཤུགས་ནི་སྐྱོབ་པ་ཡིན། ། རྒྱུན་མི་འཆད་པར་བཤད་པར་བྱ། ། ཆོས་འདི་རྟག་ཏུ་གནས་པ་ཡིན། ། མཚུངས་པར་ལྡན་རྣམས་ཕན་ཚུན་དུ། ། འཕྱ་བར་བྱེད་པ་སྡུག་བསྔལ་ཡིན། །  འདི་འདྲ་བ་ཡི་ཆོས་འདི་དག།  འོད་སྲུང་ངས་ནི་རབ་ཏུ་བྲྗོད། ། གང་དག་མཁས་པར་འགྱུར་བ་དག།  མི་དེ་ཀུན་ནི་ངས་ཤེས་ཏེ། ། དེ་དག་ཤེས་པར་རིག་གྱུར་ཅིང། ། བདག་ལ་ཡིད་བྱུང་གྱུར་ནས་ནི། ། དེ་ཡི་ཚེ་ན་ཡང་དང་ཡང། ། ང་ནི་མངོན་དུ་གྱུར་པར་བྱ། ། འོད་སྲུང་གཞན་ཡང་བྱང་ཆུབ་སེམས་ དཔའ་ཁྱིམ་པ་ཆོས་གསུམ་དང་ལྡན་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་འཐོབ་སྟེ། ། གསུམ་གང་ཞེ་ན། ། ཕ་མ་མ་དད་པ་དད་པ་ལ་འཇོག་པར་བྱེད།  ཕ་མ་ཚུལ་ཁྲིམས་འཆལ་བ་ཚུལ་ཁྲིམས་ལ་འཇོག་པར་བྱེད། ། ཕ་མ་སེར་སྣ་ཅན་གཏོང་བ་ལ་འཇོག་པར་བྱེད། ། བླ་ ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བསྔགས་བྲྗོད་ཅིང་གཞན་དག་ལ་ཡང་ཆོས་སྟོན་པར་བྱེད་པ་འདི་ནི་གང་གིས་བྱང་ཆུབ་སེམས་དཔའ་ཁྱིམ་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་འཐོབ་པའི་ཆོས་དང་པོའོ། ། འོད་སྲུང་གཞན་ཡང་བྱང་ཆུབ་སེམས་དཔའ་ ཁྱིམ་པས་བཀུར་སྟི་བྱ་བར་འོས་པ་ཡང་ཤེས། ། བཀུར་སྟི་བྱ་བའི་འོས་མ་ཡིན་པ་ཡང་ཤེས་ཏེ། ། བཀུར་སྟི་བྱ་བའི་འོས་དང།  བཀུར་སྟི་བྱ་བའི་འོས་མ་ཡིན་པ་ཤེས་ནས་ཀྱང་གང་དག་བསྐུར་སྟིར་བྱ་བ་དེ་དག་ལ་ནི་བཀུར་སྟིར་བྱེད། ། གང་དག་བསྐུར་སྟི་བྱ་བའི་འོས་མ་ཡིན་པ་དེ་དག་ལ་ནི་བསྐུར་སྟི་མི་བྱེད་ཀྱི། ། དེ་དག་ལ་ བྱམས་པ་སྒོམ་པར་བྱེད་དེ། ། འོད་སྲུང་བྱང་ཆུབ་སེམས་དཔའ་ཁྱིམ་པ་ཆོས་གཉིས་པོ་འདི་དང་ལྡན་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་འཐོབ་བོ། ། འོད་སྲུང་གཞན་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་པ་དེའི་ལོངས་སྤྱོད་གང་དག་སྡུག་བསྔལ་ཞིང་སྡུག་བསྔལ་བར་བསྒྲུབས་པ་དེ་དག་ དེས་ཆུད་མི་གཟོད་ཅིང་ཆུད་མི་ཟད་པར་བྱེད་དེ། ། དགེ་སྦྱོང་དང་བྲམ་ཟེ་ཚུལ་ཁྲིམས་དང་ལྡན་པ་རྣམས་དང་ཐུན་མོང་དུ་སྤྱོད་པ་མ་གཏོགས་པར་སུ་ལ་ཡང་སྦྱིན་པར་མི་བྱེད་དེ། ། ཚངས་པ་མཚུངས་པར་སྤྱོད་པ་རྣམས་དང་སྲི་བ་མེད་པར་སྤྱོད་དོ། ། འོད་སྲུང་བྱང་ཆུབ་སེམས་དཔའ་ཁྱིམ་པ་ཆོས་ གསུམ་པོ་འདི་དང་ལྡན་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འཐོབ་བོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། ། བྱང་ཆུབ་སེམས་དཔའ་ཁྱིམ་པ་ནི། ། བྱང་ཆུབ་དམ་པ་ཚོལ་པ་ན།  གང་གིས་དམ་པ་རྟོགས་གྱུར་པའི། ། ཤེས་རབ་རྩ་བ་གསུམ་གྱིས་སྐྱེ། ། པ་དང་མ་ནི་གང་ཡིན་པ། །  བློ་གྲོས་ངན་ཅིང་མ་དད་པ།  དད་ལ་བདུན་པ་སྐྱེད་བྱེད་ཅིང། ། ཆོས་ཀྱི་མཆོག་ལ་སྦྱོར་བར་བྱེད། ། འཇུངས་པ་གཏོང་དང་ཚུལ་ཁྲིམས་ལ། ། ཤེས་རབ་འཆལ་བ་ཤེས་རབ་སྦྱོར། ། བྱང་ཆུབ་དམ་པ་གང་ཡིན་པ།  དེ་ལ་དེ་དག་ཡང་དག་འཛུད། ། ཕྱོགས་བཞི་དག་ཏུ་སོང་ནས་སུ། ། ལེགས་པར་ བཤད་པ་ཡོངས་བཙལ་ཏེ། ། ཤང་གིས་ཤེས་རབ་འཕེལ་འགྱུར་བ།  