བུ་མོ་སུ་མ་ནའི་བུ་བཅུའི་ལེའུ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-11-08 11:21:57         ཀློག་ཐེངས།  

667696024570980821.jpg

        འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་བུ་མོ་ཐ་ཆུང་སུ་མན་ཞེས་བྱ་བ་མངའ་བྱད་མཛེས་ཤིང་བལྟ་ན་སྡུག་པ་ཞིག་ཡོད་དེ། བུའི་ནང་ན་བུ་མོ་ཐ་ཆུང་དེ་ལ་བྱམས་པས་གར་འགྲོ་ཡང་ཁྲིད་དོ། །དུས་གཞན་ཞིག་ན་ཁྱིམ་བདག་སངས་རྒྱས་ལ་ཕྱག་འཚལ་དུ་སོང་བ་དང༌། བུ་མོ་ཡང་ཕྱི་བཞིན་སོང་ནས་བུ་མོ་དེས་སངས་རྒྱས་མཐོང་བ་དང་ལྷག་པར་དགའ་བའི་སེམས་སྐྱེས་ཏེ། སྤོས་ཀྱིས་སངས་རྒྱས་བཞུགས་པའི་གནས་ཀུན་ཏུ་བྱུག་པར་བསམས་པ་དང༌། དེའི་ཚེ་བུ་མོ་དེའི་ལག་ན་ཨ་མྲའི་འབྲས་བུ་ཞིག་ཐོག་པ་ལས། བཅོམ་ལྡན་འདས་ཀྱིས་འོན་ཅིག་ཅེས་བཀའ་སྩལ་པ་དང༌། བུ་མོས་ཀྱང་དེ་མ་ཐག་ཏུ་བཅོམ་ལྡན་འདས་ཀྱི་ཕྱག་ཏུ་ཕུལ་ལོ། །བཅོམ་ལྡན་འདས་ཀྱིས་ཨ་མྲའི་འབྲས་བུ་བཞེས་ནས་སྤོས་དམ་པའི་མིང་རྣམ་པ་མང་པོ་བྲིས་ཏེ་བུ་མོའི་ལག་ཏུ་ཕྱིར་བྱིན་ནོ། །དེ་ནས་བུ་མོ་ཕ་དང་བཅས་སུ་ཕྱིར་ཁྱིམ་དུ་འོངས་ནས་ཚོང་དུས་སུ་སོང་སྟེ་བཅོམ་ལྡན་འདས་བཞེད་པའི་སྤོས་རྣམ་པ་སྣ་ཚོགས་ཉོས་ནས་ཕྱིར་ཡང་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་སོང་སྟེ་ཉིན་གཅིག་བཞིན་དུ་སྤོས་བདར་ནས་གནས་ཀུན་ཉུག་གོ །

        དུས་གཞན་ཞིག་ན་ཡུལ་ཏིག་ཅ་ཤི་རིའི་རྒྱལ་པོས་བུ་ཞིག་རྒྱལ་པོའི་ཁབ་ཏུ་མངགས་ནས་འཕྱན་ཅིང་སོང་སོང་བ་ལས། མཐར་གྱིས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་ཕྱིན་པ་དང༌། བུ་མོ་སྤོས་བདར་ཞིང་འདུག་པ་མཐོང་ནས་བུ་མོ་དེ་ལ་ཆགས་ཏེ་ཆུང་མར་བླང་བར་བསམས་ནས་རྒྱལ་པོ་གསལ་རྒྱལ་ལ་བུ་མོ་དེ་བསླངས་པ་དང༌། རྒྱལ་པོས་དེ་སུའི་བུ་མོ་ཡིན་ཞེས་སྨྲས་ན། དེ་ནི། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