བྲམ་ཟེ་ཤིན་ཙིར་ཞེས་བྱ་བའི་ལེའུ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-11-01 10:59:32         ཀློག་ཐེངས།  


0689b8a9fb2b561de98440f16c94ea6.jpg 
                  

        འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ཡུལ་དེ་ན་བྲམ་ཟེ་ཤིན་ཙིར་ཞེས་བྱ་བའི་ཚེ་རིགས་བཙུན་ཞིང་ཕྱུག་པ་ཞིག་ཡོད་དེ། བུ་མེད་པས་སྟོན་པ་དྲུག་གི་ཐད་དུ་སོང་སྟེ་དྲིས་པ་དང༌། སྟོན་པ་དྲུག་གིས་ཀྱང་ཁྱོད་ལ་བུའི་མཚན་མ་ཡོང་མེད་དོ། །ཞེས་སྨྲས་སོ། །དེ་ནས་བྲམ་ཟེ་ཕྱིར་ཁྱིམ་དུ་འོངས་ནས་གོས་དྲི་མ་ཅན་གྱོན་ཏེ་མྱ་ངན་གྱི་ཁང་བུར་ཞུགས་ནས་མི་དགའ་སྟེ་འདི་སྙམ་དུ་བསམས་སོ། །བདག་ལ་བུ་ནི། མེད་ཀྱི།གལ་ཏེ་ནང་གཅིག་ཚེའི་དུས་བྱས་ན་ཁྱིམ་དང་ནོར་རྫས་བཅས་སུ་རྒྱལ་པོས་བཞེས་སོ་སྙམ་བསམས་ནས་རབ་ཏུ་མི་དགའ་ཞིང་འདུག་གོ །དེའི་ཚེ་བྲམ་ཟེ་དེའི་ཆུང་མ་དགེ་སློང་མ་དང་བཤེས་སོ། །དགེ་སློང་མ་དེ་བྲམ་ཟེ་དེའི་ཁྱིམ་དུ་འོངས་ནས་བྲམ་ཟེ་དེ་ཤིན་ཏུ་མི་དགའ་ཞིང་མྱ་ངན་གྱིས་ཡི་མུག་པར་མཐོང་ནས་ཆུང་མ་ཁྱོད་ཀྱི་ཁྱོ་ཅིའི་ཕྱིར་མི་དགའ་ཞེས་དྲིས་པ་དང༌། བྲམ་ཟེའི་ཆུང་མས་སྨྲས་པ། བདག་ཅག་ལ་བུ་མེད་དེ་སྟོན་པ་དྲུག་ལ་དྲིས་ན། ཁྱོད་ལ་བུའི་མཚན་མ་མེད་དོ། །ཞེས་བསྒོ་བས་མི་དགའ་ཞིང་མྱ་ངན་བྱེད་དོ། །

        དེ་ནས་དགེ་སློང་མ་དེ་དེས་སྨྲས་པ། སྟོན་པ་དྲུག་ནི། ཐམས་ཅད་ཤེས་པ་མ་ཡིན་ན། དེས་ལས་ཀྱི་རྒྱུ་རྐྱེན་ག་ལ་ཞིག་རིག །དེ་བཞིན་གཤེགས་པ་འཇིག་རྟེན་ན་བཞུགས་ཏེ། ཐམས་ཅད་རྟོགས་ཤིང་མཁྱེན་པས་འདས་པ་དང༌། མ་འོངས་པ་ལ་ཐོགས་པ་མེད་ན། ཅིའི་ཕྱིར་བུ་ཡོད་དམ་མེད་ཅེས་མི་འདྲི་ཞེས་བསྒོའོ། །དགེ་སློང་མ་དེ་ཕྱིར་སོང་ནས་བྲམ་ཟེའི་ཆུང་མས་ཁྱོ་དེ་ལ་དེ་སྐད་ཅེས་སྨྲས་པ་དང༌། བྲམ་ཟེ་དེ་དགའ་རངས་ནས་རྟོགས་ཤིང་ཁོང་དུ་ཆུད་པར་གྱུར་ཏེ། དེ་མ་ཐག་ཏུ་གོས་གསར་པ་བགོས་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང༌། སངས་རྒྱས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས། བདག་ལ་མཚན་དང༌། དབང་ཐང་གི་བུ་མ་མཆིས་སམ་ཞེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་བྲམ་ཟེ། ཁྱོད་ལ་བུ་ཡོད་པར་འགྱུར་ཏེ། བསོད་ནམས་དང་ཡང་ལྡན་ལ། ཆེར་སྐྱེས་ནས་རབ་ཏུ་འབྱུང་བ་ལ་དགའ་བར་འགྱུར་རོ། །ཞེས་བཀའ་སྩལ་ཏོ། །བྲམ་ཟེས་དེ་སྐད་ཅེས་བཀའ་སྩལ་པ་ཐོས་ནས་རབ་ཏུ་དགའ་མགུ་རངས་ཏེ་བུ་ཡོད་པར་གྱུར་ན་ལྟ་རབ་ཏུ་བྱུང་ཡང་བླ་སྟེ། སྡུག་བསྔལ་མེད་དོ། །ཞེས་སྨྲས་ནས་བཅོམ་ལྡན་འདས་དང༌། དགེ་སློང་གི་དགེ་འདུན་རྣམས་བཤོས་ལ་གཤེགས་པར་སྤྱན་དྲངས་པ་དང༌། བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གཤེགས་སུ་གནང་སྟེ། ཕྱི་ཉིན་གདུགས་ཚོད་ལ་བབ་པ་ནས་སངས་རྒྱས་དང་དགེ་འདུན་རྣམས་དང་བཅས་སུ་བྲམ་ཟེ་དེའི་ཁྱིམ་དུ་གཤེགས་ནས་གདན་བཏིང་བ་ལ་བཞུགས་ཏེ། བྲམ་ཟེ་ཁྱོ་ཤུག་གིས་བསྟི་སྟང་དང་བཅས་པས་བསོད་སྙོམས་གསོལ་ཏོ། །བསོད་སྙོམས་གསོལ་ནས་སངས་རྒྱས་དང་དགེ་འདུན་རྣམས་དང་བཅས་སུ་སླར་གཤེགས་པ་དང༌། དེའི་བར་ན་ནེའུ་གསིལ་ཞིག་ཡོད་དེ། ཆུ་མིག་ཤིན་ཏུ་གཙང་མ་ཞིག་ཡོད་པ་ལ་བཅོམ་ལྡན་འདས་དང༌། དགེ་སློང་གི་དགེ་འདུན་རྣམས་མཉེལ་བ་ཤོལ་ཏེ་སོ་སོ་ནས་ཆུ་མིག་དེ་ལ་བཅུས་ནས་ལྷུང་བཟེད་དང་རྐང་ལག་བཀྲུས་སོ། །

        དེ་ནས་སྤྲེའུ་ཞིག་དེར་འོངས་ཏེ་ཀུན་དགའ་བོ་ལས་ལྷུང་བཟེད་བླངས་པ་དང་བཅག་གིས་དོགས་པས་ཀུན་དགའ་བོས་ལྷུང་བཟེད་མ་སྟེར་བ་ལས། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་ལྷུང་བཟེད་སྤྲེའུ་ལ་བྱིན་ཅིག་ཅེས་བཀའ་སྩལ་ཏོ། །དེ་ནས་ཀུན་དགའ་བོས་ལྷུང་བཟེད་སྤྲེའུ་ལ་བྱིན་པ་དང༌། སྤྲེའུས་ཤིང་ཁ་ནས་སྦྲང་རྩི་བླངས་ཏེ་ལྷུང་བཟེད་བཀང་ནས་བཅོམ་ལྡན་འདས་ལ་ཕུལ་ལོ། །བཅོམ་ལྡན་འདས་ཀྱིས་སྦྲང་རྩིའི་ནང་གི་མི་གཙང་བ་ཕྱུང་ཞིག་ཅེས་བཀའ་སྩལ་པ་དང༌། སྤྲེའུས་སྲིན་བུའི་རོ་ལ་སོགས་པ་བསལ་ཏེ་ཕུལ་ལོ། །བཅོམ་ལྡན་འདས་ཀྱིས་སྦྲང་རྩིའི་ལྷུང་བཟེད་བཞེས་ནས་སྦྲང་རྩི་ཆུ་དང་སྦྱོར་ལ་སྩོལ་ཅིག་ཅེས་བཀའ་སྩལ་ནས་ཆུ་དང་སྦྱར་ཏེ་བཅོམ་