སེངྒེ་ཡི་དམ་བརྟན་ཞེས་བྱ་བའི་ལེའུ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-11-08 11:44:06         ཀློག་ཐེངས།  

86712403740547339.jpg

        འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་རྒོད་དུ་ཕུང་པོའི་རི་ལ་བཞུགས་སོ། །དེའི་ཚེ་ན་ལྷ་སྦྱིན་གྱིས་བཅོམ་ལྡན་འདས་ལ་རྟག་ཏུ་ངན་སེམས་བསྐྱེད་ནས་དེ་བཞིན་གཤེགས་པ་མེད་པར་བྱས་ལ་ལྷ་སྦྱིན་ཉིད་སངས་རྒྱས་ཡིན་ནོ། །ཞེས་བསྒྲག་པའི་ཕྱིར་རྒྱལ་བུ་མ་སྐྱེས་དགྲ་ཕ་གསོད་དུ་བཅུག་ནས་སངས་རྒྱས་གསར་པ་དང༌། རྒྱལ་པོ་གསར་པས་ཡུལ་གྱི་སྲིད་བཅས་ནམ་ལེགས་སམ་ཞེས་སྨྲས་པ། རྒྱལ་པོ་མ་སྐྱེས་དགྲས་ཉན་ཏེ་ཕ་བསད་ནས་བདག་ཉིད་རྒྱལ་པོར་ཞུགས་སོ། །དེའི་ཚེ་ཡུལ་མི་དག་དགེ་སློང་ཀུན་ལ་ངན་སེམས་བསྐྱེད་ནས་མཐོང་ཡང་མི་འདོད་པར་གྱུར་ཏོ། །དེ་ནས་དུས་གཞན་ཞིག་ན་དགེ་སློང་དག་གྲོང་དུ་བསོད་སྙོམས་སློང་དུ་སོང་བ་ལས་ཡུལ་མི་དགྲ་ཁྲོས་ཏེ་གཏམ་ཡང་མི་སྟེར་ནས་ལྷུང་བཟེད་སྟོང་པར་ཕྱིར་ལོག་སྟེ་བྱ་རྒོད་སྤུངས་པའི་རི་ལ་ཕྱིན་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ལྷ་སྦྱིན་གྱིས་སྡིག་པ་མི་དགེ་བའི་ལས་བགྱིས་པས། ཡོན་བདག་ཀུན་དགེ་སློང་ལ་ངན་སེམས་སྐྱེས་སོ། །ཞེས་གསོལ་བ་དང༌།

        བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སེམས་ཅན་གང་ཞིག་དགེ་སྦྱོང་དུར་སྨྲིག་གྱོན་པ་ལང་ནས་སེམས་བསྐྱེད་ན། མི་དེ་ནི། འདས་པའི་སངས་རྒྱས་དང༌།རང་སངས་རྒྱས་དང༌། དགྲ་བཅོམ་པ་ལ་ངན་སེམས་བསྐྱེད་དོ། །མ་འོངས་པའི་སངས་རྒྱས་དང༌། རང་སངས་རྒྱས་དང༌། དགྲ་བཅོམ་པ་ལ་ངན་སེམས་བསྐྱེད་པ་ཡིན་ནོ། །ད་ལྟར་བཞུགས་པའི་སངས་རྒྱས་དང༌། རང་སངས་རྒྱས་དང༌། དགྲ་བཅོམ་པ་ལ་ངན་སེམས་བསྐྱེད་པ་ཡིན་པར་རིག་པར་བྱའོ། །དེ་ལྟར་དུས་གསུམ་གྱི་འཕགས་པ་ལ་ངན་སེམས་བསྐྱེད་པས། སྡིག་པའི་ལས་ཁ་ན་མཐོ་བའི་འབྲས་བུ་ཚད་མེད་པ་སྨིན་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་གོས་དུར་སྨྲིག་ནི། དུས་གསུམ་གྱི་འཕགས་པ་རྣམས་ཀྱི་རྒྱལ་མཚན་ཡིན་ཏེ། སེམས་ཅན་གང་ཞིག་སྐྲ་དང་ཁ་སྤུ་བྲེགས་ནས་ཁ་དོག་བསྒྱུར་བའི་ཆོས་གོས་གྱོན་ན། དེ་ནི། རིང་པོར་མི་ཐོགས་པར་སྡུག་བསྔལ་ཀུན་ལས་སེམས་རྣམ་པར་གྲོལ་ཏེ་ཟག་པ་མེད་པའི་ཡེ་ཤེས་ཐོབ་ཅིང་འགྲོ་བ་ཐམས་ཅད་ཀྱི་མགོན་སྐྱབས་དང་དཔུང་གཉེན་དུ་འགྱུར་རོ། །སེམས་ཅན་གང་ཞིག་རབ་ཏུ་བྱུང་ཞིང་ཁ་དོག་བསྒྱུར་པའི་ཆོས་གོས་གྱོན་པ་ལ་དད་པའི་སེམས་བསྐྱེད་ན། བསོད་ནམས་དཔག་ཏུ་མེད་པ་ཐོབ་པར་འགྱུར་རོ། །ཀུན་དགའ་བོ། ང་ཡང་སྔོན་རབ་ཏུ་བྱུང་བ་ཆོས་གོས་ཁ་དོག་བསྒྱུར་བ་གྱོན་པ་ལ་དད་པའི་སེམས་སྐྱེས་ཏེ། བསྟི་སྟང་བྱས་པས་མངོན་པར་སངས་རྒྱས་སོ། །

        ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་ཀྱིས་སྔོན་ཁ་དོག་བསྒྱུར་བའི་ཆོས་གོས་བགོས་ཤིང་རབ་ཏུ་བྱུང་བ་ལ་བསྟི་སྟང་ཇི་ལྟར་བགྱིས་པ་བསྟན་དུ་གསོལ། །ཐོས་པར་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། ཤིན་ཏུ་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག་དང༌། ཁྱོད་ལ་བསྟན་པར་བྱའོ། །ཀུན་དགའ་བོ། སྔོན་འདས་པའི་བསྐལ་པ་ཚད་མེད་པ་གྲངས་མེད་པའི་ཕ་རོལ་ན་འཛམ་བུའི་གླིང་འདིར་རྒྱལ་པོ་ཆེན་པོ་དེ་བྱི་ཞེས་བྱ་བ་ཞིག་བྱུང་སྟེ། རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་སྙེད་ལ་དབང་བྱེད་དོ། །དེའི་ཚེ་འཇིག་རྟེན་ན་སངས་རྒྱས་ཀྱི་ཆོས་ནི། མེད་དོ། རང་སངས་རྒྱས་དག་ཅིག་རི་དང་ཚལ་ན་གནས་པ། ནམ་མཁའ་ལ་རྒྱུ་ཞིང་སེམས་ཅན་གྱི་དོན་བྱེད་དོ། །

