རྒྱལ་པོ་སྤྱི་བོ་སྐྱེས་ཀྱི་ལེའུ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-11-08 11:15:16         ཀློག་ཐེངས།  

666520950188131254.jpg

              འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་དགེ་སློང་ཆེན་པོའི་དགེ་འདུན་བརྒྱ་ཕྲག་བྱེད་དང་བཅུ་གསུམ་དང་ཐབས་ཅིག་ཏུ་བཞུགས་སོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་འཇོ་སྒེག་ཅིང༌། རྙེད་པ་དང་གྲགས་པ་ལ་ཆགས་ནས་ལྷག་པར་བྱས་པ་མང་དུ་འཆང་ཞིང་ཆོག་མི་ཤེས་པར་གསོག་པར་གྱུར་པ་བཅོམ་ལྡན་འདས་ཀྱིས་གཟིགས་ནས་དགེ་སློང་རྣམས་ལ་རྙེད་པ་ལ་ཆགས་པའི་སྐྱོན་འདི་དག་གསུངས་སོ། །གང་རྙེད་པ་ལ་ཆགས་པ་ནི། ལུས་ཞིག་ནས་ཚེ་འཕོས་མ་ཐག་ཏུ་ངན་སོང་གསུམ་དུ་ལྷུང་སྟེ་སྡུག་བསྔལ་ཚད་མེད་པ་མྱོང་བར་འགྱུར་རོ། །དེ་བས་ན་ངས་མངོན་དུ་དྲན་པ། སྔོན་འདས་པའི་དུས་ན་འདོད་པའི་དབང་གིས་ལྟུང་བར་གྱུར་ཏེ་སྡུག་བསྔལ་མང་པོ་མྱོང་ངོ༌། །

              དེ་ནས་ཀུན་དགའ་བོས་པུས་མོས་ལ་བཙུགས་ཏེ་ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །སྔོན་བཅོམ་ལྡན་འདས་འདོད་པ་ལ་ཆགས་པའི་དབང་གིས་ལྟུང་བར་གྱུར་པ་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྔོན་འདས་པའི་དུས་ཀྱི་བསྐལ་པ་གྲངས་མེད་ཚད་མེད་མཐའ་ཡས་བསམ་གྱིས་མི་ཁྱབ་དཔག་ཏུ་མེད་པའི་ཕ་རོལ་ན་འཛམ་བུའི་གླིང་འདིར་རྒྱལ་པོ་ཆེན་པོ་གུ་ས་ལི་ཞེས་བྱ་བ། འཛམ་བུའི་གླིང་གི་རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་ལ་དབང་བྱེད་དེ། བཙུན་མོ་དང་ཕོ་བྲངས་ལས་ནི། སྟོང་ཕྲག་ཉི་ཤུ་ཡོད་དོ། །བློན་པོ་ཆེན་པོ་ནི། སྟོང་ཕྲག་བཅུ་ཡོད་དོ། །དུས་གཞན་ཞིག་ན་རྒྱལ་པོ་སྤྱི་བོ་ལ་སྒོ་ང་འདྲ་བའི་ཆུ་བུར་ཞིག་བྱུང་སྟེ། གསལ་པ། ཡོངས་སུ་དག་པ། ན་ཚ་མེད་པའོ། །པགས་ཀྱིས་ཇེ་ཆེ་ཇེ་ཆེར་སྐྱེས་ཏེ་ཀུ་བ་ཙམ་དུ་གྱུར་པ་དང༌། བཀས་ན་ནང་