སངས་རྒྱས་ཐོག་མ་བྱམས་པའི་ཐུགས་བསྐྱེད་པའི་ལེའུ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-11-08 11:11:19         ཀློག་ཐེངས།  

518264961552280540.jpg

                       འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་དགེ་སློང་དག་དབྱར་ཚུལ་ལས་བྱུང་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང༌། བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་སྙུན་མི་མངའ་ཞེས་སྙུན་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་ཀྱང་བྱམས་པའི་ཐུགས་ཀྱིས་སྤྲོ་བ་བསྐྱེད་དེ། དགེ་སློང་ཁྱེད་སྡུག་བསྔལ་བར་མ་གྱུར་ཏམ་ཞེས་ཤིན་ཏུ་ཐུགས་བརྩེ་ཞིང་བྱམས་པའི་ཐུགས་ཀྱིས་བཀའ་སྩལ་པ་དང༌། ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །འདི་ལྟར་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་ལ་ཐུགས་བརྩེ་ཞིང་བྱམས་པའི་ཐུགས་བསྐྱེད་ནས་ཡུན་ཇི་སྲིད་ཅག་ལགས། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། ཁྱོད་ཤེས་པར་འདོད་ན་ཁྱོད་ལ་བསྟན་པར་བྱའོ། །

        སྔོན་འདས་པའི་དུས་བསྐལ་པ་གྲངས་མེད་པ་བརྗོད་དུ་མེད་པའི་ཕ་རོལ་ན་སྡིག་པ་བྱས་པའི་མི་གཉིས་ཤིག་སེམས་ཅན་དམྱལ་བར་ལྷུང་སྟེ། དམྱལ་བའི་སྲུང་མ་ལྕགས་ཀྱི་ཤིང་རྟ་འདྲེན་དུ་བཅུག་ནས་ལྕགས་ཐོས་བརྡེགས་ཏེ་ཕན་ཚུན་མི་དལ་བར་རྒྱུག་ཏུ་བཅུག་གོ། དེ་ལ་མི་གཅིག་སྟོབས་ཆུང་སྟེ་འདྲེན་མ་ནུས་ནས་འདུག་པ་དང༌། ལྕགས་ཀྱི་ཐོ་བས་བརྡེགས་ཏེ་ཚེ་བརྗེས་ནས་ཕྱིར་སོས་སོ། །གྲོགས་པོ་ཟླ་གཅིག་གིས་དེ་ལྟ་བུའི་སྡུག་བསྔལ་མཐོང་ནས་བྱམས་ཤིང་སྙིང་རྗེ་བའི་སེམས་སྐྱེས་ཏེ་དམྱལ་བའི་སྲུང་མ་ལ་འདི་སྐད་ཅེས་སྨྲས་སོ། །བདག་འབའ་ཞིག་གིས་ཤིང་རྟ་འདི་དྲང་གི། མི་འདི་ཐོང་ཞིག་ཅེས་སྨྲས་པ་དང༌། སྲུང་མ་ཁྲོས་ནས་ལྕགས་ཀྱི་ཐོ་བས་བརྡེགས་ཏེ་དེར་ཚེ་འཕོས་པ་དང༌། སུམ་ཅུ་རྩ་གསུམ་གྱི་ལྷར་སྐྱེས་སོ། །

        ཀུན་དགའ་བོ། དེའི་ཚེ་དེའི་དུས་ན་སེམས་ཅན་དམྱལ་བ་ན་འདུག་པ་ལས་བྱམས་ཤིང་སྙིང་བརྩེ་བའི་སེམས་བསྐྱེད་པ་དེ་ནི། ད་ལྟར་ང་ཡིན་ནོ། །ངས་དེའི་ཚེ་སེམས་ཅན་དམྱལ་བ་ན་དེ་ལ་ཐོག་མར་སྙིང་རྗེ་བའི་སེམས་བསྐྱེད་དེ། སེམས་ཅན་ཐམས་ཅད་ལ་ཡང་དེ་ཙམ་གྱི་བར་དུ་ཐུགས་བརྩེ་ཞིང་བྱམས་པའི་སེམས་བསྐྱེད་དོ། །ཀུན་དགའ་བོ་དང༌། འཁོར་མང་པོ་རྣམས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་རྗེས་སུ་ཡི་རང་ནས་མངོན་པར་དགའོ། །སངས་རྒྱས་ཐོག་མ་བྱམས་པའི་ཐུགས་བསྐྱེད་པའི་ལེའུ་སྟེ་བཞི་བཅུ་བཞི་པའོ།། །།

                                                                              རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས། 
             རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
             དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།