ལྡན་འདས་ལ་ཕུལ་ལོ། །བཅོམ་ལྡན་འདས་ཀྱིས་བཞེས་ནས་དགེ་སློང་གི་དགེ་འདུན་རྣམས་ལ་ཡང་བགོས་ཏེ་བྱིན་ནས་ཐམས་ཅད་ངོམས་པར་གྱུར་ཏོ། །དེའི་ཚེ་སྤྲེའུ་དེས་འདི་ལྟ་བུ་དག་མཐོང་ནས་རབ་ཏུ་དགའ་སྟེ་མཆོངས་པ་དང༌། གར་བྱས་པ་ལས་གཡང་དུ་ལྷུང་སྟེ་ཚེའི་དུས་བྱས་ནས་དེ་མ་ཐག་ཏུ་བྲམ་ཟེའི་བུར་སྐྱེས་ཏེ། བྲམ་ཟེ་དེའི་ཆུང་མ་སེམས་ཅན་དང་ལྡན་པར་གྱུར་ཏེ་ཟླ་བ་ཚང་ནས་བུ་ཁྱེའུ་བཟང་བ། བལྟ་ན་སྡུག་པ་ཞིག་བཙས་སོ། །ཐོག་མ་བཙས་པའི་ཚེ་ཁྱིམ་གྱི་ནང་ན་སྣོད་ཅི་ཡོད་པ་དེ་དག་ཐམས་ཅད་ཀྱི་ནང་ན་སྦྲང་རྩིས་གང་བར་གྱུར་ཏོ། །

        བྲམ་ཟེ་ཁྱོ་ཤུག་རབ་ཏུ་དགའ་ནས་མཚན་མཁན་པོས་ཏེ་མཚན་བལྟས་སོ། །མཚན་མཁན་གྱིས་ཁྱེའུ་འདི་བཅས་པ་ན་ལྟས་སམ། ཡ་མཚན་ཅི་ཞིག་བྱུང་ཞེས་དྲིས་ན། ཐོག་མ་བཙས་པའི་ཚེ་སྦྲང་རྩིས་གང་ངོ༌། །ཞེས་སྨྲས་ནས་བུའི་མིང་ཡང་སྦྲང་རྩི་མཆོག་ཅེས་བཏགས་སོ། །དེ་ནས་གསོས་བསྐྱེད་དེ་ཆེར་སྐྱེས་པ་དང༌། ཕ་མ་ལ་རབ་ཏུ་འབྱུང་བར་གསོལ་ཏོ། །ཕ་མས་བུ་ལ་ཆགས་པས་མ་བཏང་ངོ༌། །ཁྱེའུས་ཡང་དང་ཡང་དུ་གསོལ་ཏེ་ཕ་མས་བདག་གི་བགེགས་བགྱིས་ན། བདག་འགུམ་ཕོད་ཀྱི། འདུ་འཛིའི་ནང་དུ་འཚོ་མི་ཕོད་དོ། །ཞེས་སྨྲས་སོ། །དེ་ནས་ཁྱེའུའི་ཕ་མས་བགྲོས་ཏེ། སྔོན་བཅོམ་ལྡན་འདས་ཀྱིས་ཀྱང་རབ་ཏུ་འབྱུང་ངོ༌། །ཞེས་ལུང་བསྟན་ཏེ། ད་བར་ཆད་བྱས་ན་སྲོག་དང་བྲལ་བར་གྱུར་དུ་འོང་གི །གནང་བར་བྱའོ། །ཞེས་གྲོས་བྱས་ནས་བུ་ལ་ཁྱོད་ཡིད་བཞིན་དུ་རབ་ཏུ་འབྱུང་བར་གནང་ངོ༌། །ཞེས་བསྒོའོ། །དེ་ནས་ཁྱེའུ་དགའ་མགུ་རངས་ཏེ་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང༌། ཞབས་ལ་སྤྱི་བོར་ཕྱག་འཚལ་ཏེ་རབ་ཏུ་འབྱུང་བར་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་ཀྱང་ལེགས་པར་འོངས་སོ། །ཞེས་བཀའ་སྩལ་པས། སྐྲ་དང་ཁ་སྦུ་རང་བྱི་སྟེ་དགེ་སློང་དུ་གྱུར་ཏོ། །དེ་ནས་བདེན་པ་བཞིའི་ཆོས་རྒྱས་པར་བསྟན་པས་སེམས་རྣམ་པར་གྲོལ་ཏེ་ཟག་པ་ཀུན་ཟད་ནས་དགྲ་བཅོམ་པར་གྱུར་ཏོ། །

        དགེ་སློང་དག་དང་ཕན་ཚུན་སེམས་ཅན་གྱི་དོན་ལ་འགྲོ་བའི་ཚེ་གལ་ཏེ་སྐོམ་མམ་ངལ་ན་ནམ་མཁའ་ལ་ལྷུང་བཟེད་བོར་བས། སྦྲང་རྩིས་རང་གང་སྟེ་ཀུན་དང་ཐུན་མོང་དུ་འཐུང་ངོ༌། །དེ་ནས་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དགེ་སློང་སྦྲང་རྩི་མཆོག་གིས་སྔོན་བསོད་ནམས་ཅི་ཞིག་བགྱིས་ན། རབ་ཏུ་བྱུང་ནས་རིང་བོ་མ་ལོན་པར་དགྲ་ཡང་བཅོམ་ལ་བསམ་པ་ཡིད་བཞིན་དུ་ཐོབ་པར་གྱུར། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ། ཁྱོད་སྔོན་བྲམ་ཟེ་ཤིན་ཙིར་གྱིས་བོས་པ་དྲན་ནམ། གསོལ་པ། དྲན་ནོ། །ཀུན་དགའ་བོ། ཁྱོད་ཀྱིས་ཟས་ཀྱི་བྱ་བ་བྱས་ནས་ནེའུ་གསིང་ལ་བསྟི་བ་ན་སྤྲེའུ་ཞིག་གིས་ཁྱོད་ལས་ལྷུང་བཟེད་བླངས་ཏེ་སྦྲང་རྩིས་བཀང་ནས་ང་ལ་ཕུལ་བ་དང༌། སྤྲེའུ་དགའ་ནས་མཆོངས་པ་དང༌། གར་བྱས་པ་ལས་གཡང་དུ་སོང་སྟེ་ཚེ་བརྗེས་པ་དྲན་ནམ། གསོལ་པ། དྲན་ནོ། །ཀུན་དགའ་བོ། དེའི་ཚེ་ན་སྦྲང་རྩི་ཕུལ་བའི་སྤྲེའུ་དེ་ནི། དགེ་སློང་སྦྲང་རྩི་མཆོག་འདི་ཡིན་ནོ། །སངས་རྒྱས་མཐོང་ནས་དགའ་བའི་སེམས་ཀྱིས་སྦྲང་རྩི་ཕུལ་བས་བྲམ་ཟེ་དེའི་ཕུར་སྐྱེས་ཏེ་བྱད་གཟུགས་བཟང་བ་དང༌། རབ་ཏུ་བྱུང་ནས་ཀྱང་ཟག་པ་མེད་པར་གྱུར་ཏོ། །དེ་ནས་ཀུན་དགའ་བོས་པུས་མོའི་ལྷ་ང་ས་ལ་བཙུགས་ནས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དགེ་སློང་འདིས་ཉེས་པ་ཅི་ཞིག་བགྱིས་ན། སྤྲེའུའི་ནང་དུ་སྐྱེས་པར་གྱུར། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། སྔོན་འདས་པའི་དུས་ན་སངས་རྒྱས་འོད་སྲུང་འཇིག་རྟེན་དུ་གཤེགས་པའི་ཚེ་དགེ་སློང་གསར་ཞུགས་གཞོན་ནུ་ཞིག་གིས་དགེ་སློང་ཞིག་ཡུར་བ་ལ་མཆོངས་པ་མཐོང་ནས་འདི་སྐད་དུ་ཁྱོད་ནི། རབ་ཏུ་མྱུར་ཏེ། སྤྲེའུ་དང་འདྲའོ། །ཞེས་སྨྲས་པ་དང༌། དགེ་སློང་དེས་ཐོས་ནས་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཁྱོད་ཀྱིས་ང་ཤེས་སམ། སྨྲས་པ། ཁྱོད་ནི། སངས་རྒྱས་འོད་སྲུང་གི་དགེ་སྦྱོང་ཡིན་ན། ཅིའི་ཕྱིར་མི་ཤེས། དགེ་སློང་དེས་ཡང་སྨྲས་པ། ཁྱོད་ང་ལ་མ་འཕྱ་ཞིག །ང་ནི། མིང་ཙམ་གྱི་དགེ་སྦྱོང་མ་ཡིན་ཏེ། དགེ་སྦྱོང་གི་འབྲས་བུ་བཞི་ཡང་ངས་ཐོབ་བོ། །ཞེས་བསྒོ་བ་དང༌། དགེ་སློང་གཞོན་ནུ་དེ་སྡངས་ཏེ་བསྡུ་ཡང་ལངས་ནས་ལུས་སྨད་ལྔ་ས་ལ་གཏུགས་ཏེ་འགྱོད་ཚངས་གསོལ་ཏོ། །དེ་ལྟར་འགྱོད་ཚངས་བྱས་པས་ནི། སེམས་ཅན་དམྱལ་བར་མ་སྐྱེས་སོ། །དགྲ་བཅོམ་པ་ལ་འཕྱ་བས་ནི།སྐྱེ་བ་ལྔ་བརྒྱའི་བར་དུ་རྟག་ཏུ་སྤྲེའུར་སྐྱེས་སོ། །

        སྔོན་ཡང་རབ་ཏུ་བྱུང་སྟེ་ཚུལ་ཁྲིམས་བསྲུངས་པས། ད་ང་དང་ཕྲད་ནས་བཀྲུས་པ་བཞིན་དུ་སྡུག་བསྔལ་ཀུན་ཟད་དོ། །ཀུན་དགའ་བོ། དེའི་ཚེ་དེའི་དུས་ན་དགེ་སློང་གཞོན་ནུ་དེ་ད་ལྟར་སྦྲང་རྩི་མཆོག་ཡིན་ནོ། །དེའི་ཚེ་ན་ཀུན་དགའ་བོ་དང༌། འཁོར་མང་པོ་རྣམས་སངས་རྒྱས་ཀྱིས་གསུངས་པ་ཐོས་ནས་ཀུན་གྱིས་འདི་སྐད་ཅེས་སྨྲས་སོ། །ལུས་དང་ངག་དང་ཡིད་ཀྱི་ལས་ནི། མི་སྲུང་དུ་མི་རུང་ངོ༌། །དགེ་སློང་འདི་ཡང་ངག་གི་ལས་མ་བསྲུངས་པས་ལས་རྣམ་པར་སྨིན་པ་དེ་ལྟ་བུ་མྱོང་ངོ༌། །བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ། ཁྱོད་ཀྱིས་སྨྲས་པ་བཞིན་ནོ། །ཞེས་བཀའ་སྩལ་ནས་བདེན་པ་བཞི་རྒྱས་པར་བསྟན་ཏེ། ལུས་དང་ངག་དང་ཡིད་ཀྱི་ལས་རྣམ་པར་དག་ཅིང་སེམས་ཀྱི་དྲི་མ་ཀུན་དང་བྲལ་བས་ཁ་ཅིག་ནི། རྒྱུན་དུ་ཞུགས་པ་དང༌། ལན་གཅིག་ཕྱིར་ལྡོག་པ་དང༌། ཕྱིར་མི་ལྡོག་པ་དང༌། དགྲ་བཅོམ་པ་ཐོབ་པར་གྱུར་ཏོ། །ཁ་ཅིག་གིས་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ལ་ལ་ནི། ཕྱིར་མི་ལྡོག་པའི་ས་ལ་གནས་པར་གྱུར་ཏེ། །བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་འཁོར་མང་པོ་དག་རྗེས་སུ་ཡི་རང་ནས་མངོན་པར་དགའོ། །བྲམ་ཟེ་ཤིན་ཙིར་ཞེས་བྱ་བའི་ལེའུ་སྟེ་བཞི་བཅུ་པའོ།། །།

                                                                རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས།
            རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
            དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།