ནས་ཁྱེའུ་བལྟ་ན་སྡུག་པ། མཚན་དང་ལྡན་པ། སྐྲ་མཐོན་མཐིང་དུ་འདུག་པ། ལུས་ཀྱི་མདོག་གསེར་ལྟ་བུར་སྣང་བ་ཞིག་བྱུང་བར་གྱུར་ཏེ། མཚན་མཁན་གྱིས་བལྟས་ནས་བུ་འདི་ནི། ངོ་མཚར་ཆེ་བའི་ཡོན་ཏན་གྱི་མཚན་དང་ལྡན་ཏེ། གདོན་མི་ཟ་བར་འཁོར་ལོས་བསྒྱུར་བའི་རྒྱལ་པོར་འགྱུར་ཞིང་གླིང་བཞི་ལ་དབང་བར་འོང་ངོ༌། །ཞེས་སྨྲས་ནས་ཁྱེའུ་ནི། མིང་ཡང་སྤྱི་བོ་སྐྱེས་ཞེས་བཏགས་སོ། །ཆེར་སྐྱེས་ནས་ཡོན་ཏན་དང་ལྡན་པས་རྒྱལ་པོས་ཀྱང་ཡུལ་གཅིག་གི་རྒྱལ་ཕྲན་དུ་བཅུག་གོ། དུས་གཞན་ཞིག་ན་རྒྱལ་པོ་ཆེན་པོ་ནད་ཀྱིས་བཏབ་པ་དང༌། རྒྱལ་ཕྲན་ཀུན་འདུས་ནས་ནད་གཡོག་དང༌། དཔྱད་བྱས་ཀྱང་མ་ཕན་ཏེ། ཚེའི་དུས་བྱས་སོ། །དེ་ནས་རྒྱལ་ཕྲན་རྣམས་འདུས་ཏེ་སྤྱི་བོ་སྐྱེས་ད་གང་ན་འདུག་བར་སོང་ནས་ཕྱིན་པ་དང་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་ཆེན་པོ་ནི། སྐུ་ཚེའི་དུས་བྱས་ཀྱི། ཁྱོད་རྒྱལ་པོ་ཆེན་པོར་གཤེགས་སུ་གསོལ་ཞེས་སྨྲས་པ་དང༌། སྤྱི་བོ་སྐྱེས་ཀྱིས་འདི་སྐད་ཅེས་སྨྲས་སོ། །གལ་ཏེ་ང་རྒྱལ་པོར་འགྱུར་བའི་བསོད་ནམས་དང༌། དབང་ཐང་ཞིག་ཡོད་ན་རྒྱལ་ཆེན་བཞི་དང༌། བརྒྱ་བྱིན་ལ་སོགས་པས་ང་ལ་གསོལ་བ་བཏབ་སྟེ་དབང་བསྐུར་བར་ཤོག་ཅིག་ཅེས་སྨྲས་མ་ཐག་ཏུ་རྒྱལ་ཆེན་བཞིའི་རྒྱལ་པོ་ཡང་བབས་ནས་རིན་པོ་ཆེའི་བུམ་པ་སྤོས་ཆུས་བཀང་བ་ཐོགས་ཏེ་སྤྱི་བོར་བླུགས་ནས་དབང་བསྐུར་རོ། །བརྒྱ་བྱིན་ལྷའི་དབང་པོ་ཡང་བབས་ནས་རིན་པོ་ཆེའི་ཅོད་པན་ཕུལ་ཏེ་མགོ་ལ་བཞག་ནས་ཡོན་ཏན་བསྔགས་སོ། །དེ་ནས་རྒྱལ་ཕྲན་རྣམས་ཀྱིས་དབུས་ཀྱི་ཡུལ་ཆེན་པོར་གཤེགས་པར་གསོལ་པ་དང༌། སྤྱི་བོ་སྐྱེས་ཀྱིས་ཡང་འདི་སྐད་ཅེས་སྨྲས་སོ། །བདག་ལ་རྒྱལ་པོར་འགྱུར་བའི་དབང་ཐང་ཞིག་ཡོད་ན། ཡུལ་ས་ངའི་དྲུང་དུ་འོང་བའི་རིགས་ཀྱི། ང་ཡུལ་ས་སྙེགས་སུ་མི་འགྲོའོ། །ཞེས་སྨྲས་པ་དང༌། དེ་མ་ཐག་ཏུ་ཡུལ་ཆེན་པོའི་རྒྱལ་པོའི་ཕོ་བྲང་དང༌། སྐྱེད་མོས་ཚལ་དང༌། ཁྲུས་ཀྱི་རྫིང་བུ་ལ་སོགས་ཏེ་དགོས་པ་ཐམས་ཅད་དེར་བྱུང་བར་གྱུར་ནས་གསེར་གྱི་འཁོར་ལོ་དང༌། གླང་པོ་ཆེ་དང༌། རྟ་རིན་པོ་ཆེ་དང༌། བུད་མེད་རིན་པོ་ཆེ་དང༌། བློན་པོ་རིན་པོ་ཆེ་དང༌། ཁྱིམ་བདག་རིན་པོ་ཆེ་ལ་སོགས་པ་ཐམས་ཅད་འདུས་ནས་གླིང་བཞི་ལ་དབང་བྱེད་པའི་འཁོར་ལོས་བསྒྱུར་བའི་རྒྱལ་པོར་གྱུར་ཏེ་ཆོས་བཞིན་དུ་སྲིད་འཚོའོ། །

              དེ་ནས་མི་མང་པོ་དགས་རྐོ་ཞིང་ཞིང་རྨོད་པ་མཐོང་ནས་བློན་པོ་རྣམས་ལ་འདི་དག་ཅི་བྱེད་ཅེས་བཀའ་སྩལ་པ་དང༌། སྨྲས་པ། ཇི་ཙམ་དུ་སྲོག་དང་བཅས་པ་ཐམས་ཅད་ཟས་ཀྱིས་འཚོ་བས། འདི་དག་ནི། ཞིང་རྨོས་ནས་འཚོ་བར་བྱེད་དོ། །དེ་ནས་རྒྱལ་པོས་འདི་སྐད་ཅེས་སྨྲས་སོ། །གལ་ཏེ་ང་ལ་རྒྱལ་པོར་འགྱུར་བའི་བསོད་ནམས་ཀྱི་དབང་ཐང་ཞིག་ཡོད་ན། ལས་བྱ་མི་དགོས་པར་རོ་བརྒྱ་དང་ལྡན་པའི་ཟས་རང་ཡོད་པར་གྱུར་ཏེ། ཐམས་ཅད་ཆོག་ཅིང་འགྲངས་ནས་བཀྲེས་པ་དང༌། སྐོམ་པ་མེད་པར་གྱུར་ཅིག་ཅེས་སྨྲས་སོ། །དེ་སྐད་ཅེས་སྨྲས་མ་ཐག་ཏུ་བཟའ་བ་དང༌། བཏུང་བ་ཡོད་པར་གྱུར་ཏོ། །

              དེ་ནས་ཡང་འཆག་ཏུ་སོང་སོང་བ་ལས། ཐ་ག་པ་དག་ཅིག་འཁལ་བ་དང༌། འཐག་པ་དག་མཐོང་ནས་འདི་དག་ཅི་བྱེད་ཅེས་དྲིས་བ་དང༌། སྨྲས་པ། ཁ་ཟས་ནི། རང་ཡོད་པར་གྱུར་ན། ལུས་བརྒྱན་པའི་གོས་མེད་དེ། འདི་དག་ནི། བགོ་བའི་གོས་བྱེད་དོ། །དེ་ནས་རྒྱལ་པོས་ཡང་འདི་སྐད་ཅེས་སྨྲས་སོ། །གལ་ཏེ་བདག་ལ་རྒྱལ་པོར་འགྱུར་བའི་དབང་ཐང་ཞིག་ཡོད་ན། བགོ་བའི་གོས་རང་ཡོད་པར་གྱུར་ཏེ་དབུལ་ཕོངས་པ་ཐམས་ཅད་ཀྱང་གོས་ཀྱིས་ཆོག་པར་ཤོག་ཅིག་ཅེས་སྨྲས་སོ། །དེ་སྐད་ཅེས་སྨྲས་མ་ཐག་ཏུ་ཤིང་ཐམས་ཅད་ལས་བགོ་བའི་གོས་ཁ་དོག་རྣམ་པ་སྣ་ཚོགས་དང་ལྡན་པ་རང་སྐྱེས་ཏེ། མི་ཐམས་ཅད་ཀྱི་གོས་ཀྱང་ཟད་མི་ཤེས་པ་བྱུང་ངོ༌། །དེ་ནས་ཡང་རྒྱལ་པོ་འཆག་ཅིང་སོང་སོང་བ་ལས། མི་དག་རོལ་མོའི་ཆ་བྱད་ཐོགས་པ་མཐོང་ནས་འདི་དག་ཅི་ཡིན་ཞེས་དྲིས་པ་དང༌། སྨྲས་པ། ཁ་ཟས་དང་བགོ་བའི་གོས་ནི། ཆོག་པར་ཡོད་ན