རྒྱལ་པོ་མིག་འབྱེད་ཀྱི་ལེའུ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-10-28 21:19:27         ཀློག་ཐེངས།  


804051504701655099.jpg

        བམ་པོ་བཅུ་པ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ་སྐྱེ་བོ་མང་པོ་ལ་དམ་པའི་ཆོས་སྟོན་ཏོ། །དེའི་ཚེ་ན་གྲོང་ཁྱེར་གྱི་མི་ཀུན་ཆོས་ཉན་དུ་ཆས་པ་དང༌། གྲོང་དེ་ན་བྲམ་ཟེ་ལོང་བ་གཅིག་ཅིག་ལམ་གན་འདུག་པ་ལས་མི་མང་པོ་སོང་བ་ལས། ཁྱེད་མྱུར་བར་གར་འདོང་ཞེས་དྲིས་སོ། །མི་རྣམས་ཀྱིས་སྨྲས་པ། ཁྱོད་ཅི་མ་ཐོས་སམ། དེ་བཞིན་གཤེགས་པ་འཇིག་རྟེན་དུ་བྱུང་སྟེ་ད་ལྟར་ཡུལ་འདི་ན་བཞུགས་ཤིང་ཆོས་སྟོན་ཏོ། །དེ་བཞིན་གཤེགས་པ་འཇིག་རྟེན་དུ་བྱུང་བ་དང་ཕྲད་པར་ཤིན་ཏུ་དཀའ་བས། བདག་ཅག་ནི། སངས་རྒྱས་ལ་ཆོས་ཉན་དུ་འགྲོའོ། །ཞེས་སྨྲས་སོ། །བྲམ་ཟེ་དེ་སྐད་རྣམ་པ་བརྒྱད་ལ་ཤིན་ཏུ་མཁས་པ་ཞིག་སྟེ། སྐད་ཕྱུང་བ་ཙམ་གྱིས་དབང་ཐང་དང༌། ཚེ་ཇི་ཙམ་པ་རྟོགས་སོ། །བརྒྱད་གང་ཞེ་ན། བྱ་བང་ལྟ་བུའི་སྐད་དང༌། ཁྭ་ལྟ་བུའི་སྐད་དང༌། སྐད་འཛེར་འཛེར་པོ་དང༌། གླང་པོ་ཆེའི་སྐད་དང༌། རྔའི་སྐད་དང༌། འབྲུག་གི་སྐད་དང༌། དྲིལ་གྱི་སྐད་དང༌། ཚངས་པའི་སྐད་དང་བརྒྱད་དོ། །བྱ་པང་ལྟ་བུའི་སྐད་དུ་སྨྲ་བ་ནི། ཁྲེལ་ལྟས་མེད་དེ། བྱས་པ་དྲིན་དུ་མི་གཟོའོ། །ཁྭ་ལྟ་བུའི་སྐད་དུ་སྨྲ་བ་ནི། ཁྲོ་ཞིང་གཏུམ་ལ་གསོད་པ་ལ་དགའ་ཞིང་སྙིང་རྗེ་མེད་དོ། །སྐད་འཛེར་འཛེར་པོ་ནི། ཕོ་དག་མོའི་སྐད་དུ་སྨྲ་བ་དང་མོ་དག་ཕོའི་སྐད་དུ་སྨྲ་བ་སྟེ། དེ་ནི། དབང་ཐང་མེད་ཅིང་དབུལ་བ་དང༌། མ་རབས་སོ། །གླང་པོ་ཆེའི་སྐད་དུ་སྨྲ་བ་ནི། རང་བཞིན་གྱིས་དྲང་ཞིང་གཉེན་བཤེས་ལ་ཕན་འདོགས་པར་སེམས་སོ། །རྔའི་སྐད་དུ་སྨྲ་བ་ནི། སྨྲ་མཁས་ལ་བློ་མྱུར་ཞིང་རིག་པ་འཛིན་ཏེ། རྒྱལ་པོའི་སྟོན་པའོ། །འབྲུག་སྐད་དུ་སྨྲ་བ་ནི། མཁས་པའི་བློ་དང་ལྡན་ཞིང་ཆོས་མཁས་སོ། །དྲིལ་སྐད་དུ་སྨྲ་བ་ནི། ཕྱུག་ཅིང་ལོངས་སྤྱོད་དང་ལྡན་ལ་གསེར་སྲང་བརྒྱ་སྟོང་མང་པོ་བདོག་པའོ། །ཚངས་པའི་སྐད་དུ་སྨྲ་བ་ནི། བསོད་ནམས་དང༌། དབང་ཐང་ཆེན་པོ་དང་ལྡན་ཏེ། ཁྱིམ་ན་འདུག་ན་ནི། འཁོར་ལོས་བསྒྱུར་བའི་རྒྱལ་པོར་འགྱུར། །རབ་ཏུ་བྱུང་ན་ནི། གདོན་མི་ཟ་བར་འཚང་རྒྱའོ། །