་བུ་མོའོ། །ཞེས་སྨྲས་སོ། །འོ་ན་ང་ལ་གསོལ་ཀྱང་མི་ཕན་གྱི། བུ་མོ་ཉིད་ཀྱི་ཕ་མ་ལ་གསོལ་ཅིག་ཅེས་བསྒོའོ། །རྒྱལ་བུ་དེས་རྒྱལ་པོ་ལ་དུས་ཀྱིས་གསོལ་བ་དང༌། རྒྱལ་པོས་ཀྱང་དེ་བཞིན་གྱིས་ཤིག་ཅེས་བསྒོ་བ་དང༌། རྒྱལ་བུ་དེས་བདག་གི་གཡོག་དང༌། འཁོར་ཀུན་ཕྱིར་ཡུལ་དུ་བཏང་ནས་གླང་པོ་ཆེ་གཅིག་པུ་ཞིག་ཕྱིར་བཞག་གོ །དུས་གཞན་ཞིག་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་སོང་ནས་བུ་མོ་སུ་མ་ན་བརྐུས་ཏེ་གླང་པོ་ཆེ་ལ་བསྐྱོན་ནས་བྲོས་པ་དང༌། མགོན་མེད་ཟས་སྦྱིན་གྱིས་བསྙགས་ན་ཡང་མ་སླེབ་སྟེ། ཕྱིར་ཡུལ་དུ་ཕྱིན་ནས་ཆུད་མར་བྱས་སོ། །དེ་ནས་ཆུང་མ་དེ་སེམས་ཅན་དང་ལྡན་པར་གྱུར་ཏེ། ཕྱིས་ཟླ་བ་ཚང་ནས་སྒོ་ན་བཅུ་ཞིག་བཙས་སོ། །སྒོ་ང་བཅག་པ་དང༌། སྒོ་ང་རེ་རེའི་ནང་ནས་བུ་ཁྱེའུ་བལྟ་ན་སྡུག་པ། མཛེས་ཤིང་བཟང་བ། གཞན་ལས་འཕགས་པ་རེ་རེ་བྱུང་ངོ༌། །བུ་དེ་དག་ཆེར་སྐྱེས་ནས་དཔའ་ཞིང་རྩལ་ཆེ་བས། རི་དྭགས་གསོད་པ་ལ་དགའ་བར་གྱུར་པ་དང༌།ཁྱེའུའི་མས་འདི་ལྟར་རི་དྭགས་གསོད་པར་མ་བྱེད་ཅིག་ཅེས་བསྒོ་བ་དང༌། བུ་རྣམས་ཀྱིས་མ་ལ་འདི་སྐད་ཅེས་སྨྲས་སོ། །

        རི་དྭགས་བཤོར་བ་ལས་དགའ་བ་མེད་དེ། བདག་ཅག་གི་མས་གསོད་དུ་མི་གནང་བ་ལས་ན། བདག་ཅག་ལ་སྡང་བ་ལྟ། མས་སྨྲས་པ། ཁོ་མོ་ནི། ཁྱེད་ལ་སྡང་བ་མ་ཡིན་གྱི། ཁྱེད་ལ་བྱམས་པའི་ཕྱིར་རི་དྭགས་གསོད་དུ་མ་བཅུག་པ་ཡིན་ནོ། །འདི་ལྟ་སྟེ། སྲོག་གཅོད་པའི་སྡིག་གིས་སེམས་ཅན་དམྱལ་བར་ལོ་བརྒྱ་སྟོང་དུ་མའི་བར་དུ་སྡུག་བསྔལ་མྱོང་སྟེ། རྟག་ཏུ་ཤ་བའི་མགོ་ཅན་དང༌། ལུག་གི་མགོ་ཅན་དང༌། རི་བོང་གི་མགོ་ཅན་ལ་སོགས་ཏེ། རི་དྭགས་སྣ་ཚོགས་ཀྱི་མགོ་ཅན་དུ་གྱུར་ནས་དམྱལ་བའི་སྲུང་མས་ལོ་གྲངས་མེད་པའི་བར་དུ་གསོད་པར་འགྱུར་རོ། །གལ་ཏེ་དེ་ལས་ཐར་པར་འདོད་ན་ཡང་སྡིག་པའི་ལས་དེ་ལས་མི་ཐར་རོ། །བུ་རྣམས་ཀྱིས་སྨྲས་པ། ཇི་ལྟར་ཁྱོད་ཀྱིས་བསྒོ་བཞིན་དུ་བྱ་ན། འདི་སྐད་དུ་བསྒོ་བ་འདི་གཞན་ལས་གསན་ཏམ། ཁྱོད་ཉིད་ཀྱིས་བསམས་ཏེ་སྨྲས། ཚིག་འདི་ནི། ཁོ་མོས་སངས་རྒྱས་ལས་ཐོས་སོ། །ཞེས་སྨྲས་པ་དང༌། བུ་རྣམས་ཀྱིས་སངས་རྒྱས་ཞེས་བྱ་བ་ཅི་ཡིན་སྟོན་ཅིག་ཅེས་སྨྲས་སོ། །ཅི་ཁྱོད་ཀྱིས་མ་ཐོས་སམ། རྒྱལ་པོ་ཡབ་ཟས་གཙང་མའི་སྲས་སྐུ་མཛེས་ཤིང་བཟང་བ། འཁོར་ལོས་བསྒྱུར་བའི་རྒྱལ་པོར་འགྱུར་བ་ལས། རྒ་བ་དང༌། ན་བ་དང༌། འཆི་བ་མ་འདོད་དེ། རབ་ཏུ་བྱུང་ནས་ལམ་བསྒོམས་པས་སྨོན་ལམ་བཞིན་དུ་གྲུབ་སྟེ་བླ་ན་མེད་པའི་འབྲས་བུ་ཐོབ་ནས་སྐུ་ཁྲུ་བཅུ་དྲུག་པ། མཚན་དང་དཔེ་བྱད་ཀྱིས་ཡོངས་སུ་བརྒྱན་པ། རིག་པ་གསུམ་དང་མངོན་པར་ཤེས་པ་དྲུག་ཏུ་ལྡན་པ། སྔ་མ་འདས་པ་ཤེས་པ་ཡང་མཐའ་མེད་ལ། ཕྱིས་འབྱུང་བ་ཤེས་པ་ཡང་མཐའ་མེད་དེ། དུས་གསུམ་ནི། ལག་མཐིལ་ན་འབྲས་བུ་བཞག་པ་དང་འདྲའོ། །ཞེས་སྨྲས་པ་བུ་རྣམས་ཀྱིས་ཐོས་ནས་རབ་ཏུ་དགའ་སྟེ། སངས་རྒྱས་དེ་ད་ལྟར་འདི་ནས་ཉེ་རིང་ཇི་ཙམ་ཞིག་ན་བཞུགས་པ་མཐོང་བར་རུང་ངམ་ཞེས་སྨྲས་པ་དང༌། མས་སྨྲས་པ། ད་ལྟར་མཉན་ཡོད་ན་བཞུགས་ཏེ། མཐོང་དུ་རུང་ངོ༌། །བུ་རྣམས་ཀྱིས་སྨྲས་པ། འོ་ན་བདག་ཅག་སངས་རྒྱས་བལྟར་འགྲོའོ། །ཞེས་གསོལ་པ་དང༌། བུའི་མས་ཀྱང་གནང་ནས་བུ་རྣམས་གཅིག་ཅར་མཉན་ཡོད་དུ་དོང་ངོ༌། །དེར་ཕྱིན་པ་དང་མེས་པོ་མགོན་མེད་ཟས་སྦྱིན་གྱིས་མཐོང་ནས་རབ་ཏུ་དགའ་མགུ་རངས་ཏེ་ཚ་བོ་རྣམས་ཁྲིད་དེ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་དེ་བཞིན་གཤེགས་པ་བལྟར་དོང་ངོ༌། །

        བྱིས་པ་དེ་དག་གིས་སངས་རྒྱས་ཀྱི་མཚན་སྔོན་ཐོས་པ་བས་སྟོང་འགྱུར་གྱིས་ལྷག་པར་བཟང་བ་མཐོང་ནས་ཤིན་ཏུ་དགའ་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཅི་རིགས་པར་ཆོས་བསྟན་པས་ཁྱེའུ་བཅུ་ཆར་དུས་གཅིག་ཏུ་ཆོས་ལ་ཆོས་ཀྱི་མིག་རྣམ་པར་དག་པར་གྱུར་ནས་སངས་རྒྱས་