། རོལ་མོ་མང་པོ་མེད་དེ། འདི་དག་རང་དགའ་ཞིང་རྩེ་བའི་རོལ་མོ་ཡིན་ནོ། །རྒྱལ་པོས་སྨྲས་པ། གལ་ཏེ་བདག་ལ་རྒྱལ་པོའི་དབང་ཐང་ཞིག་ཡོད་ན། རོལ་མོ་དམ་པའི་ཆ་བྱད་ཐམས་ཅད་རང་ཡོད་པར་གྱུར་ཅིག་ཅེས་སྨྲས་མ་ཐག་ཏུ་ཤིང་ཐམས་ཅད་ཀྱི་ཡལ་ག་ལས་རོལ་མོའི་ཆ་བྱད་མང་པོ་འཕྱང་སྟེ། རོལ་མོ་འདོད་བ་ཞིག་ཡོད་ན། རང་འཁྲོལ་ཞིང་སྙན་པ་དང༌། ཐོས་པ་ཙམ་གྱིས་དགའ་རངས་པར་གྱུར་ཏོ། །རྒྱལ་པོའི་བསོད་ནམས་དང་དབང་ཐང་ཆེན་པོས་ནམ་མཁའ་ལས་རིན་པོ་ཆེ་སྣ་བདུན་ཆར་བཞིན་དུ་བབ་སྟེ་ཡུལ་ཀུན་གང་ནས་རྒྱལ་པོས་བློན་པོ་དག་ལ་འདི་ལྟ་བུར་གྱུར་པ་སུའི་ཡོན་ཏན་ཞེས་དྲིས་པ་དང༌། བློན་པོ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ། །འདི་ནི། རྒྱལ་པོའི་ཡོན་ཏན་དང༌། སེམས་ཅན་གྱི་བསོད་ནམས་ཀྱིས་འདི་ལྟར་གྱུར་ཏོ། །ཞེས་སྨྲས་པ་དང༌། རྒྱལ་པོས་ཡང་འདི་སྐད་ཅེས་སྨྲས་སོ། །གལ་ཏེ་སེམས་ཅན་གྱི་བསོད་ནམས་ཀྱི་མཐུ་ཡིན་ན་ནི། རིན་པོ་ཆེ་འདི་དག་ཀུན་ཏུ་འབབ་པར་གྱུར་ཅིག། གལ་ཏེ་ང་འབབ་ཞིག་གི་དབང་ཐང་ཡིན་ན། ཕོ་བྲང་གི་ནང་འབའ་ཞིག་ཏུ་བོབས་ཤིག་ཅེས་སྨྲས་པ་དང༌། གཞན་ཀུན་ན་བབ་པ་ནི། ཆད་ཀྱི། ཕོ་བྲང་གི་ནང་འབའ་ཞིག་ཏུ་ཉིན་ཞག་བདུན་གྱི་བར་དུ་བབ་བོ། །རྒྱལ་པོ་སྤྱི་བོ་སྐྱེས་ཀྱིས་འཛམ་བུའི་གླིང་དུ་ལོ་བརྒྱད་ཁྲི་བཞི་སྟོང་གི་བར་དུ་འདོད་པ་ལྔ་ལ་ལོངས་སྤྱོད་པ་ལས་དུས་གཞན་ཞིག་ན་ཕོ་བྲང་གི་སྒོར་གནོད་སྦྱིན་ཅིག་བྱུང་སྟེ་སྐད་ཆེན་པོར་འདི་སྐད་ཅེས་སྨྲས་སོ། །

             ཤར་ཕྱོགས་ན་ཤར་གྱི་ལུས་འཕགས་གླིང་ཞེས་བྱ་བ་ཡོད་དེ། དེ་ན་ཡང་བདེ་སྐྱིད་ལ་དཔེ་མེད་པར་བཟང་གི །རྒྱལ་པོ་ཆེན་པོ་དེར་ཡང་རོལ་ཅིང་གཤེགས་པའི་རིགས་སོ། །ཞེས་སྨྲས་པ་དང༌། རྒྱལ་པོ་ཡང་དེར་འགྲོ་བར་དགའ་ནས་གསེར་གྱི་འཁོར་ལོ་ནམ་མཁའ་ལ་འཕགས་པ་དང༌།བློན་པོ་དང༌། རིན་པོ་ཆེ་སྣ་བདུན་ལ་སོགས་པ་ཡང་རྗེས་སུ་འཕགས་ཏེ་ཤར་གྱི་ལུས་འཕགས་གླིང་དུ་ཕྱིན་ཏོ། །རྒྱལ་ཕྲན་ཕྱག་མི་འཚལ་བ་རྣམས་ཀྱང་ཐམས་ཅད་ཕྱག་འཚལ་ནས་ལུས་འཕགས་གླིང་དུ་འདོད་པ་ལྔ་ལ་ལོ་སྟོང་ཕྲག་བརྒྱད་ཅུའི་བར་དུ་ལོངས་སྤྱོད་དོ། །དེ་ནས་ཡང་གནོད་སྦྱིན་གྱིས་འདི་སྐད་ཅེས་སྨྲས་སོ། །ནུབ་ཕྱོགས་ན་ནུབ་ཀྱི་བ་ལང་སྤྱོད་ཅེས་བྱ་བ་ཡོད་དེ། དེ་ན་ཡང་རབ་ཏུ་བདེ་སྐྱིད་ཀྱི། རྒྱལ་པོ་ཆེན་པོ་ཡང་དེར་གཤེགས་པའི་རིགས་སོ། །ཞེས་སྨྲས་སོ། །རྒྱལ་པོ་དེ་ཡང་དེར་འགྲོ་བར་དགའ་ནས་ནུབ་ཀྱི་བ་ལང་སྤྱོད་དུ་ལོ་སྟོང་ཕྲག་བཅུ་བཞིའི་བར་དུ་བདེ་བ་ལ་ལོངས་སྤྱོད་དོ། །དེ་ནས་ཡང་གནོད་སྦྱིན་གྱིས་འདི་སྐད་ཅེས་སྨྲས་སོ། །བྱང་ཕྱོགས་ན་བྱང་གི་སྒྲ་མི་སྙན་ཞེས་བྱ་བ་ཡོད་དེ། དེ་ན་གནས་པའི་མི་དག་འབྱོར་བ། ལོ་ལེགས་པ། ལོངས་སྤྱོད་དང་ལྡན་གྱི། རྒྱལ་པོ་ཡུལ་དེར་གཤེགས་པའི་རིགས་སོ། །ཞེས་སྨྲས་པ་དང༌། རྒྱལ་པོ་འགྲོ་བར་དགའ་ནས་བྱང་གི་སྒྲ་མི་སྙན་དུ་འདོད་པ་ལྔའི་དམ་པ་ལ་ལོ་སྟོང་ཕྲག་བཅོ་བརྒྱད་ཀྱི་བར་དུ་ལོངས་སྤྱོད་པར་གྱུར་ཏོ། །དེ་ནས་དུས་ཕྱི་ཞིག་ན་གནོད་སྦྱིན་གྱིས་འདི་སྐད་ཅེས་སྨྲས་སོ། །རྒྱལ་ཆེན་བཞིའི་རིགས་ཀྱི་རྒྱལ་པོའི་གནས་ཀྱང་རབ་ཏུ་བདེ་བ་ནི། ཚད་བྱ་བར་ཡང་དཀའོ། །རྒྱལ་པོ་དེར་ཡང་གཤེགས་པའི་རིགས་སོ། །ཞེས་སྨྲས་པ་དང༌། རྒྱལ་པོ་དང༌། བློན་པོ་དང༌། དཔུང་གི་ཚོགས་རྣམ་བཞི་དང་བཅས་ཏེ་ནམ་མཁའ་ལ་འཕགས་ཏེ་དོང་ངོ༌། །རྒྱལ་ཆེན་བཞིའི་རིགས་ཀྱི་རྒྱལ་པོས་རྒྱང་མ་ནས་མཐོང་བ་དང༌། འཇིགས་སྐྲག་ནས་དཔུང་གི་ཚོགས་བཤམས་ཏེ་ཕྱི་རོལ་ཏུ་བྱུང་བ་དང༌། ཅི་བྱར་ཡང་མེད་ནས་ཕྱིར་གནས་སུ་དོང་ངོ༌། །སྤྱི་བོ་སྐྱེས་དེར་ཡང་ལོ་སྟོང་ཕྲག་བཅུའི་བར་དུ་འདོད་པ་ལ་ལོངས་སྤྱད་ནས་ཡང་འདི་སྙམ་དུ་སུམ་ཅུ་རྩ་གསུམ་གྱི་ལྷའི་རིས་སུ་འགྲོ་བར་བསམས་ནས་འཁོར་དང་བཅས་སུ་སྟེང་གི་ནམ་མཁའ་ལ་འཕགས་ཏེ་སུམ་ཅུ་རྩ་གསུམ་གྱི་ལྷའི་རིས་སུ་སོང་ངོ༌། །

              དེའི་ཚེ་དྲང་སྲོང་ལྔ་བརྒྱ་ཙམ་ཞིག་རི་རབ་ལྷུན་པོའི་སུལ་ན་གནས་པ་ལས། རྒྱལ་པོའི་གླང་པོ་ཆེ་དང༌། རྟའི་གཅིན་རྟུག་ལྷུང་བས་དྲང་སྲོང་དེ་དག་གི་ལུས་ལ་རེག་པར་གྱུར་ནས་དེ་དག་གཅིག་ལ་གཅིག་འདི་ཅི་ཡིན་ཞེས་དྲིས་པ་དང༌། དྲང་སྲོང་མཁས་པ་བློ་དང་ལྡན་པ་ཞིག་གིས་དྲང་སྲོང་གཞན་དག་ལ་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་སྤྱི་བོ་སྐྱེས་ཡར་སུམ་ཅུ་རྩ་གསུམ་གྱི་ལྷའི་རིས་སུ་སོང་ངོ། །ཞེས་ཟེར་གྱི། འདི་ནི། གདོན་མི་ཟ་བར་དེ་དག་གི་གླང་པོ་ཆེ་དང༌། རྟའི་མི་གཙང་བ་ཡིན་ནོ། །ཞེས་སྨྲས་ནས་དྲང་སྲོང་རྣམས་ཁྲོས་ཏེ་གསང་སྔགས་དང༌། ཕྱག་རྒྱ་བཅིངས་པས་རྒྱལ་པོ་སྤྱི་བོ་སྐྱེས་དང་འཁོར་མང་པོ་འགྲོར་མེད་པར་བྱས་སོ། །རྒྱལ་པོས་ཀྱང་དེ་ལྟར་ཤེས་ཤིང་རིག་ནས་འདི་སྐད་ཅེས་དམ་བཅས་སོ། །གལ་ཏེ་བདག་ལ་བསོད་ནམས་དང་དབང་ཐང་ཞིག་ཡོད་ན་དྲང་སྲོང་དེ་དག་ངའི་ཐང་དུ་ལྷགས་ཏེ་ང་ལ་མཆོད་པར་ཤོག་ཅིག་ཅེས་སྨྲས་ནས་རྒྱལ་པོའི་ཡོན་ཏན་ཆེན་པོའི་བྱིན་དང་ཤུགས་ཀྱིས་དྲང་སྲོང་ལྔ་བརྒྱ་ཙམ་པོ་རིལ་གྱིས་དེར་ལྷགས་ནས་གཡོག་བྱས་ཏེ་སུམ་ཅུ་རྩ་གསུམ་གྱི་ལྷའི་རིས་སུ་དོང་ངོ༌། ཡར་མ་ཕྱིན་པར་རྒྱང་མ་ནས་ལྷའི་ཕོ་བྲང་ཡིད་དུ་འོང་བ་ཤིན་ཏུ་བཀྲ་བར་སྣང་བ། ལྷང་ངེ༌། ལྷམ་མེར་མཐོང་བར་གྱུར་ཏོ། །ལྷའི་ཕོ་བྲང་ཡིད་དུ་འོང་བ་ལ་སྒོ་ཆེན་པོ་བརྒྱ་ཕྲག་བཅུ་གཉིས་ཡོད་དེ། ལྷ་རྣམས་འཇིགས་སྡངས་ནས་སྒོ་རྣམས་བཅད་དེ་ལྕགས་ཀྱི་གཏན་པ་སུམ་རིམ་བཅུག་གོ །སྤྱི་བོ་སྐྱེས་དཔུང་གི་ཚོགས་དང་བཅས་སུ་ཐོགས་པ་མེད་པར་དེར་ཕྱིན་པ་དང༌། རྒྱལ་པོས་དུང་བུ་སྟེ་གཞུ་བདུངས་ནས་གཞུ་རྒྱུད་སྦྲེངས་པ་དང༌།ལྷའི་ཕོ་བྲང་གི་སྒོ་བརྒྱ་ཕྲག་བཅུ་གཉིས་དུས་གཅིག་ཏུ་རང་དབྱེ་བ་དང༌། བརྒྱ་བྱིན་གྱིས་ཕྱི་རོལ་ནས་བསུས་ཏེ་ལྷའི་ཕོ་བྲང་དུ་ཁྲིད་ནས་བརྒྱ་བྱིན་གྱི་སྟོན་ཕྱེད་ལ་འདུག་ཏུ་བཅུག་གོ་།ལྷའི་དབང་པོ་དང༌། མིའི་དབང་པོ་གཉིས་བྱད་གཟུགས་འདྲ་སྟེ། དབང་པོ་མཐོང་བདག་གིས་བྱེ་བྲག་མི་ཕྱེད་ན། ལྷའི་མགྱོགས་བུལ་གྱིས་རྟོགས་སོ། །

