བྲམ་ཟེས་ལྷན་པ་ཕུལ་བའི་ལེའུ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-11-08 11:07:49         ཀློག་ཐེངས།  

86712403740547339.jpg

        བམ་པོ་བཅུ་གཉིས་པ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན་།བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ཞབས་འབྲིང་དུ་ཁྲིད་དེ་བསོད་སྙོམས་ལ་གཤེགས་པ་ན་བཅོམ་ལྡན་འདས་གསོལ་བའི་ན་བཟའ་ལ་རྡོལ་བཅུང་ཟད་ཅིག་ཡོད་དེ། དེ་ཡང་སེམས་ཅན་འདུལ་བར་རིགས་པའི་དོན་དུ་དགོངས་སོ། །བསོད་སྙོམས་བསླངས་ནས་སླར་གཤེགས་པའི་ཚེ་བྲམ་ཟེ་ཞིག་འོངས་ནས་བཅོམ་ལྡན་འདས་ལ་སྤྱི་བོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ཀྱི་མཚན་ལྷང་དེ་ལྷན་ནོར་གསལ་བ་ལ་བརྟགས་ནས་བཅོམ་ལྡན་འདས་ཀྱི་ན་བཟའ་ཅུང་ཟད་རྡོལ་བ་དེ་མཐོང་བ་དང༌། སྦྱིན་པ་བྱ་བར་བསམས་ཏེ། ཁྱིམ་ན་རས་དཀར་པོ་ཞིག་ཡོད་པ་ལས་དུམ་བུ་ཞིག་བཅད་ནས་བཅོམ་ལྡན་འདས་ལ་ཕུལ་ཏེ། རས་ཀྱི་དུམ་བུ་འདི་ན་བཟའི་ལྷན་པ་མཛོད་ཅིག་ཅེས་གསོལ་ཏོ། །

        བཅོམ་ལྡན་འདས་ཀྱིས་ཀྱང་དེ་ལ་ཐུགས་བརྩེ་བའི་སླད་དུ་བཞེས་པ་དང༌།བྲམ་ཟེ་རབ་ཏུ་དགའ་ནས་མགུ་རངས་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་དེ་ལ་ཐུགས་བརྩེ་བའི་སླད་དུ་ལུང་བསྟན་ཏེ། བྲམ་ཟེ་ཁྱོད་མ་འོངས་པའི་དུས་ན་བསྐལ་པ་གྲངས་མེད་པ་བརྒྱ་འདས་ནས་མངོན་པར་འཚང་རྒྱ་སྟེ། མཚན་ཡང་མངོན་པར་ཤེས་པ་བཟང་པོ་ཞེས་བྱ་སྟེ། སྟོབས་བཅུ་རྫོགས་པར་འགྱུར་རོ། །ཞེས་ལུང་བསྟན་པ་དང་རབ་ཏུ་དགའ་ནས་སོང་ངོ༌། །དེའི་ཚེ་ཡུལ་དེ་ན་ཆོ་རིགས་བཙུན་པའི་ཚོང་དཔོན་དང༌། ཁྱིམ་བདག་ལ་སོགས་པས་འདི་སྙམ་དུ་བསམས་སོ། །ཅིའི་སླད་དུ་བཅོམ་ལྡན་འདས་སྦྱིན་པ་ཅུང་ཟད་ཙམ་གྱི་ལན་རབ་ཏུ་ཆེ་བ་བྱིན་སྙམ་བསམས་ཏེ་སོ་སོ་ནས་རས་དཀར་པོ་བཤམས་ཏེ། དེ་བཞིན་གཤེགས་པའི་ན་བཟའ་རྣམ་པ་སྣ་ཚོགས་བྱས་ནས་སངས་རྒྱས་ལ་ཕུལ་ལོ། །ཀུན་དགའ་བོས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་ཀྱིས་སྔོན་དགེ་བའི་རྩ་བ་ཅི་ཞིག་མཛད་ན། ཐམས་ཅད་ཀྱིས་ན་བཟའ་མང་པོ་ཕུལ་ཞེས་གསོལ་བ་དང༌། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཁྱོད་ལེགས་པར་ཉོན་ལ་ཤིན་ཏུ་ཡིད་ལ་ཟུངས་ཤིག་དང་ཁྱོད་ལ་བསྟན་པར་བྱའོ། །སྔོན་འདས་པའི་དུས་བསྐལ་པ་གྲངས་མེད་ཚད་མེད་པའི་ཕ་རོལ་ན་སངས་རྒྱས་རྣམ་པར་གཟིགས་ཞེས་བྱ་བ་འཇིག་རྟེན་དུ་གཤེགས་ཏེ་འཁོར་སྟོང་ཕྲག་དགུ་བཅུ་དང་ལྷན་ཅིག་ཏུ་བཞུགས་སོ། །