ལ་རབ་ཏུ་འབྱུང་བར་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་བྱིས་པ་རྣམས། ཁྱེད་ཀྱི་ཕ་མས་གནང་ངམ་ཞེས་བཀའ་སྩལ་ན། བདག་ཅག་གིས་ད་དུང་མ་གསོལ་ལོ། །ཞེས་གསོལ་པ་དང༌། ཕ་མས་མག་ནང་གི་བར་དུ་རབ་ཏུ་འབྱུང་དུ་མི་གནང་ངོ༌། །ཞེས་བཀའ་སྩལ་ཏོ། །དེ་ནས་མགོན་མེད་ཟས་སྦྱིན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བདག་ནི། འདི་དག་གི་མེས་པོ་ལགས་ཏེ། བདག་གི་ཚ་བོ་ལ་བདག་ཀྱང་ད་དུང་བས། བདག་གིས་རབ་ཏུ་འབྱུང་བར་གནང་ངོ༌། །ཞེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་ཀྱང་དེ་བཞིན་དུ་གནང་ནས་སྐྲ་དང་ཁ་སྤུ་རང་བྱི་སྟེ་དགེ་སློང་དུ་གྱུར་ཏོ། །དགེ་སྦྱོང་གི་ལམ་ལ་དེ་དག་གིས་བརྩོན་འགྲུས་བསྐྱེད་པས་ཐམས་ཅད་དགྲ་བཅོམ་པར་གྱུར་ཏོ། །དགེ་སློང་བཅུ་པོ་གཅིག་ལ་གཅིག་ལྷག་པར་དགའ་བས། འགྲོ་ན་ཡང་ལྷན་ཅིག་འགྲོ། །འདུག་ན་ཡང་ལྷན་ཅིག་འདུག་སྟེ། ཡུལ་མི་ཐམས་ཅད་ཀྱང་དགའ་ནས་རྗེས་སུ་ཡི་རང་ངོ༌། །

        དེ་ནས་ཀུན་དགའ་བོས་བཅོམ་ལྡན་འདས་ལ་གསོལ་པ། དགེ་སློང་བཅུ་པོ་འདིས་བསོད་ནམས་ཅི་ཞིག་བགྱིས་ན། །ཆོ་རིགས་བཙུན་པར་སྐྱེས་ལ་བྱད་གཟུགས་བཟང་བ་དང༌། བཅོམ་ལྡན་འདས་དང་ཕྲད་ནས་སྡུག་བསྔལ་གྱི་མཐར་ཕྱིན་པར་གྱུར། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། སྔོན་འདས་པའི་དུས་བསྐལ་པ་དགུ་བཅུ་རྩ་གཅིག་གི་ཕ་རོལ་ན་སངས་རྒྱས་ཐམས་ཅད་སྐྱོབ་ཅེས་བྱ་བ་འཇིག་རྟེན་དུ་གཤེགས་ཏེ། སེམས་ཅན་གྱི་དོན་མཛད་ནས་མྱ་ངན་ལས་འདས་ཏེ་རིང་བསྲེལ་རྒྱས་པར་སྦེལ་ནས་མཆོད་རྟེན་ཚད་མེད་པ་སྙེད་བྱས་སོ། །དེའི་ཚེ་ན་མཆོད་རྟེན་གཅིག་ཅིག་ཞིག་རལ་དུ་གྱུར་ནས་རྒན་མོ་ཞིག་གིས་གསོ་ཞིང་འདུག་པ་ལས། མི་མགྲོན་པོ་བཅུ་ཞིག་དེར་ལྷགས་ཏེ་མཐོང་བ་དང༌། རྒན་མོ་ལ་ཁྱོད་ཅི་བྱེད་ཅེས་སྨྲས་སོ། །རྒན་མོས་སྨྲས་པ། འདི་ནི། མཆོད་གནས་ཀྱི