              རྒྱལ་པོས་ལྷའི་ཕོ་བྲང་དུ་འདོད་པ་ལྔའི་དམ་པ་ལ་ལྷའི་དབང་པོ་བརྒྱ་བྱིན་སུམ་ཅུ་རྩ་དྲུག་བརྗེས་ཀྱི་བར་དུ་ལོངས་སྤྱོད་དོ། །ལྷའི་དབང་པོའི་ནང་གི་ཐ་མ་དེ་བྱང་ཆུབ་སེམས་དཔའ་འོད་སྲུང་ཞེས་བྱ་བ་སྟེ། དེའི་ཚེ་ལྷ་མ་ཡིན་གྱི་རྒྱལ་པོས་ལྷ་རྣམས་ལ་དམག་དྲངས་ནས་བརྒྱ་བྱིན་དང་འཐབ་པ་ལས། བརྒྱ་བྱིན་གྱིས་མ་ཐུབ་ནས་དཔུང་གི་ཚོགས་དང་ཕྱིར་གནས་སུ་བྲོས་སོ། །དེ་ནས་སྤྱི་བོ་སྐྱེས་ཕྱིར་བྱུང་སྟེ་དུང་བུས། གཞུ་རྒྱུད་སྦྲེངས་པས་ལྷ་མ་ཡིན་གྱི་དམག་རྣམས་དེ་མ་ཐག་ཏུ་བྱེར་རོ། །དེའི་ཚེ་སྤྱི་བོ་སྐྱེས་ཀྱིས་འདི་སྙམ་དུ་བསམས་སོ། །བདག་གི་མཐུ་སྟོབས་ནི། གང་དང་ཡང་མི་མཉམ་ན། ད་བརྒྱ་བྱིན་དང་ཐུན་མོང་དུ་འདུག་པ་ཅི་རུང༌། ཉིས་ན་བསད་ལ་ང་འབའ་ཞིག་གིས་བྱས་ན་ལེགས་སོ་སྙམ་མོ། སྡིག་པའི་སེམས་བསྐྱེད་མ་ཐག་ཏུ་ནམ་མཁའ་ལས་ལྷུང་ནས་སྔོན་གྱི་ཕོ་བྲང་རྙིང་པའི་སྒོ་དྲུང་དུ་ལྷུང་སྟེ་སྲོག་དང་བྲལ་ལ་ཁད་པ་ཙམ་དུ་ཉམ་ཐག་པར་གྱུར་ཏོ། །དེ་ནས་མི་དག་ལྷགས་ཏེ་འདི་སྐད་ཅེས་དྲིས་སོ། །གལ་ཏེ་འཇིག་རྟེན་གྱི་ཁྱིམ་པ་དག། རྒྱལ་པོ་སྤྱི་བོ་སྐྱེས་ཇི་ལྟར་ཚེའི་དུས་བྱས་ཞེས་འདྲི་ན། དེ་ལ་བདག་ཅག་གིས་ཇི་སྐད་ཅེས་བྱ། སྨྲས་པ། གལ་ཏེ་དེ་སྐད་ཅེས་འདྲི་བ་ཡོད་ན། དེ་ལ་འདི་སྐད་ཅེས་གྱིས་ཤིག །རྒྱལ་པོ་སྤྱི་བོ་སྐྱེས་ནི། འདོད་པའི་དབང་གིས་ཚེ་འཕོས་སོ། །དེས་གླིང་བཞི་ལ་ལོ་བྱེ་བ་ཕྲག་བཞི་བཅུའི་བར་དུ་དབང་བྱས་ཏེ། ཉིན་ཞག་བདུན་གྱི་བར་དུ་རིན་པོ་ཆེ་ཡང་ཆར་བཞིན་བབ། ལྷའི་རིས་གཉིས་སུ་ཕྱིན་ཀྱང་ཆོག་མ་ཤེས་པས་ནམ་མཁའ་ལས་ལྟུང་སྟེ་ཚེ་འཕོས་སོ། །ཞེས་བྱོས་ཤིག །དེ་བས་ན་དགེ་སློང་དག་རྙེད་པ་དང༌། གྲགས་པ་ནི། ཡང་དག་པར་ཉེས་པའི་སྐྱོན་ཆེན་པོ་སྟེ། ཅི་ནས་ཀྱང་རིང་དུ་སྤང་བར་སོམས་ལ་ཡང་དག་པར་བྱང་ཆུབ་ལ་ནན་ཏན་གྱིས་ཤིག །དེ་ནས་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །རྒྱལ་པོ་སྤྱི་བོ་སྐྱེས་དེ་སྔོན་བསོད་ནམས་ཅི་ཞིག་བགྱིས་ན། འདི་ལྟ་བུའི་འབྲས་བུ་ཆེན་པོ་ཐོབ་པར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྔོན་འདས་པའི་བསྐལ་པ་གྲངས་མེད་བསམ་གྱིས་མི་ཁྱབ་པ་འདས་པའི་ཕ་རོལ་ན་སངས་རྒྱས་པུར་ཤ་ཞེས་བྱ་བ་འཇིག་རྟེན་དུ་གཤེགས་ཏེ། འཁོར་དང་བཅས་སུ་འཇིག་རྟེན་གྱི་དོན་མཛད་དོ། །

              དེའི་ཚེ་བྲམ་ཟེའི་བུ་ཞིག་ཆུང་མ་ལེན་སྙམ་སྟེ། འཇིག་རྟེན་པའི་ཆོས་ཀྱིས་ཆུང་མ་ལེན་ན། སྲན་མ་སྤར་གང་བླངས་ཏེ་གཏོར་བའི་རིགས་སོ། །ཁྱེའུ་དེ་ཡང་སྲན་མ་ཐོགས་ཏེ་འཐོར་དུ་སོང་སོང་བ་ལས། ལམ་དུ་བཅོམ་ལྡན་འདས་དང་ཕྲད་ནས་སེམས་ཡིད་དགའ་སྟེ་ལག་ན་སྲན་མ་ཐོགས་པ་དག་བཅོམ་ལྡན་འདས་ལ་གཏོར་བ་དང༌། འབྲུམ་བུ་བཞི་ལྷུང་བཟེད་ཀྱི་ནང་དུ་སོང་ངོ༌། །འབྲུམ་བུ་གཅིག་ནི། དབུའི་སྤྱི་བོར་ཆགས་སོ། །བསོད་ནམས་ཀྱི་རྒྱུ་དང་རྐྱེན་དེ་ཙམ་གྱིས་བསོད་ནམས་ཆེན་པོ་ཐོབ་སྟེ། སྲན་མ་འབྲུམ་བུ་བཞི་ལྷུང་བ་བཟེད་ཀྱི་ནང་དུ་སོང་བས་གླིང་བཞི་ལ་དབང་བྱེད་པར་གྱུར་ཏོ། །འབྲུམ་བུ་གཅིག་སྤྱི་བོ་ལ་ཆགས་པས་ལྷ་རིམ་པ་གཉིས་ཀྱི་ལོངས་སྤྱོད་མྱོང་བར་གྱུར་ཏོ། །དེའི་ཚེ་ཉེ་གནས་རྣམས་ཀྱིས་སངས་རྒྱས་ཀྱིས་གསུངས་པ་ཐོས་ནས་ལ་ལ་ནི། འབྲས་བུ་དང་པོ་ནས་གཉིས་པ་དང༌། གསུམ་པ་དང༌། དགྲ་བཅོམ་པའི་བར་དུ་ཐོབ་པར་གྱུར་ཏོ། །འཁོར་མང་པོ་རྣམས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་རྗེས་སུ་ཡི་རང་ནས་མངོན་པར་དགའོ། །རྒྱལ་པོ་སྤྱི་བོ་སྐྱེས་ཀྱི་ལེའུ་སྟེ་བཞི་བཅུ་ལྔ་པའོ།། །།

                                                                      རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས། 
               རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
               དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།