ཆོས་ཀྱི་སྦྱིན་པ་སྦྱིན་པར་བྱ། ། ཁྲིམས་འཚལ་ཁྲིམས་ལ་གཞག་བྱས་ཤིང། ། མ་དད་དད་པ་འཛིན་བཅུག་སྟེ། ། ཤེས་འཚལ་ཤེས་རབ་འཛིན་བཅུག་ནས། ། དེ་ནི་ལྡོག་པར་མི་འགྱུར་རོ། ། ཤེས་རབ་ཅན་དེས་དགེ་སློང་ མཐོང།  ཚུལ་ཁྲིམས་ལྡན་དང་མང་ཐོས་ལ། ། བཀུར་སྟི་བྱེད་ཅིང་སྟེན་པར་བྱེད། ། སོང་ནས་ཡང་ནས་ཡང་དུ་འདྲི། ། གང་གི་དོན་དུ་སྟེན་པ་ཡིས། ། དགེ་སློང་དེ་ལ་ཡང་ཡང་འདྲི། ། ཁྱིམ་པ་རྣམས་ཀྱི་ཆོས་དེ་དག།  དེས་ནི་མྱུར་དུ་དེ་མི་ལྡོག།  མཁས་པ་དེ་ནི་དེ་དག་གི།  ཐོབ་པའི་གནས་ ཀྱི་ཁྱད་པར་ཤེས། ། མཁས་པ་རྣམས་ཀྱི་ཁྱད་ཤེས་ནས། ། དེ་ལ་བདག་གི་ཤ་ཡང་སྦྱིན། ། ང་ཡིས་གང་དག་བྲྗོད་བྱས་པ།  དེ་དག་དད་པའི་མཚན་ཉིད་དེ། ། མ་དད་པས་ནི་དེ་དག་གིས། ། བྱང་ཆུབ་སེམས་འདུད་མི་ནུས་སོ། ། ཁྱད་པར་ཤེས་ཤིང་ཡིད་གཞུངས་པ། ། ཁྱད་པར་མྱུར་དུ་ཐོབ་པར་ འགྱུར། ། ཆོས་རྣམས་ཀུན་གྱི་ཁྱད་པར་ནི། ། དེ་ལ་དཀོན་པར་མི་འགྱུར་རོ། ། བདག་དང་ཕ་རོལ་གཞན་རྣམས་ཀྱི། ། ཁྱད་པར་དེ་ལྟར་ཤེས་གྱུར་ནས། ། སེམས་དགའ་མངོན་དུ་སྒྲུབ་པར་བྱེད། ། དེས་ན་དེ་ཡི་ཤེས་རབ་འཕེལ། ། དེ་ཡི་ལོངས་སྤྱོད་གང་ཡིན་པ།  གང་དག་དེས་ནི་ཀུན་བསྒྲུབས་པ། །  དེ་དག་ཚུལ་ཁྲིམས་ལྡན་རྣམས་དང། ། གཅིག་ཏུ་སྤྱད་པར་སྔ་ནས་བྱས། ། དེ་ནི་གཞན་དུ་མི་སྨྲ་སྟེ། ། དེ་ནི་ལོག་པར་སྨྲ་མ་ཡིན། ། གཏོང་དང་ལྡན་ཞིང་མཐུ་བརྟན་པ། ། དེ་དེ་དེ་བཞིན་གཤེགས་པར་འགྱུར། ། ཚུལ་ཁྲིམས་བཟང་ཞིང་འགྲོགས་ན་བདེ། ། དཔའ་བོ་བྱམས་པ་ཐོབ་གྱུར་པ། །  སྦྱིན་པ་བྱིན་ནས་སྔ་ལོགས་སམ། ། ཡང་ན་ཕྱི་ནས་དགའ་བར་འགྱུར། ། སྦྱིན་བདག་དམ་པ་དཔའ་བོ་སྟེ། ། སྦྱིན་བདག་ལས་ནི་ཚོལ་བ་མེད། ། ཐམས་ཅད་སྦྱིན་བདག་བརྟན་པ་པོ། ། དེ་ལ་མ་བྱིན་ཡོང་མེད་དེ། ། གསེར་རམ་ཡང་ན་དབྱིགས་ཀྱང་རུང། ། སྔོན་གྱི་ཚེ་རབ་རྣམས་ནི་བྱིན། ། ཆོས་ མཆོག་རྣམས་དང་ཟབ་མོ་མཆོག།  གོ་འཕང་ཡོངས་སུ་ཚོལ་བར་བྱེད། ། གང་ཞིག་ལྷར་བཅས་འཇིག་རྟེན་ལ། ། བསྟི་སྟང་བྱེད་པ་རིགས་མ་ཡིན། ། གང་ཟག་གཅིག་པོ་གང་ཡིན་ལ། ། ཆོས་ཀྱི་དོན་ཕྱིར་བཀུར་སྟི་བྱ། ། ཆོས་ལས་སྐྱེས་པ་དཔའ་བོས་ནི། ། ཆོས་ཀྱིས་ཆོས་ཀྱང་ཡོངས་སུ་ཚོལ། །  ཆོས་གཅེས་ཆོས་དང་ཡིད་གཞུངས་པ། ། འཇིག་རྟེན་ན་ནི་འདྲེན་པར་འགྱུར། ། འོད་སྲུང་གཞན་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་པ་ཆོས་གསུམ་དང་ལྡན་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལས་ཉན་ཐོས་ཀྱི་ཐེག་པར་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་དེ། །  གསུང་གང་ཞེ་ན། ། འོད་སྲུང་འདི་ལ་ཁ་ཅིག་བྱང་ཆུབ་ཏུ་སེམས་བསྐྱེད་ནས། ། སེམས་ཅན་དམྱལ་བ་རྣམས་ཀྱིས་འཇིགས་ཤིང་དུད་འགྲོའི་སྐྱེ་གནས་དང་གཤིན་རྗེའི་འཇིག་རྟེན་གྱིས་འཇིགས་ཏེ། ། བྱང་ཆུབ་ལ་ཁུར་དུ་འདུ་ཤེས་པར་འགྱུར་ཞིང་དེ་གལ་ཏེ་དགེ་བའི་རྩ་བ་ཡང་དག་པར་བསྒྲུབས་པ་རྣམས་རྒྱུན་མི་ འཆད་པར་ཡིད་ལ་མི་བྱེད། ། ལེན་པར་མི་བྱེད་ལ་དེ་ཡིད་ཀྱིས་ཞེ་འགྲས་པར་བྱེད། ། དེ་སེམས་ཀྱིས་ཞེ་འགྲས་པར་བྱེད་ཅིང་སྡུག་བསྔལ་གྱི་འདུ་ཤེས་སུ་འགྱུར་ན། ། འོད་སྲུང་ཆོས་དང་པོ་དེ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་བྱང་ཆུབ་ལས་ལྡོག་ཅིང་ཉན་ཐོས་ཀྱི་ཐེག་པར་ཡོངས་དུ་མྱ་ངན་ལས་འདའ་བར་བྱེད་དོ། །  འོད་སྲུང་གཞན་ཡང་འདི་ལ་ཁ་ཅིག་བྱང་ཆུབ་སེམས་བསྐྱེད་ནས་གང་སྦྱིན་པ་སྦྱིན་ཞིང་ཡོངས་སུ་དགའ་བ་མ་ཡིན་པའི་སྦྱིན་པ་བྱིན་ཏེ། ། བྱིན་ཞིང་བྱིན་ནས་ཀྱང་འགྱོད་པར་འགྱུར་ཞིང་སངས་རྒྱས་ཀྱི་ཡེ་ཤེས་ལ་མི་གཏོད་ན། ། འོད་སྲུང་ཆོས་གཉིས་བ་དེ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཁྱིམ་པ་ནི་བྱང་ཆུབ་ལས་ ལྡོག་ཅིང་མྱུར་དུ་ཉན་ཐོས་ཀྱི་ཐེག་པར་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་དོ། ། འོད་སྲུང་གཞན་ཡང་འདི་ལ་ཁ་ཅིག་བྱང་ཆུབ་ཏུ་སེམས་བསྐྱེད་ནས་མང་དུ་ཐོས་པ་ཡོངས་སུ་བཙལ་བའི་ཕྱིར་བརྩོན་འགྲུས་མི་རྩོམ་གྱི། ། དེ་དགེ་བའི་རྩ་བ་ངན་དོན་ཙམ་དེས་མྱུར་དུ་ཡོངས་སུ་མྱ་ངན་ལས་ འདའ་བར་བྱེད་ན། ། འོད་སྲུང་ཆོས་གསུམ་པ་དེ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཁྱིམ་པ་བྱང་ཆུབ་ལས་ལྡོག་ཅིང་མྱུར་དུ་ཉན་ཐོས་ཀྱི་ཐེག་པར་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་དོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ།  བྱང་ཆུབ་ཆེད་དུ་འདུན་བསྐྱེད་ལ། ། འཐུན་པར་རྗེས་སུ་མི་སྒྲུབ་ན། ། སངས་ རྒྱས་ཐེག་ལས་ལྡོག་འགྱུར་ཏེ། ། ཉན་ཐོས་ཐེག་པར་འགྲོ་བར་འགྱུར། ། མ་དད་པ་དང་ལེ་ལོ་ཅན། ། སེར་སྣ་ཅན་དང་ཤེས་རབ་འཆལ། ། དེ་དག་ལ་ནི་བྱང་ཆུབ་མེད། ། དེ་དག་པར་དུ་གཅོད་པ་ཡིན། ། བྱས་པ་གཟོ་ཞིང་ཁྲིམས་དང་ལྡན། ། སྦྱིན་ལ་ཡིད་ནི་དགའ་བ་དང། ། བྱིན་ནས་ སེམས་ནི་ཚིམ་གྱུར་པ། ། དེ་དག་བྱང་ཆུབ་དཀོན་མ་ཡིན། ། སྡིག་པ་དག་ནི་སེམས་ཀྱིས་བྱེད། ། སེམས་ཀྱིས་སྦྱིན་པ་སྦྱིན་པར་བྱེད། ། སེམས་ཅན་སེམས་མཆོག་ལྡན་དེ་དག།  འཇིག་རྟེན་མཆོད་རྟེན་འདྲ་བར་འགྱུར། ། གང་དག་ཆོས་འདི་རྣམ་སྤངས་ནས། ། བྱང་ཆུབ་ཏུ་ནི་སེམས་ བཏུད་པ། ། དེ་དག་འཇིག་རྟེན་རྣམས་ན་ནི། ། སྦྱིན་གནས་བླ་མེད་སངས་རྒྱས་འགྱུར། ། འོད་སྲུང་བྱང་ཆུབ་སེམས་དཔའ་ཁྱིམ་པ་ཆོས་གསུམ་དང་ལྡན་ན་བྱང་ཆུབ་ལས་ལྡོག་ཅིང་རང་སངས་རྒྱས་ཀྱི་ཡོངས་སུ་མྱ་ངན་ལས་འདའ་བས་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་དེ། ། གསུམ་གང་ཞེ་ ན།  འོད་སྲུང་འདི་ལ་ཁ་ཅིག་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཆོས་ལ་སེར་སྣ་བྱེད་དེ། ། འོད་སྲུང་ཆོས་དང་པོ་འདི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཁྱིམ་པ་བྱང་ཆུབ་ལས་ལྡོག་ཅིང་རང་སངས་རྒྱས་ཀྱི་ཡོངས་སུ་མྱ་ངན་ལས་འདའ་ངས་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་དོ། ། འོད་སྲུང་གཞན།   ཡང་འདི་ལ་ཁ་ཅིག་བྱང་ཆུབ་ཏུ་སེམས་བསྐྱེད་ནས་དགེ་མཚན་དང་ལྟས་ལ་ཅགས་ཏེ། ། འོད་སྲུང་ཆོས་གཉིས་པ་འདི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཁྱིམ་པ་བྱང་ཆུབ་ལས་ལྡོག་ཅིང་རང་སངས་རྒྱས་ཀྱི་ཡོངས་སུ་མྱ་ངན་ལས་འདའ་བས་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་དོ། ། འོད་ སྲུང་གཞན་ཡང་འདི་ལ་ཁ་ཅིག་བྱང་ཆུབ་ཏུ་སེམས་བསྐྱེད་ནས་བྱང་ཆུབ་ཀྱི་ཡན་ལག་རྣམས་ཡོངས་སུ་མི་ཚོལ་ཞིང་ལེ་ལོ་ཅན་དུ་འགྱུར་ཏེ། ། འོད་སྲུང་ཆོས་གསུམ་པ་འདི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཁྱིམ་པ་བྱང་ཆུབ་ལས་ལྡོག་ཅིང་རང་སངས་རྒྱས་ཀྱི་ཡོངས་སུ་མྱ་ངན་ལས་འདའ་བས་ཡོངས་ སུ་མྱ་ངན་ལས་འདའ་བར་བྱེད་དོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། ། ཆོས་ལ་སེར་སྣ་བྱེད་གྱུར་ཅིང། ། གཞན་དག་ལ་ནི་མི་སྟོན་པ། ། རྐྱེན་གྱིས་བྱང་ཆུབ་འཐོབ་འགྱུར་ཏེ། ། འདི་ནི་བྱང་ཆུབ་ལྡོག་པར་འགྱུར། ། དེ་ལྟར་འདི་གཉིས་གནོད་འགྱུར་ཏེ། ། གནོད་པ་ལས་ནི་སྡུག་བསྔལ་འོངས། ། འགྲོ་ འམ་ཉེ་བར་བསྟེན་ནམ་ཞེས། ། དེ་ནི་བྱང་ཆུབ་ཐེ་ཚོམ་ཟ། ། ཐེག་པ་ཆེ་ལ་བསམ་བྱས་ན། ། མྱུར་དུ་ལྟས་ནི་ལྟ་བར་བྱེད། ། གང་འདིར་སྟོན་པ་མི་སྟེན་པ། ། དེ་དག་དད་པའི་མཚན་ཉིད་མིན།  གང་དག་འདུན་པ་དྲག་ལྡན་ཞིང། ། བྱང་ཆུབ་བརྟན་པ་དོན་གཉེར་བ། ། དེ་དག་གཞན་ལ་ཕྱག་ མི་འཚལ། ། འཇིག་རྟེན་མཆོད་རྟེན་མ་གཏོགས་སོ། ། གང་དག་དད་པ་འདི་འདྲ་བ། ། ལྷ་གཞན་རྙེད་པར་མི་འགྱུར་ཏེ། ། དེས་དེ་མཆོག་ནི་ཕུན་སུམ་ཚོགས། ། ལྷ་ཡི་ལྷ་ཞེས་བྱ་བ་ཡིན། ། བྱང་ཆུབ་ཏུ་ནི་འདུན་བསྐྱེད་ནས། ། གང་ཞིག་གཞན་ལ་ཕྱག་མི་འཚལ། ། དེ་ནི་དེ་དང་དེ་ དག་ཏུ། ། སྟོབས་དང་གཞན་དང་ལྡན་པར་འགྱུར། ། འོད་སྲུང་བྱང་ཆུབ་སེམས་དཔའ་ཁྱིམ་པ་ཆོས་གསུམ་དང་ལྡན་ན་ལུས་གནག་པར་འགྱུར་ཞིང་ལུས་ནག་པོར་འགྱུར་ཏེ། ། གསུམ་གང་ཞེ་ན། ། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མར་མེ་བུས་པ་དེ་ནས་མར་མེ་རྐུབ་དང།  ཕ རོལ་དང་འགྱེད་པ་ན་ཁྲོ་བ་ཉེ་བར་སྟོན་པ་དང།  མ་དྲིས་པར་སྨྲ་ཞིང་མི་ནག་པོའི་མཚང་བྲུས་པ་ཡིན་ཏེ། ། འོད་སྲུང་བྱང་ཆུབ་སེསམ་དཔའ་ཁྱིམ་པ་ཆོས་གསུམ་པོ་དེ་དག་དང་ལྡན་ན་ལུས་ནག་པོར་འགྱུར་རོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། ། མཆོད་རྟེན་མར་མེ་བུས་པ་ལ།  དེ་ཡི་འོད་ནི་འཕྲོག་བྱེད་ན།   དེ་ཡིས་ལུས་ནི་གནག་འགྱུར་ཏེ། ། དཔེར་ན་ལ་བ་ནག་པོ་བཞིན། ། མི་མཐོང་ནས་ནི་མཚང་འབྲུ་སྟེ། ། ས་ནི་དཀར་གྱི་ཁྱོད་གནས་ཅེས།  དེས་ནི་གཞན་ལ་བརྙས་བྱས་ན། ། ནག་པོར་འགྱུར་ཏེ་མུན་པ་བཞིན། ། ངག་ནི་ཤིན་ཏུ་བསྡམ་པར་གྱིས། ། ཆུད་ཟར་འགྱུར་བའི་ལས་མེད་དེ། ། ལས་དེ་ཇི་ ལྟར་བྱས་པ་བཞིན། ། དེ་ལྟར་དེ་ལ་སྤྱོད་པར་འགྱུར། ། འོད་སྲུང་བྱང་ཆུབ་སེམས་དཔའ་ཁྱིམ་པ་ཆོས་གསུམ་དང་ལྡན་ན་མགར་བའི་ཁྱིམ་དུ་སྐྱེ་བར་འགྱུར་ཏེ། ། གསུམ་གང་ཞེ་ན།  འོད་སྲུང་འདི་ལ་བྱང་ཆུབ་སེམས་དཔའ་ཁྱིམ་པ་བདག་ཉིད་བསླབ་པའི་གཞི་ལྔ་དང་ལྡན་པ་ཡིན་ལ་ ཉེ་དུ་ལམ་རིང་པོ་ནས་ལྷགས་པ་དེ་དག་ལ་ཆང་ལྡུད་པ་དང། ། སེམས་ཅན་གཞན་དག་ཀྱང་ཆང་ལ་འགྲོན་དུ་འབོད་ན་འོད་སྲུང་ཆོས་དང་པོ་འདི་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཁྱིམ་པ་ནི། ། མགར་བའི་ཁྱིམ་དུ་སྐྱེ་བར་འགྱུར་རོ། ། འོད་སྲུང་གཞན་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་པ་བདག་ ཉིད་ཚངས་པར་སྤྱོད་པ་ཡིན་ལ་གཞན་དག་འཁྲིག་པའི་ཆོས་སྦྱོར་ན། ། དེ་ལས་བྱས་ཤིང་བསགས་པ་དེས་མགར་བའི་ཁྱིམ་དུ་སྐྱེ་བར་འགྱུར་ཏེ། ། འོད་སྲུང་ཆོས་གཉིས་པ་འདི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཁྱིམ་པ་མགར་བའི་ཁྱིམ་དུ་སྐྱེ་བར་འགྱུར་རོ། ། འོད་སྲུང་གཞན་ཡང་བྱང་ཆུབ་ སེམས་དཔའ་ཁྱིམ་པ་དེ་ཁྱིམ་ན་བྱ་བ་ཅི་ཡང་རུང་བ་ཞིག་བརྩམས་པ་ཡོད་ལ་དེ་མི་ཆོས་ཀྱིས་འབྲེལ་བ་ཞིག་འདུག་པའི་གན་དུ་སོང་སྟེ། ། བོས་ནས་ཚུར་ཤོག།  རེ་ཞིག་ཁ་ཏོན་བྱེད་པ་ཐོང་ལ་ལས་རིངས་པར་གྱིས་ཞེས་བསྒོ་ན་དེ་ལས་བྱས་ཤིང་བསགས་པ་དེས་མགར་བའི་ཁྱིམ་དུ་སྐྱེ་བར་འགྱུར་ཏེ། །  འོད་སྲུང་ཆོས་གསུམ་པ་འདི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཁྱིམ་པ་ནི་མགར་བའི་ཁྱིམ་དུ་སྐྱེ་བར་འགྱུར་རོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། ། ཉེ་དུ་ལྷགས་པ་མཐོང་ནས་སུ། ། ཆང་ལ་འགྲོན་དུ་འབོད་བྱེད་ཅིང། ། མྱོས་པའི་བཏུང་བ་བྱིན་པས་ན། ། མགར་བ་མུ་ཅོར་སྨྲ་བར་འགྱུར། ། དེ་ནི་ ཁབ་དང་མཚོན་ཆ་དང།  བཟོ་ཡི་གནས་ནི་མི་བྱེད་ཀྱི། ། ས་ལ་འདུག་པ་བྱས་ནས་སུ། ། ལག་པས་སྦུད་པ་བླངས་ནས་འབུད། ། བུད་མེད་དང་ནི་འུད་སྤངས་ལ། ། གཞན་དག་ལ་ནི་འདོད་བསྔགས་ན།  ལས་ཀྱི་རྣམ་པར་སྨིན་པ་དེས། ། མགར་བ་མུ་ཅོར་སྨྲ་བར་འགྱུར། ། དེ་ནི་ཁབ་དང་ མཚོན་ཆ་དང། ། སྦུད་པ་བུད་ཀྱང་མི་ཤེས་ལ། ། ལག་པས་ཐོ་བ་བཟུང་ནས་སུ། ། དེ་ནི་ལྕགས་ཀྱི་གར་བུ་རྡུང། ། ཆོས་ནི་རྣམ་པར་སྤངས་བྱས་བས། ། དེས་ནས་མི་དེ་ཤི་འཕོས་ནས། ། མི་དེ་རབ་ཏུ་མྱུར་བར་ནི། ། མགར་བའི་ཁྱིམ་དེར་སྐྱེ་བར་འགྱུར། ། དེ་ནི་སྤུད་པ་མི་མཐོང་ཞིང། །  དེ་ནི་ཐོ་བ་མི་མཐོང་སྟེ། ། སྣོད་རྣམས་ཐམས་ཅད་འཇོམས་པར་བྱེད། ། རྣམ་པར་སྨིན་དེ་འདི་འདྲའོ། ། འོད་སྲུང་ངག་ནི་བསྲུང་བར་བྱ། ། ཡིད་ཀྱང་ཤིན་ཏུ་བསྡམ་པར་བྱ། ། མི་དགེ་བ་ཡི་ཆོས་རྣམས་ཀུན། ། གཞན་ལ་བྲྗོད་པར་མི་བྱའོ། ། སྐྱེ་བའི་འཁོར་བ་སྡུག་བསྔལ་ཏེ། ། སྲེད་པས་ སྐྱེ་བ་འཕེལ་བར་འགྱུར། ། དེ་བས་བརྟན་པ་ཆོས་སྤྱོད་ཅིག།  ཆོས་མ་ཡིན་པ་རྣམ་པར་སྤོངས། ། འོད་སྲུང་བྱང་ཆུབ་སེམས་དཔའ་ཁྱིམ་པ་ཆོས་གསུམ་དང་ལྡན་ན་རྒྱལ་རིགས་ཤིང་ས་ལ་ཆེན་པོ་ལྟ་བུ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་ཞིང། ། གཟུགས་བཟང་བ་དང། ། མཛེས་པ་ དང། ། བལྟ་ན་སྡུག་པ་དང། ། ཁ་དོག་བཟང་པོ་རྒྱས་པ་མཆོག་དང་ལྡན་པ་དང། ། ལེ་ལོ་མེད་པ་དང། ། གསལ་བ་དང།  ཤིན་ཏུ་རྣམ་པར་ངེས་པར་འགྱུར་ཏེ། ། གསུམ་གང་ཞེ་ན། ། འོད་སྲུང་འདི་ལ་བྱང་ཆུབ་སེམས་དཔའ་ཁྱིམ་པས་སྔོན་མ་མཐོང་བའི་དགེ་སྦྱོང་དང།  