དགེ་སྦྱོང་ཀྱུན་ཏེ་ཞེས་བྱ་བའི་ལེའུ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-11-08 11:53:29         ཀློག་ཐེངས།  


518264961552280540.jpg

 

        འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ཚེ་དང་ལྡན་པ་ཤཱ་རིའི་བུ་ཉིན་མཚན་དུས་གསུམ་དུ་ལྷའི་མིག་གིས་སེམས་ཅན་གང་ལ་འདུལ་བའི་སྐལ་པ་ཡོད་པ་རྟོག་སྟེ། གདུལ་བར་རིགས་པ་ཡོད་ན་དེར་འགྲོའོ། །དུས་གཞན་ཞིག་ན་ཚོང་པ་དག་ཅིག་ཡུལ་གཞན་དུ་ཚོང་ལ་འདོང་བ་ལས་ཁྱི་ཞིག་ཁྲིད་དོ། །ལམ་དུ་ཁྱི་དེས་ཚོང་པ་ཞིག་གི་ཤ་བརྐུས་པ་དང༌། ཚོང་བ་དེ་ཁྲོས་པས་ཁྱིའི་རྐང་པ་བཅག་ནས་འབྲོག་སྟོང་བར་བོར་ཏེ་སོང་ངོ༌།དེ་ནས་ཤཱ་རིའི་བུས་ལྷའི་མིག་གིས་བརྟགས་ན། ཁྱི་དེ་ལྟོགས་པ་མཐོང་ནས་ཆོས་གོས་གྱོན། ལྷུང་བཟེད་ཐོགས་ཏེ་བསོད་སྙོམས་བསླངས་ནས་དེ་མ་ཐག་ཏུ་ནམ་མཁའ་ལ་འཕུར་ཏེ་ཁྱིའི་གན་དུ་སོང་ནས་བྱམས་ཤིང་སྙིང་བརྩེ་བའི་སེམས་བསྐྱེད་དེ་ཁ་ཟས་ཀྱིས་ཁྱི་དེ་སྙོད་དོ། །ཁྱི་དེ་ཁ་ཟས་ཟོས་ནས་ལྷག་པར་དགའ་སྟེ་ཤཱ་རིའི་བུས་ཁྱི་ལ་དམ་པའི་ཆོས་བསྟན་ནས་ཁྱི་དེ་ཡང་དེར་ཚེ་འཕོས་ཏེ་མཉན་དུ་ཡོད་པར་བྲམ་ཟེ་ཞིག་གི་བུར་སྐྱེས་སོ། །

        དུས་གཞན་ཞིག་ན་ཤཱ་རིའི་བུ་གཅིག་པུ་བསོད་སྙོམས་ལ་སོང་སྟེ་བྲམ་ཟེ་དེའི་སྒོར་ཕྱིན་པ་དང༌།བྲམ་ཟེ་དེས་ཤཱ་རིའི་བུ་ལ་ཅིའི་ཕྱིར་གཅིག་པུ་འགྲོ་བར་བྱེད། དགེ་ཚུལ་ཡང་མེད་དམ་ཞེས་སྨྲས་པ་དང༌། ཤཱ་རིའི་བུས་སྨྲས་པ། བདག་ལ་དགེ་ཚུལ་མེད་པས་གཅིག་པུ་འགྲོ་བ་ཡིན་ནོ། །ཁྱོད་ལ་བུ་གཅིག་ཡོད་ཟེར་ན། བདག་ལ་སྦྱིན་དུ་རུང་ངམ་ཞེས་སྨྲས་སོ། །བྲམ་ཟེས་སྨྲས་པ། བདག་ལ་ཀྱུན་ཏེ་ཞེས་བྱ་བ་ཞིག་ཡོད་དེ། དེ་དུང་ན་གཞོན་ཏེ་ཆུང་བས་ཅི་ཡང་མི་ནུས་ཀྱི། ནམ་སྐྱེས་པ་ན་སྦྱིན་ནོ། །ཞེས་སྨྲས་སོ། །ཤཱ་རིའི་བུས་དེ་སྐད་ཅེས་སྨྲས་པ་ཐོས་ནས་ཡིད་ལ་བཟུང་སྟེ་ཕྱིར་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་འོངས་སོ། །ཕྱིས་དེ་ལོ་བདུན་ལོན་པ་དང༌། བྲམ་ཟེའི་ཁྱིམ་དུ་སོང་སྟེ་བྲམ་ཟེ་དེ་ལ་བུ་བསླངས་པ་དང༌། བྲམ་ཟེ་དེས་ཀྱང་ཤཱ་རིའི་བུ་ལ་ཕུལ་ལོ། །ཤཱ་རིའི་བུས་ཀྱང་བུ་དེ་བཞེས་ནས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚིལ་དུ་ཁྲིད་དེ་དག་ཚུལ་དུ་བཅུག་ནས་དམ་པའི་ཆོས་རྣམ་པ་སྣ་ཚོགས་བསྟན་པས་སེམས་རྣམ་པར་གྲོལ་ཏེ་དགྲ་བཅོམ་པར་གྱུར་ནས་མངོན་པར་ཤེས་པ་དྲུག་དང༌། ཡོན་ཏན་ཀུན་དང་ལྡན་པར་གྱུར་ཏོ། །