        དེའི་ཚེ་ན་རི་དྭགས་དག་དེ་ལ་བསྙེན་བཀུར་བྱེད་དེ། སེངྒེ་ཡི་དམ་བརྟན་པ་ཞེས་བྱ་བ་ལུས་ཀྱི་སྤུ་གསེར་གྱི་མདོག་ལྟར་འདུག་ལ་ཤིན་ཏུ་འཚེར་བ་ཞིག་ཀྱང་དེ་ན་འདུག་སྟེ། ཟས་སུ་འབྲས་བུ་དང་རྩྭ་ཟའི། སེམས་ཅན་ནི། མི་གསོད་དོ། །དེའི་ཚེ་རྔོན་པ་ཞིག་གིས་མཐོང་ནས་རབ་ཏུ་དགའ་སྟེ། ད་བདག་གིས་བདེ་བ་ཐོབ་ཀྱི། སེངྒེ་འདི་བསད་ལ་པགས་པ་རྒྱལ་པོ་ལ་ཕུལ་ན། གདོན་མི་ཟ་བར་དབུལ་བ་བོར་རོ་སྙམ་བསམས་ཏེ། དུས་གཞན་ཞིག་ན་སྐྲ་བྲེགས་ཆོས་གོས་གྱོན་ནས་མདའ་གཞུ་མཆན་དུ་བཅུག་སྟེ་སེངྒེ་གང་ན་འདུག་པར་སོང་ངོ༌། །དེའི་ཚེ་ན་སེངྒེ་དེ་གཉིད་ལོག་སྟེ་ཉ་ལ་བ་ལས་རྔོན་པས་དུག་མདའ་འཕངས་སོ། །དེ་ནས་སེངྒེ་སད་ནས་རྔོན་པ་བསྙགས་པ་དང༌། ཆོས་གོས་གྱོན་པ་མཐོང་ནས་འདི་སྙམ་དུ་བསམས་སོ། །མི་འདི་ལྟ་བུ་ནི། འཇིག་རྟེན་ན་ཡུན་རིང་དུ་མི་གནས་ཏེ། རིང་པོར་མི་ཐོགས་པར་སྡུག་བསྔལ་ཀུན་ལས་རྣམ་པར་གྲོལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཁ་དོག་བསྒྱུར་བའི་ཆོས་གོས་འདི་ནི། འདས་པ་དང༌། མ་འོངས་པ་དང༌། ད་ལྟར་གྱི་འཕགས་པ་རྣམས་ཀྱི་རྒྱལ་མཚན་ཡིན་ཏེ། བདག་གིས་གནོད་པ་བྱས་ན། དུས་གསུམ་གྱི་འཕགས་པ་རྣམས་ལ་ངན་སེམས་བསྐྱེད་པ་ཡིན་ནོ། །སྙམ་བསམས་ཏེ་གསོད་པའི་སེམས་བཏང་བ་དང༌། དུག་མདས་ཞེན་པས་ལུས་དང་སྲོག་ཕྲལ་བ་ལ་ཐུག་ནས་ཚིག་འདི་སྐད་ཅེས་སྨྲས་སོ། །ཡ་ལ་ལ་བ་ཤ་ས་སྭཱཧཱ་ཞེས་སྨྲས་པའི་ཚེ་གནམ་ས་ཀུན་གཡོས་ནས་སྤྲིན་མེད་པར་ཆར་བ་བབ་སྟེ་ལྷ་རྣམས་ཀྱིས་ལྷའི་མིག་གིས་བརྟགས་ན། འཇིག་རྟེན་འདིར་རྔོན་པོས་བྱང་ཆུབ་སེམས་དཔའ་སེངྒེའི་ཚུལ་དུ་བཞུགས་པ་བསད་པ་མཐོང་ནས་སྟེང་གི་ནམ་མཁའ་ལས་ལྷ་རྫས་ཀྱི་མེ་ཏོག་ཆར་བཞིན་དུ་ཕབ་སྟེ་སེནྔེའི་རོ་ལ་མཆོད་པ་བྱས་སོ། །

        དེ་ནས་རྔོན་པས་སེངྒེའི་པགས་པ་བཤུས་ནས་ཁྱིམ་དུ་འོངས་ཏེ་རྒྱལ་པོ་དེ་བྱི་ལ་ཕུལ་ནས་བྱ་དགའ་གསོལ་པ་དང༌། རྒྱལ་པོས་འདི་སྙམ་དུ་བསམས་མོ། །ཡི་གེ་དང༌། གཙུག་ལག་ལས་དུད་འགྲོ་གང་གི་སྤུ་མདོག་གསེར་ལྟར་འདུག་ན། ངེས་པར་བྱང་ཆུབ་སེམས་དཔའ་ཡིན་ཏེ། སྐྱེས་བུ་ཆེན་པོ་ཡིན་ནོ། །ཞེས་འབྱུང་ན། ཅིའི་ཕྱིར་རྔོན་པ་འདི་ལ་བྱ་དགའ་སྦྱིན། གལ་ཏེ་བྱིན་ན་བདག་ཀྱང་གསོད་པ་དང་ཐ་མི་དད་དོ་སྙམ་བསམས་ནས་དེའི་ཚེ་རྔོན་པས་ཡང་བསྐུལ་བ་དང་རྒྱལ་པོས་ཀྱང་ཉུང་ཞིག་བྱིན་ནས་རྔན་པ་ལ་འདི་སྐད་ཅེས་སྨྲས་སོ། །སེངྒེ་འདི་གསོད་པའི་ཚེ་ངོ་མཚར་ཆ་བའམ། ལྟས་ཅི་ཞིག་བྱུང་ཞེས་དྲས་ན། ཁ་ནས་ཡི་གེ་འབྲུ་བརྒྱད་པོ་འདི་སྨྲས་ཏེ། གནམས་ཡང་གཡས་ནས་སྤྲིན་མེད་པར་ཆར་པ་བབ་ཅིང་ལྷ་རྣམས་ཀྱིས་མེ་ཏོག་བབ་བོ། །