བྲམ་ཟེ་དང་མཐོང་ན་ འདི་དག་ནི་སྦྱིན་གནས་སོ། ། འདི་དག་ནི་མཆོད་པར་འོས་པའོ། ། འདི་དག་ནི་མཆོད་པར་འོས་པའོ། ། འདི་དག་ནི་ཕྱག་བྱ་བར་འོས་པའོ། ། འདིདག་ནི་བསོད་ནམས་ཀྱི་ཞིང་ངོ་ཞེས་དགའ་བ་བསྐྱེད་དེ། ། དེ་དག་དགའ་བར་གྱུར་པའི་སེམས་ཀྱིས་གོས་དང། ། ཟས་དང། ། མལ་ཆ་དང། ། ན་བའི་གསོས་སྨན་དང།  ཡོ་བྱད་རྣམས་ ཀྱིས་འགྲོན་དུ་གཉེར་ཏེ། ། འོད་སྲུང་ཆོས་དང་པོ་འདི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཁྱིམ་པ་རྒྱལ་རིགས་ཤིང་ས་ལ་ཆེན་པོ་ལྟ་བུ་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ། ། འོད་སྲུང་གཞན་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་པ་ཡི་དམ་སྙིང་པོ་ཅན་ལ་གནས་པ་ཡིན་ཏེ། ། དེ་ཡི་དམ་ སྙིང་པོ་ཅན་ལ་གནས་པས་ཇི་སྐད་སྨྲས་པ་བཞིན་བྱེད་ཅིང། ། བརྫུན་དུ་སྨྲ་བ་མ་ཡིན་ཏེ། ། འོད་སྲུང་ཆོས་གཉིས་པ་འདི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཁྱིམ་པ་རྒྱལ་རིགས་ཤིང་ས་ལ་ཆེན་པོ་ལྟ་བུ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ། ། འོད་སྲུང་གཞན་ཡང་བྱང་ཆུབ་སེམས་ དཔའ་ཁྱིམ་པ་དགེ་སྦྱོང་དང། ། བྲམ་ཟེ་ཚུལ་ཁྲིམས་དང་ལྡན་པ་དེ་དག་ལ་བསྙེན་བཀུར་བྱས་ནས་སྙིང་པོ་ལེན་ཏེ། ། འོད་སྲུང་ཆོས་གསུམ་པ་འདི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཁྱིམ་པ་རྒྱལ་རིགས་ཤིང་ས་ལ་ཆེན་པོ་ལྟ་བུ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ། ། དེ་ལ་འདི་སྐད་ཅེས་ བྱ་སྟེ། ། དེས་ནི་ཤེས་རབ་རང་བཞིན་ཅན། ། ཁྲིམས་ལྡན་མང་དུ་ཐོས་མཐོང་ནས། ། ཡིད་བདེ་བ་ནི་བསྐྱེད་བྱས་ཏེ། ། སོང་ནས་དེ་དག་འགྲོན་དུ་གཉེར། ། དེ་དག་འགྲོན་དུ་གཉེར་བྱས་ནས། ། དེ་ནི་ཡང་དག་ཇི་བཞིན་བྱེད། ། དེ་ནོ་གཏོང་རྒྱུན་མི་གཅོད་ཅིང། ། དེ་ལ་འགྲས་པར་འགྱུར་ པ་མེད། ། གང་གི་དོན་དུ་བསྙེན་བཀུར་བ། ། སྙིང་པོ་དེ་ནི་ལེན་པར་བྱེད། ། སྣ་ཚོགས་ཤེས་པའི་ཁྱད་པར་གྱིས། ། རིན་ཆེན་ཤིན་ཏུ་དཀོན་ལ་ཡང། ། གང་དག་དད་པ་འདི་འདྲ་ཞིང། ། བྱང་ཆུབ་ལ་ཡང་མངོན་ཞུགས་པ།  དེ་དག་ཡེ་ཤེས་སྤྱོད་ཡུལ་བ། ། བྱང་ཆུབ་རྙེད་པར་དཀའ་བ་ མེད། ། འཚོ་བ་མཆོག་གིས་འཚོ་བྱས་ནས། ། ལོངས་སྤྱོད་མཆོག་རྣམས་སྡུད་པར་བྱེད། ། ཆོས་ཀྱི་དམ་པ་ཡོངས་སུ་ཚོལ། ། མྱ་ངན་འདས་པ་མཆོག་ལ་རེག།  རིགས་མཆོག་རྣམས་སུ་སྐྱེ་བར་འགྱུར། ། གཟུགས་ཀྱི་དམ་པ་མངོན་པར་འགྲུབ། ། ཆོས་གོས་དམ་པ་འཆང་བར་བྱེད། ། དེ་ནི་མྱ་ངན་ འདས་མཆོག་འཐོབ། ། མཁས་པའི་མི་ནི་འདི་འདྲའི་ཆོས། ། དེ་དག་ཤེས་པར་གྱུར་ནས་ནི། ། ཀུན་ཏུ་སྤྱོད་དེ་ཐུབ་པ་ཡིས། ། ཉེ་བར་བསྟན་ལ་གུས་པར་བྱེད། ། མི་དེ་སངས་རྒྱས་ཐེག་པ་ཡི། ། ཐེག་པ་མཆོག་གིས་འགྲོ་བར་བྱེད། ། མྱ་ངན་འདས་པ་བསིལ་བའི་དངོས། ། འདི་ནི་དེ་ཡི་འབྲས་བུ་ མཆོག།  ཅི་འདྲ་བ་ཡི་ལས་བྱས་པ།  