་རྟེན་མཆོད་རྟེན་ཡིན་ཏེ། འདི་བཅོས་ན་བསོད་ནམས་ལྷག་པར་ཆེའོ། །དེ་བས་ན། དགེ་བའི་འབྲས་བུ་འདོད་པའི་ཕྱིར་འདི་འཆོས་སོ། །གཞོན་ནུ་དེ་དག་ཀྱང་རྒན་མོས་སྨྲས་པ་ལ་རབ་ཏུ་དགའ་ནས་བདག་ཅག་གིས་ཀྱང་བསྟང་ངོ༌། །ཞེས་སྨྲས་ནས་མཆོད་རྟེན་བཅོས་པའི་འོག་ཏུ་གཞོན་ནུ་བཅུ་ཆར་རྒན་མོ་དེའི་བུར་སྐྱེ་བར་གྱུར་ཅིག །ཅེས་སྨོན་ལམ་བཏབ་པས། དེ་ཚུན་ཆད་བསྐལ་པ་དགུ་བཅུ་རྩ་གཅིག་གི་བར་དུ་ལྷ་དང་མིའི་ནང་དུ་ལྷན་ཅིག་ཏུ་སྐྱེས་ནས་ནས་བདེ་བ་ལ་ལོངས་སྤྱད་དེ་དངོས་པོ་འདི་གསུམ་གྱིས་མི་གཞན་ལས་ཁྱད་དུ་འཕགས་སོ། །

        གསུམ་གང་ཞེ་ན། བྱད་གཟུགས་བཟང་ཞིང་མཛེས་པ་དང༌། ཀུན་གྱིས་བཀུར་བ་དང༌། རྟག་ཏུ་ཚེ་རིང་ཞིང་དེ་སྲིད་ཀྱི་བར་དུ་སེམས་ཅན་དམྱལ་བར་མི་ལྟུང་བའོ། །ད་ང་དང་ཕྲད་ནས་རྡུལ་དང་དྲི་མ་ཀུན་བཀྲུས་ཏེ་དགྲ་བཅོམ་པར་གྱུར་ཏོ། །དེའི་ཚེ་དེའི་དུས་ན་རྒན་མོ་དེ་ནི། བུ་མོ་སུ་མ་ན་ཡིན་ནོ། །མི་གཞོན་ནུ་བཅུ་པོ་དེ་ནི། དགྲ་བཅོམ་པ་འདི་བཅུ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་གསུངས་ནས་འཁོར་མང་པོ་རྣམས་ལ་ལ་ནི། རྒྱུན་དུ་ཞུགས་པ་དང༌། ལན་གཅིག་ཕྱིར་ལྡོག་པ་དང༌། ཕྱིར་མི་ལྡོག་པ་དང༌། དགྲ་བཅོམ་པ་ཐོབ་བོ། ཁ་ཅིག་ནི། བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཕྱིར་མི་ལྡོག་པའི་ས་ལ་གནས་པར་གྱུར་ཏེ། སངས་རྒྱས་ཀྱིས་གསུངས་པ་ལ་རྗེས་སུ་ཡི་རང་ནས་མངོན་པར་དགའོ། །བུ་མོ་སུ་མ་ནའི་བུ་བཅུའི་ལེའུ་སྟེ་བཞི་བཅུ་རྩ་དྲུག་པའོ།། །།
                                                                          རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས།
             རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
             དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།