        དུས་གཞན་ཞིག་ན་དགེ་ཚུལ་ཀྱུན་ཏེ་ཤེས་རབ་ཀྱི་སྟོབས་ཀྱིས་ཚེ་སྔ་མ་ལ་ཅི་ཞིག་བྱས་པས་ལུས་འདི་ཐོབ་ནས་སློབ་དཔོན་དང་ཕྲད་དེ་འབྲས་བུ་ཐོབ་པར་གྱུར་པ་བརྟགས་ན། ཚེ་སྔ་མ་ལ་ཁྱི་ལྟོགས་པ་ཞིག་བྱེད་པ་ལས། བདག་གི་སློབ་དཔོན་ཤཱ་རིའི་བུའི་དྲིན་གྱིས་མིའི་ལུས་དང་འབྲས་བུ་ཐོབ་པར་མཐོང་ཞིང་རྟོགས་ནས་རབ་ཏུ་དགའ་སྟེ་འདི་སྙམ་དུ་བསམས་སོ།བདག་ནི། སློབ་དཔོན་འདིའི་དྲིན་གྱིས་སྡུག་བསྔལ་ལས་ཐར་པར་གྱུར་ཏོ། །ད་བདག་ནམ་འཚོའི་བར་དུ་སློབ་དཔོན་གྱི་བསྙེན་བཀུར་བྱ་བའི་ཕྱིར་དགེ་ཚུལ་བྱའི། བསྙེན་པར་རྫོགས་པར་མི་བྱའོ་སྙམ་བསམས་སོ། །

        དེའི་ཚེ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་གསོལ་པ། དགེ་ཚུལ་འདིས་སྔོན་འདས་པའི་དུས་ན་སྡིག་པའི་ལས་ཅི་བགྱིས་པས་ཁྱིའི་ལུས་སུ་གྱུར། དགེ་བའི་རྩ་བ་ཅི་བགྱིས་ན་རྣམ་པར་གྲོལ་བར་གྱུར། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། སྔོན་འདས་པའི་དུས་ན་སངས་རྒྱས་འོད་སྲུང་གི་ཚེ་དགེ་སློང་དག་ཅིག་ལྷན་ཅིག་འཁོད་པ་ལས། དགེ་ཚུལ་གཞོན་ནུ་སྐད་སྙན་པ་ཞིག་ཡོད་དེ། བསྟོད་པ་དང་དབྱངས་བྱེད་ན་ཐམས་ཅད་ཐོས་པར་དགའོ། །དེའི་ཚེ་ན་དགེ་སློང་རྒན་པོ་ཞིག་ཡོད་པ་སྐད་མི་སྙན་ཏེ། འོན་ཀྱང་བསྟོད་པ་དང༌། ཚིགས་སུ་བཅད་པ་དབྱངས་དང་བཅས་ཏེ་བྱེད་དོ། །དགེ་སློང་རྒན་པོ་དེ་ནི། དགྲ་བཅོམ་པ་ཞིག་སྟེ། དགེ་སྦྱོང་གི་ཡོན་ཏན་ཐམས་ཅད་དང་ལྡན་ནོ། །དུས་གཞན་ཞིག་ན་དགེ་སློང་གཞོན་ནུ་དབྱངས་སྙན་པ་དེས་དགེ་སློང་རྒན་པོ་དབྱངས་མི་སྙན་པ་དེ་ལ་ཁྱོད་ཀྱི་དབྱངས་ནི།ཁྱི་ཟུགས་པ་དང་འདྲའོ། །ཞེས་སྨད་པའི་ཚིག་སྨྲས་སོ། །

        དེ་ནས་དགེ་སློང་རྒན་པོ་དེས་དགེ་སློང་གཞོན་ནུ་ལ་ཁྱོད་ཀྱིས་ང་ཤེས་སམ་ཞེས་དྲིས་ན། སྨྲས་པ། ཁོ་བོས་ཏེ་བོར་ཤེས་ཏེ། ཁྱོད་ནི། སངས་རྒྱས་འོད་སྲུང་གི་དགེ་སློང་གནས་བརྟན་ཡིན་ནོ། །སྨྲས་པ། བདག་ནི། དགྲ་བཅོམ་པ་སྟེ། དགེ་སྤྱོང་གི་ཡོན་ཏན་ཐམས་ཅད་དང་ལྡན་ནོ། །ཞེས་བྱས་པ་དང༌། དགེ་སློང་གཞོན་ནུ་དེ་འཇིགས་སྐྲག་སྟེ་འགྱོད་ནས་དེ་ལ་མཐོལ་ཚངས་བྱས་སོ། །དགེ་སློང་རྒན་པོས་ཀྱང་ཚངས་པ་བྱིན་མོད་ཀྱི། ཚིག་ངན་པ་སྨྲས་པའི་རྐྱེན་གྱིས་སྐྱེ་བ་ལྔ་བརྒྱའི་བར་དུ་རྟག་ཏུ་ཁྱིར་སྐྱེས་སོ། །རབ་ཏུ་བྱུང་སྟེ་ཚུལ་ཁྲིམས་བསྲུངས་པས་འདིར་ང་དང་ཕྲད་ནས་རྣམ་པར་གྲོལ་བར་གྱུར་ཏོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་གསུངས་ནས་ཀུན་དགའ་བོ་དང༌། འཁོར་མང་པོ་རྗེས་སུ་ཡི་རང་སྟེ་མངོན་པར་དགའོ། །དགེ་སྦྱོང་ཀྱུན་ཏེ་ཞེས་བྱ་བའི་ལེའུ་སྟེ་ལྔ་བཅུ་རྩ་གཅིག་པའོ། །མཛངས་བླུན་ཞེས་བྱ་བའི་མདོ་རྫོགས་སོ།། །།
རྒྱ་ནག་ལས་འགྱུར་བར་སྣང་ངོ༌།།
                                                                          རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས། 
             རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
             དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།