        དེའི་ཚེ་རྒྱལ་པོ་ནི་བན་དུ་ཞེས་བྱ་སྟེ། དེའི་བློན་པོ་ཆེན་པོ་གཅིག་གིས་སངས་རྒྱས་དང་དགེ་འདུན་དུ་བཅས་ཏེ་ཟླ་བ་གསུམ་གྱི་བར་དུ་བཞུགས་པར་སྦྱན་དྲངས་ནས་བཅོམ་ལྡན་འདས་ཀྱིས་ཀྱང་དེ་བཞིན་དུ་གནང་བ་དང༌། བློན་པོ་དེ་ཕྱིར་ཁྱིམ་དུ་འོངས་ནས་ཡོ་བྱད་རྣམས་སྦྱོར་ཞིང་གཤོམ་མོ། །དེའི་ཚེ་རྒྱལ་པོས་ཀྱང་སངས་རྒྱས་དང་དགེ་འདུན་སྤྱན་དྲངས་པར་བསམས་ཏེ་སངས་རྒྱས་གང་ན་བར་སོང་སྟེ་ཕྱིན་པ་དང༌། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་དང་འཕགས་པའི་དགེ་འདུན་དུ་བཅས་ཏེ་ཟླ་བ་གསུམ་གྱི་བར་དུ་བདག་གི་མཆོད་པ་བཞེས་ཤིག་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ངས་སྔར་བློན་པོ་ཆེན་པོས་སྤྱན་དྲངས་པར་གཤེགས་པར་བྱ་སྟེ། སྐྱེས་བུ་ཆེན་བའི་ཆོས་ཀྱིས་སྔར་གནང་བ་ལས་འགལ་བར་བྱར་མི་རུང་ངོ༌། །

        དེ་ནས་རྒྱལ་པོ་ཕྱིར་ཕོ་བྲང་དུ་འོངས་ཏེ་བློན་པོ་ཆེན་པོ་ལ་འདི་སྐད་ཅེས་བསྒོའོ། །ཡུལ་འདི་ནང་ལས་ཆེ་བ་མེད་དེ། བཅོམ་ལྡན་འདས་ངའི་ཡུལ་ན་བཞུགས་པས། ངས་སྔར་མཆོད་པ་བྱ་བར་བསམས་ཏེ་སྤྱན་དྲངས་ན། སྔར་ཁྱོད་ཀྱིས་སྤྱན་དྲངས་ཞེས་གསུང་གི །ཁྱོད་རེ་ཞིག་སྡོད་ཅིག །ངས་སྔར་སྦྱན་དྲངས་པའི་འོག་ཏུ་ཁྱོད་ཀྱིས་སྤྱན་དྲོངས་ཤིག་ཅེས་བསྒོ་བ་དང༌། བློན་པོ་ཆེན་པོ་དེས་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ལྷ། ཁྱོད་ཀྱིས་བདག་གི་ལུས་དང་སྲོག་ཀྱང་མི་ཉེས་པར་གཉའ་སྤྱོད་ལ། དེ་བཞིན་གཤེགས་པ་ཡང་རྟག་ཏུ་བཞུགས་པ་དང༌། རྒྱལ་པོའི་ཡུལ་ཡང་རྟག་ཏུ་བདེ་སྐྱིད་ཅིང་ཡེ་འབྲོག་མི་འབྱུང་བར་གཉའ་སྤྱོད་ན་བདག་ཀྱང་རེ་ཞིག་སྡོད་དོ། །ཞེས་གསོལ་པ་དང༌། རྒྱལ་པོས་འདི་ནི། མི་རུང་ངོ་སྙམ་བསམས་ནས་བདག་ཅག་གཉིས་ཉིན་རེས་ཀྱིས་སྤྱན་དྲང་ངོ༌། །ཞེས་བསྒོས་ནས་ཉི་མ་གཅིག་ནི། རྒྱལ་པོས་སྤྱན་དྲངས། ཉི་མ་གཅིག་ནི། བློན་པོས་སྤྱན་དྲངས་ཏེ་གཉི་གའི་རེ་བ་བསྐང་ངོ༌། །དེའི་ཚེ་བློན་པོ་ཆེན་པོ་དེས་དེ་བཞིན་གཤེགས་པ་ལ་ཆོས་གོས་སྨད་གསུམ་ཕུལ་ནས་དགེ་སློང་གི་དགེ་འདུན་སྟོང་ཕྲག་དགུ་བཅུ་རྣམས་ལ་ཡང་ཆོས་གོས་བདུན་པ་རེ་རེ་སྦྱར་ཏེ་ཕུལ་ལོ། །

        དེའི་ཚེ་དེའི་དུས་ན་བློན་པོ་ཆེན་པོས་ཆོས་གོས་སྦྱར་ཏེ་སངས་རྒྱས་དང་དགེ་འདུན་རྣམས་ལ་ཕུལ་བ་དེ། གཞན་དུ་མ་སེམས་ཤིག །དེ་ནི། ད་ལྟར་ང་ཡིན་ནོ། །ངས་ནི། སྐྱེ་བ་ཐམས་ཅད་དུ་བསོད་ནམས་བྱེད་པ་ལ་སྐྱོ་བ་མེད་པས། དེ་དག་ཐམས་ཅད་ཀྱི་རྣམ་པར་སྨིན་པ་ཡང་མྱོང་ནས་ཆུད་མ་ཟོས་སོ། །ཀུན་དགའ་བོ་ལ་སོགས་པ་འཁོར་མང་པོ་རྣམས་བཅོམ་ལྡན་འདས་ཀྱིས་གསུངས་པ་ཐོས་ནས་བསོད་ནམས་ཀྱི་ལས་བྱེད་པ་ལ་བརྩོན་པར་གྱུར་ཏེ་མངོན་པར་དགའ་ནས་རྗེས་སུ་ཡི་རང་ངོ༌། །བྲམ་ཟེས་ལྷན་པ་ཕུལ་བའི་ལེའུ་སྟེ་བཞི་བཅུ་གསུམ་པའོ།། །།
                                                                   རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས། 
             རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
             དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།