རྣམ་པར་སྨིན་པ་དེ་འདྲར་འགྱུར། ། བསྐལ་པ་བྱེ་བ་ཕྲག་བརྒྱར་ཡང། ། དེ་ནི་ཆུང་ཟར་འགྱུར་བ་མེད། ། འོད་སྲུང་བྱང་ཆུབ་སེམས་དཔའ་ཁྱིམ་པ་ཆོས་གསུམ་དང་ལྡན་ན་ཁྱིམ་གྱི་ས་ལ་གནས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་ པར་སངས་རྒྱས་ཀྱི་བར་དུ་ཇི་ལྟར་ནམ་དུ་ཡང་འདོད་པའི་ཡོན་ཏན་ལྔ་པོ་དག་ལ་ཡོངས་སུ་སྤྱོད་པར་མི་འགྱུར་བ་དེ་ལྟ་བུའི་དགེ་བའི་རྩ་བསྐྱེད་དེ། ། གསུམ་གང་ཞེ་ན། ། འོད་སྲུང་འདི་ལ་བྱང་ཆུབ་སེམས་དཔའ་ཁྱིམ་པ་བསླབ་པའི་གཞི་ལྔ་དང་ལྡན་པ་ཡིན་ཏེ། ། དེ་གཞན་ལ་ཡང་འདོད་པ་བསྔགས་པར་མི་ བྱེད་ཅིང། ། བུད་མེད་དང་རྒྱུ་བ་མ་ཡིན་གྱི་རང་གི་དོན་ལ་མངོན་པར་བརྩོན་པ་ཡིན་ཏེ།  བདག་ནི་བུད་མེད་དང་བསྟེན་པས་ཆོ་ག་གིས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སགས་རྒྱས་ཀྱི་བར་དུ་འདོད་པའི་ཡོན་ཏན་ལྔ་པོ་དག་དང་ཕྲང་པར་མ་གྱུར་ཅིག་ཅེས་སེམས་ཀྱང་སྐྱེད་དེ་ འོད་སྲུང་ཆོས་དང་པོ་འདི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཁྱིམ་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་ནམ་ཡང་འདོད་པའི་ཡོན་ཏན་ལྔ་པོ་དག་ལ་ཡོངས་སུ་མི་སྤྱོད་དོ། ། འོད་སྲུང་གཞན་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་པ་འདི་ལྟ་བུའི་མདོ་ སྡེ་འདི་དག་ཐོས་ནས་དད་པ་སྐྱེད་ཅིང་དད་ནས་ཀྱང་ཡོངས་སུ་ཚོལ་ལོ། ། འོད་སྲུང་གཞན་ཡང་མདོ་སྡེ་འདི་ལྟ་བུ་འདི་དག་གཟུང་དཀའ་བས་ཡོངས་སུ་ཟིན་པར་འགྱུར་ཏེ། ། འོན་ཀྱང་ལུང་འབོངས་པར་བྱེད། ། རྩོམ་པར་བྱེད། ། འོད་སྲུང་གཞན་ཡང་གང་ཞིག་ཆོས་འདི་ལྟ་བུ་འདི་དག་ཆོས་ནས་འགྱོད་ པའི་གནས་མཐའ་དག་སེལ་བར་འགྱུར་ཏེ། ། དེ་དགེ་བའི་རྩ་བ་དེས་ཆགས་པ་མེད་པའི་སྤོབས་པ་དང།  གྲོལ་བའི་སྦོབས་པ་དང་ལྡན་པར་འགྱུར། ། ཤི་འཕོས་པར་མ་གྱུར་ཀྱང་རུང་སྟེ། ། དེ་བཞིན་གཤེགས་པ་རྣམས་མྱུར་དུ་མཐོང་བར་འགྱུར། ། ཤི་འཕོས་ནས་ཀྱང་མཐོ་རིས་ཀྱི་ འཇིག་རྟེན་དུ་འགྲོ་བར་འགྱུར་ཏེ། ། དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་རིང་ངོ་སྙམ་དུ་ཤེས་པར་མི་བྱ་སྟེ། ། འོད་ཆོས་གཉིས་པ་འདི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཁྱིམ་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་ དུ་འདོད་པའི་ཡོན་ཏན་ལྔ་པོ་དག་ལ་མི་སྤྱོད་དོ། ། འོད་སྲུང་གཞན་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་པ་དགེ་བའི་རྩ་བ་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་སྟེ། ། དེ་གཟུགས་ལ་དགའ་བ་མ་ཡིན། ། སྒྲ་ལ་དགའ་བ་མ་ཡིན། ། དྲི་ལ་དགའ་བ་མ་ཡིན། ། རོ་ལ་ དགའ་བ་མ་ཡིན། ། རེག་ལ་དགའ་བ་མ་ཡིན། ། ལོངས་སྤྱོད་ལ་དགའ་བ་མ་ཡི། ། དབང་ཕྱུག་ལ་དགའ་བ་མ་ཡིན། ། གཡོག་འཁོར་ལ་དགའ་བ་མ་ཡིན་ཏེ། ། དེས་འདུས་མ་བྱས་ཀྱི་སེམས་དང། ། འདུས་མ་བྱས་ཀྱི་རྣམ་པར་སྨིན་པར་གྱུར་ནས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ མངོན་པར་རྫོགས་པར་འཚང་རྒྱ་སྟེ། ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་འདོད་པའི་ཡོན་ཏན་ལྔ་པོ་དག་ལ་ཡོངས་སུ་མི་སྤྱོད་དེ། ། འོད་སྲུང་ཆོས་གསུམ་པ་འདི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཁྱིམ་པ་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་མངོན་པར་རྫོགས་པར་རྒྱས་ཀྱི་བར་དུ་འདོད་པའི་ཡོན་ཏན་ལྔ་པོ་དག་ལ་མི་སྤྱོད་དོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། ། ཁྱིམ་པ་བསླབ་པའི་གཞི་ལྔ་པོ། ། བསྲུང་བ་དག་ནི་ལེགས་བསྲུངས་ཏེ། ། བུད་མེད་དང་ནི་འདུ་བ་སྤོང། ། དེ་ལ་སྨོད་ཅིང་བཤུང་བར་བྱེད། ། འདི་འདྲ་བ་ཡི་ ཆོས་འདི་དག།  ཡོངས་སུ་ཚོལ་བས་ངོམས་པ་མེད། ། འགྱོད་པའི་གནས་ནི་གང་ཡིན་པ། ། དེ་དག་དེས་ནི་མྱུར་དུ་སེལ། ། དགེ་བའི་ཆོས་རྣམས་ཐམས་ཅད་ཀྱང། ། བྱང་ཆུབ་དོན་དུ་སྔོ་བར་བྱེད། ། དེ་ནི་དགེ་བའི་རྩ་བ་དེས། ། འདོད་པའི་ཡོན་ཏན་མྱུར་དུ་སྤོང། ། རྟག་ཏུ་མང་དུ་ཐོས་པར་འགྱུར། །  སྙིང་རྗེ་ཡང་དག་བསྐྱེད་ནས་སུ། ། སྲོག་ཆགས་རྣམས་ལ་ཆོས་སྟོན་ཅིང། ། བྱང་ཆུབ་ལམ་ནི་ཡོངས་སུ་ཚོལ། ། དེ་བས་འདི་འདྲ་རྣམས་ཐོས་ནས། ། འདུན་པ་བཟང་པོ་བསྐྱེད་བྱ་ཞིང། ། འདོད་པས་བསྟེན་པར་མི་བྱ་སྟེ། ། འཁོར་ལོ་མྱུར་དུ་བསྐོར་བར་བྱ། ། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་འོད་སྲུང་ ཆེན་པོས་འདི་སྐད་ཅེས་གསོལ་ཏོ། ། བཙུན་པ་བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། ། འདི་ཇི་ལྟར་གཟུང་བར་བགྱི། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ། འོད་སྲུང་དེའི་ཕྱིར་ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་སྡོམ་པ་གསུམ་བསྟན་པ་ཞེས་བྱ་བར་ཟུང་ཤིག།  བྱང་ཆུབ་ སེམས་དཔའི་བསླབ་པ་ཡོངས་སུ་བྲྗོད་པ་ཞེས་བྱ་བར་ཡང་ཟུང་ཤིག།  ཆོས་ཐམས་ཅད་ཡང་དག་པར་འདུ་བ་ཞེས་བྱ་བར་ཡང་ཟུང་ཤིག།  བཅོམ་ལྡན་འདས་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ། ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་དང། ། ཐམས་ཅད་དང་ལྡན་པའི་འཁོར་དེ་དང།  ལྷ་དང།  དྲི་ཟ་དང།   མི་དང། ། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཡི་རངས་ཏེ། ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། ། །། 

འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་བ་ལས།  སྡོམ་པ་ གསུམ་བསྟན་པ་ཞེས་བྱ་བ་ལེའུ་དང་པོ་རྫོགས་སོ། ། །། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང།  སུ་རེན་དྲ་བོ་དྷི་དང།  ཞུ་ཆེན་གྱི་ལོཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་སྐད་གསར་བཅད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ། ། །།  འཕགས་པ་དཀོན་མཆོགས་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་ལེའུ་གཉིས་པ་སྟེ་སྒོ་མཐའ་ཡས་པར་སྦྱོང་བ་བསྟན་པ།  བམ་པོ་དང་པོ། །

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://wwwtb1025cn


བརྒྱུད་འགོད།