        དེའི་ཚེ་རྒྱལ་པོས་དེ་སྐད་ཅེས་སྨྲས་པ་ཐོས་ནས་ཤིན་ཏུ་མི་དགའ་སྟེ་དད་པའི་སེམས་སྐྱེས་ནས་བློན་པོ་དང༌། སྔ་རབས་ཀྱི་རྒན་པོ་ཤེས་པ། བློ་དང་ལྡན་པ་ཀུན་བསགས་ཏེ་སེངྒེས་སྨྲས་པའི་ཚིག་དཔྱད་ན། གཅིག་གིས་ཀྱང་མ་གོ་མ་ཤེས་སོ། །གནས་དབེན་པ་ཞིག་ན་དྲང་སྲོང་ཤ་མ་ཞེས་བྱ་བ་མཁས་པ། རིག་པ་དང་ལྡན་པ་ཞིག་ཡོད་དེ། རྒྱལ་པོས་དྲངས་སྲོང་དེ་སྤྱན་དྲངས་ནས་དྲིས་པ་དང༌། དྲང་སྲོང་དེས་འདི་སྐད་ཅེས་བཤད་དོ། །ཡ་ལ་ལ་ཞེས་བྱ་བའི་དོན་ནི། སྐྲ་བྲགས་ལ་ཆོས་གོས་ཁ་དོག་བསྒྱུར་བ་གྱོན་པ་འབའ་ཞིག་སྐྱེ་ཤི་ལས་མྱུར་དུ་ཐར་ཏོ། །ཞེས་ཟེར་རོ། །བཤ་ས་ཞེས་ཟེར་བའི་དོན་ནི། སྐྲ་བྲེགས་ཏེ་ཆོས་གོས་ཁ་དོག་བསྒྱུར་བ་གྱོན་པ་ཐམས་ཅད་འཕགས་པའི་རྒྱལ་མཚན་ཡིན་ཏེ། མྱ་ངན་ལས་འདའ་བ་དང་ཉེ་བའོ། །ཞེས་ཟེར་རོ། །སྭཱཧཱ་ཞེས་བྱ་བའི་དོན་ནི། སྐྲ་བྲེགས་ཏེ་ཆོས་གོས་ཁ་དོག་བསྒྱུར་བ་གྱོན་ན། ལྷ་དང་མི་དང་འཇིག་རྟེན་དུ་བཅས་བ་ཐམས་ཅད་ཀྱིས་བཀུར་བསྟི་བྱའོ། །ཞེས་བྱ་བའི་དོན་ཏོ། །དེའི་ཚེ་དྲང་སྲོང་གིས་དེ་སྐད་ཅེས་སྨྲས་པ་དང༌། རྒྱལ་པོ་རབ་ཏུ་དགའ་ནས་རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་མང་པོ་ཡང་བསྡུས་ཏེ་རིན་པོ་ཆེ་སྣ་བདུན་གྱི་ཤིང་རྟ་མཐོན་པོ་བཅས་ནས་སེངྒེའི་པགས་པ་སྟེང་བཞག་སྟེ་ཐམས་ཅད་ཀྱིས་མཐོང་བར་བྱས་ནས་སྤོས་དང་མེ་ཏོག་གིས་མཆོད་ཅིང་ཕྱག་འཚལ་དུ་བཅུག་གོ །

