འཕགས་པ་དེ་བཞིན་གཤེགས་པ་རྣམས་ཀྱི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བརྗོད་པའི་ཆོས་ཀྱི་རྣམ་གྲངས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-08-06 15:53:29     རྩོམ་པ་པོ།   བཅོམ་ལྡན་འདས།    ཀློག་ཐེངས།  

༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ཏ་ཐཱ་ག་ཏཱ་ནཱ་མ་བུད་དྷ་ཀྵེ་ཏྲ་གུ་ཎོཀྟ་དྷརྨ་པརྱཱ་ཡ། བོད་སྐད་དུ། འཕགས་པ་དེ་བཞིན་གཤེགས་པ་རྣམས་ཀྱི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བརྗོད་པའི་ཆོས་ཀྱི་རྣམ་གྲངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཡུལ་མཉམ་དགའ་ན་ཆོས་ཀྱི་དགོན་པ་བྱང་ཆུབ་ཀྱི་སྙིང་པོ་ན་ནོར་བུ་རྡོ་རྗེས་སྤྲས་པའི་པད་མའི་སྙིང་པོའི་སེང་གེའི་ཁྲི་ལ་བཞུགས་ཏེ། བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུའི་རྡུལ་ཕྲ་རབ་སྙེད་ཀྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་ཐབས་གཅིག་གོ། །དེའི་ཚེ་བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་འདུས་པ་དེ་ཉིད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འོད་བསམ་གྱིས་མི་ཁྱབ་པའི་རྒྱལ་པོ་ཞེས་བྱ་བ་འདུས་པར་གྱུར་ཏེ་འདུག་གོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འོད་བསམ་གྱིས་མི་ཁྱབ་པའི་རྒྱལ་པོ་སངས་རྒྱས་ཀྱི་མཐུས་སྟན་ལས་ལངས་ཏེ། བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་ལ་སྨྲས་པ། ཀྱེ་རྒྱལ་བའི་སྲས་དག་འཇིག་རྟེན་གྱི་ཁམས་མི་མཇེད་ཀྱི་བསྐལ་པ་དེ་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་དཔག་མེད་ཀྱི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་གྱི་ཉིན་ཞག་གཅིག་གོ། །ཀྱེ་རྒྱལ་བའི་སྲས་དག་གང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་གྱི་བསྐལ་པ་དེ་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མི་འཁྲུགས་པའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་མངོན་པར་དགའ་བའི་ཉིན་ཞག་གཅིག་གོ། །ཀྱེ་རྒྱལ་བའི་སྲས་དག་གང་འཇིག་རྟེན་གྱི་ཁམས་མངོན་པར་དགའ་བའི་བསྐལ་པ་དེ་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེ་སྙིང་པོས་རབ་ཏུ་འདུལ་བའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་ངུར་སྨྲིག་གི་རྒྱལ་མཚན་གྱི་ཉིན་ཞག་གཅིག་གོ། །ཀྱེ་རྒྱལ་བའི་སྲས་དག་གང་འཇིག་རྟེན་གྱི་ཁམས་ངུར་སྨྲིག་གི་རྒྱལ་མཚན་གྱི་བསྐལ་པ་དེ་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤིན་དུ་རྣམ་པར་གདོན་མི་ཟ་བར་པད་མོ་རབ་ཏུ་རྒྱས་པའི་སྐུའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་ཕྱིར་མི་ལྡོག་པའི་འཁོར་ལོ་དབྱངས་ཀྱི་ཉིན་ཞག་གཅིག་གོ། །ཀྱེ་རྒྱལ་བའི་སྲས་དག་གང་འཇིག་རྟེན་གྱི་ཁམས་ཕྱིར་མི་ལྡོག་པའི་འཁོར་ལོ་དབྱངས་ཀྱི་བསྐལ་པ་དེ་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཆོས་ཀྱི་རྒྱལ་མཚན་གྱི་ཞིང་འཇིག་རྟེན་གྱི་ཁམས་རྡུལ་དང་བྲལ་བའི་ཉིན་ཞག་གཅིག་གོ། །ཀྱེ་རྒྱལ་བའི་སྲས་དག་གང་འཇིག་རྟེན་གྱི་ཁམས་རྡུལ་དང་བྲལ་བའི་བསྐལ་པ་དེ་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སེང་གེའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་མར་མེ་ལྡན་གྱི་ཉིན་ཞག་གཅིག་གོ། །ཀྱེ་རྒྱལ་བའི་སྲས་དག་གང་འཇིག་རྟེན་གྱི་ཁམས་མར་མེ་ལྡན་གྱི་བསྐལ་པ་དེ་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་འོད་བཟང་པོའི་ཉིན་ཞག་གཅིག་གོ། །ཀྱེ་རྒྱལ་བའི་སྲས་དག་གང་འཇིག་རྟེན་གྱི་ཁམས་འོད་བཟང་པོའི་བསྐལ་པ་དེ་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཆོས་ཀྱི་འོད་ཟེར་རབ་ཏུ་རྒྱས་པའི་སྐུའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་འདའ་བར་དཀའ་བའི་ཉིན་ཞག་གཅིག་གོ། །ཀྱེ་རྒྱལ་བའི་སྲས་དག་གང་འཇིག་རྟེན་གྱི་ཁམས་འདའ་བར་དཀའ་བའི་བསྐལ་པ་དེ་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མངོན་པར་ཤེས་པ་ཐམས་ཅད་བློ་གྲོས་འོད་ཟེར་རྒྱལ་པོའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་རྣམ་པར་བརྒྱན་གྱི་ཉིན་ཞག་གཅིག་གོ། །ཀྱེ་རྒྱལ་བའི་སྲས་དག་གང་འཇིག་རྟེན་གྱི་ཁམས་རྣམ་པར་བརྒྱན་གྱི་བསྐལ་པ་དེ་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཟླ་བའི་ཐུགས་ཀྱི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་མེ་ལོང་གི་དཀྱིལ་འཁོར་དབྱངས་ཀྱི་ཉིན་ཞག་གཅིག་གོ། །ཀྱེ་རྒྱལ་བའི་སྲས་དག་གང་འཇིག་རྟེན་གྱི་ཁམས་བརྟག་ཅིང་བགྲང་བ་ལ་འཇུག་པའི་ཚུལ་འདིས་སངས་རྒྱས་ཀྱི་ཞིང་བརྒྱ་སྟོང་ཕྲག་བཅུར་ཚང་བའི་རྡུལ་ཕྲ་རབ་སྙེད་འདས་པའི་ཕ་རོལ་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་བཟང་པོའི་སངས་རྒྱས་ཀྱི་ཞིང་གང་ན་བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོའི་སྤྱོད་པའི་ས་ཡོངས་སུ་སྦྱོང་བའི་ཁྱད་པར་ཅན་འཇིག་རྟེན་གྱི་ཁམས་པད་མོ་དཔལ་གྱི་ཉིན་ཞག་གཅིག་གོ། །ཀྱེ་རྒྱལ་བའི་སྲས་དག་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་ལ་ལ་ཞིག་དེ་བཞིན་གཤེགས་པ་རྣམས་ཀྱི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བརྗོད་པའི་ཆོས་ཀྱི་རྣམ་གྲངས་འདི་འཆང་ངམ། འཛིན་ཏམ། ཀློག་གམ། ཀུན་ཆུབ་པར་བྱེད་དམ། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་ན། དེ་འཆི་བའི་དུས་ཀྱི་ཚེ་ཕྱོགས་བཅུ་མཐའ་ཡས་པའི་སངས་རྒྱས་ཀྱི་ཞིང་རྒྱ་མཚོ་རབ་འབྱམ་དག་གི་སངས་རྒྱས་བཅོམ་ལྡན་འདས་རྣམས་དེའི་མདུན་ན་བཞུགས་པར་འགྱུར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་སྐྱེ་བ་དྲན་པར་འགྱུར་རོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གནང་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འོད་བསམ་གྱིས་མི་ཁྱབ་པའི་རྒྱལ་པོ་དགའ་ཞིང་དེ་སྐད་ཅེས་སྨྲས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འོད་བསམ་གྱིས་མི་ཁྱབ་པའི་རྒྱས་པོས་སྨྲས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་དེ་བཞིན་གཤེགས་པ་རྣམས་ཀྱི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བརྗོད་པའི་ཆོས་ཀྱི་རྣམ་གྲངས། རྫོགས་སོ།། །།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།