        དེ་ནས་གསེར་གྱི་སྒོམ་བྱས་ནས་སེངྒེའི་པགས་པ་ནང་དུ་བཅུག་སྟེ་མཆོད་རྟེན་བྱས་སོ། །དེའི་ཚེ་མི་མང་པོ་དགེ་བར་སེམས་པ་དེ་དག་ཐམས་ཅད་ཚེ་འཐོས་པའི་འོག་ཏུ་མཐོ་རིས་ཀྱི་ལྷར་སྐྱེས་སོ། །ཀུན་དགའ་བོ། དེའི་ཚེ་སེངྒེ་དེས་ཆོས་གོས་ཁ་དོག་བསྒྱུར་བ་གྱོན་པའི་མི་ལ་དགེ་བའི་སེམས་བསྐྱེད་པས། བསྐལ་པ་ཁྲི་ཕྲག་བཅུའི་བར་དུ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་བྱས་ནས་སེམས་ཅན་ཀུན་ལ་བདེ་བ་བྱིན་ཏེ་བསོད་ནམས་ཀྱི་ལས་རྒྱས་པར་བྱས་ནས་མངོན་པར་སངས་རྒྱས་སོ། །དེའི་ཚེ་དེའི་དུས་ན་སེངྒེ་ཡི་དམ་བརྟན་པ་དེ་ལ་གཞན་དུ་མ་སེམས་ཤིག །དེ་ནི། ད་ལྟར་ང་ཡིན་ནོ། །དེའི་ཚེ་དེའི་དུས་ན་རྒྱལ་པོ་དེ་བྱིས་སེངྒེའི་པགས་པ་ལ་མཆོད་པ་བྱས་པས། བསྐལ་པ་ཁྲི་ཕྲག་བཅུའི་བར་དུ་ལྷ་དང་མིའི་མཆོག་ཏུ་གྱུར་ནས་དགེ་བ་ཀུན་བྱས་པ་དེ་ནི། བྱང་ཆུབ་སེམས་དཔའ་བྱམས་པ་ཡིན་ནོ། །དེའི་ཚེ་དེའི་དུས་ན་དྲང་སྲོང་དེ་ནི། ཤཱ་རིའི་བུ་ཡིན་ནོ། །རྔོན་པ་དེ་ནི། ལྷ་སྦྱིན་ཡིན་ནོ། །དེའི་ཚེ་འཁོར་མང་པོ་དག་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་གསུངས་པ་ཐོས་ནས་རབ་ཏུ་དགའ་སྟེ་འདི་སྐད་ཅེས་གསོལ་ཏོ། །

        བདག་ཅག་གིས་འཕགས་པར་མ་ཤེས་པས་ངན་སེམས་བསྐྱེད་ཀྱི། དེ་བཞིན་གཤེགས་པས་བདག་ཅག་ལ་ཐུགས་བརྩེ་བའི་སླད་དུ་སྡིག་པར་མི་འགྱུར་བར་འགྱོད་ཚངས་འཚལ་ལོ། །ཞེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་ཐུགས་རྗེ་ཆེན་པོས་བདེན་པ་བཞིའི་ཆོས་བསྟན་ཏོ། སྔོན་རྒྱུ་གང་དང་མཐུན་པ་བཞིན་དུ་འབྲས་བུ་ཐོབ་ནས་ལ་ལ་ནི། རྒྱུན་དུ་ཞུགས་པ་དང༌། ལན་གཅིག་ཕྱིར་ལྡོག་པ་དང༌། ཕྱིར་མི་ལྡོག་པ་དང༌། དགྲ་བཅོམ་པ་ཐོབ་བོ། །ལ་ལ་ནི། བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་ཀུན་དགའ་བོ་དང༌། འཁོར་རྣམ་བཞི་མངོན་པར་དགའ་ནས་རྗེས་སུ་ཡི་རང་ངོ༌། །སེངྒེ་ཡི་དམ་བརྟན་པ་ཞེས་བྱ་བའི་ལེའུ་སྟེ་བཞི་བཅུ་དགུ་པའོ།། །།
                                                                     རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས། 
             རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
             དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།