        དེའི་ཚེ་ན་བྲམ་ཟེ་དེས་མི་དེ་རྣམས་ལ་བདག་ནི། སྐད་ལ་ཤིན་ཏུ་མཁས་ཏེ། ཡང་དག་པར་སངས་རྒྱས་ཡིན་ན། ཚངས་པའི་སྐད་དང་ལྡན་པའི་རིགས་ཀྱི། ཁོ་བོ་ཡང་ཁྲིད་ལ་འགྲོགས་ཏེ་འདོང་ངོ༌། །དེ་དག་གིས་ཀྱང་བྲམ་ཟེ་ལོང་བ་དེ་ཁྲིད་ནས་སོང་སོང་བ་ལས་ཕྱོགས་དེར་ཉེ་བར་འོངས་པ་དང༌། སངས་རྒྱས་ཀྱི་གསུང་ཚངས་པའི་དབྱངས་ཐོས་ནས་ལོང་བ་དགའ་མགུ་རངས་ཏེ་དད་པ་སྐྱེས་པས། མིག་གཉིས་རང་བྱེ་ནས་སངས་རྒྱས་ཀྱི་སྐུ་གསེར་གྱི་མདོག་ཅན། མཚན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པ། ཉི་མའི་འོད་ལྟར་ཤིན་ཏུ་གསལ་བ་མཐོང་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ཏེ་ཚད་མེད་པའི་དགའ་བ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་ཏེ་སྤྲོ་བ་བསྐྱེད་པས་སྡིག་པ་མི་དགེ་བའི་ལས་ཁྲི་ཕྲག་ཉི་ཤུ་ཟད་དེ་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་ནས་ཤེས་རབ་ཀྱི་མིག་དང་ལྡན་པར་གྱུར་པས་བསྟན་པ་ལ་རབ་ཏུ་འབྱུང་བར་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལེགས་པར་འོངས་སོ། །ཞེས་བཀའ་སྩལ་ནས་དགེ་སློང་དུ་གྱུར་ཏེ་ཅི་རིགས་པའི་ཆོས་བསྟན་པས་དགྲ་བཅོམ་པར་གྱུར་ཏོ། །འཁོར་མང་པོ་ཐེ་ཚོམ་དུ་གྱུར་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་འདུག་པ་སྟན་ལས་ལངས་ཏེ་ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འགྲོ་བ་མང་པོའི་དོན་མཛད་པ། མདོངས་པ་ཐམས་ཅད་ལ་ཐུགས་རྗེ་བའི་ནང་ན་བྲམ་ཟེ་དམུས་ལོང་འདི་ལ་ལྷག་པར་ཐུགས་རྗེ་ཆེའོ། །བྲམ་ཟེ་མདོངས་པ་ཞིག་ཤའི་མིག་ཀྱང་ཐོབ་ལ། ཤེས་རབ་ཀྱི་མིག་ཀྱང་ཐོབ་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། བྲམ་ཟེ་ལོང་པ་འདི་ལ་དུས་འདི་འབའ་ཞིག་ཏུ་མིག་བྱིན་པར་མ་ཟད་དེ། འདས་པའི་དུས་ན་ཡང་མིག་བྱིན་ནོ། །ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས། འདས་པའི་དུས་ན་ཇི་ལྟ་བུར་མིག་སྩལ་པ་ལེགས་པར་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྔོན་འདས་པའི་བསྐལ་པ་གྲངས་མེད་ཚད་མེད་དཔག་ཏུ་མེད་བསམ་གྱིས་མི་ཁྱབ་པའི་ཕ་རོལ་ན་འཛམ་བུའི་གླིང་འདིར་ཡུལ་པུ་ཀ་ལ་ད་ཞེས་བྱ་བ་ན་རྒྱལ་པོ་མིག་འབྱེད་ཅེས་བྱ་བ་ཞིག་ཡོད་དེ། རྒྱལ་པོ་དེ་བྲག་དང༌། རྩིག་པ་ལ་ཡང་ཐོགས་པ་མེད་པར་དཔག་ཚད་བཞི་བཅུ་ཚུན་ཆད་མཐོང་བས། མིག་འབྱེད་ཅེས་བྱ་བར་བཏགས་ཏེ། འཛམ་བུའི་གླིང་གི་རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་ཀུན་ལ་དབང་བྱེད་དོ། །རྒྱལ་པོ་དེ་ལ་བཙུན་མོ་དང༌། ཕོ་བྲང་གི་སླས་ཉི་ཁྲི་ཡོད་དེ། རྒྱལ་བུ་ནི། ལྔ་བརྒྱ་སྙེད་ཡོད་དོ། །རྒྱལ་ཚབ་ནི། ཚུལ་ཁྲིམས་བཟང་པོ་ཞེས་བྱ་སྟེ། རྒྱལ་པོ་དེ་ཚུལ་བཞིན་དུ་རྒྱལ་པོ་བྱེད་པས། སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་དང་འདྲ་བར་སེམས་ཏེ་རླུང་དང་ཆར་དུས་ལས་མི་ཡོལ་བས་ལོ་ལེགས་ཏེ་ཐམས་ཅད་བདེ་སྐྱིད་དོ། །

        དེ་ནས་རྒྱལ་པོ་དེ་དབེན་པ་ཞིག་ན་འདི་སྙམ་དུ་སེམས་པར་གྱུར་ཏོ། །བདག་ཚེ་སྔ་མའི་བསོད་ནམས་ཀྱིས་མིའི་རྒྱལ་པོར་གྱུར་ཏེ་ནོར་བུ་རིན་པོ་ཆེ་དང༌། ལོངས་སྤྱོད་ཆེན་པོ་དང་ལྡན་ཞིང་ཐམས་ཅད་ཀྱིས་དག་ཉན་པ་ནི། ཇི་ལྟར་རྩྭ་འཇམ་པོ་ལ་རླུང་གིས་བཏབ་ན་ཕྱོགས་གཅིག་ཏུ་ཉལ་བ་བཞིན་ནོ། །ཚེ་འདི་ལ་ཡང་ཕྱི་མའི་འབྲས་བུ་མ་སྐྱེད་ན། སྡུག་བསྔལ་བར་འགྱུར་ཏེ། དཔེར་ན། ཞིང་པ་དག་དཔྱིད་མང་དུ་རྨོས་ན། སྟོན་ཡང་མང་དུ་བསྡུར་ཡོད་པས། བདག་ཀྱང་ཚེ་འདིར་དཔྱིད་ས་བོན་མ་བཏབ་ན། ཚེ་ཕྱི་མར་སྟོན་པ་སྔར་མེད་པས། ད་ནི། ལེ་ལོ་བྱ་བར་མི་རིགས་ཀྱི། བསོད་ནམས་ཀྱི་ཞིང་ལ་ས་བོན་རྒྱས་པར་གདབ་བོ་སྙམ་བསམས་ནས་བློན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ངའི་དཀོར་མཛོད་ཐམས་ཅད་ཕྱུང་ལ། གྲོང་ཁྱེར་གྱི་སྒོ་དང་ལམ་སྲང་མི་མང་པོ་འདུ་བའི་གནས་སུ་ཐམས་ཅད་སྤུངས་ལ་འགྲོ་བ་མང་པོ་ལ་སྦྱིན་པར་བྱའོ། །རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་གི་བང་མཛོད་ཐམས་ཅད་ཀྱང་ཐམས་ཅད་ལ་ཡིད་བཞིན་དུ་བྱིན་ཅིག་ཅེས་བསྒོས་ནས་གསེར་གྱི་རྒྱལ་མཚན་བསྒྲེངས། དྲིལ་ཆེན་པོ་བསྒྲགས་ཏེ་འཛམ་བུའི་གླིང་གི་དགེ་སྦྱོང་དང༌། བྲམ་ཟེ་དང༌། དབུང་ཕོངས་པ་དང༌། རྒས་པ་དང༌། ན་བའི་རྣམ་པ་ཐམས་ཅད་འདུས་ཤིག །ཅི་དང་ཅི་འདོད་པ་དེ་དག་ཐམས་ཅད་ཡིད་བཞིན་དུ་སྦྱིན་ནོ། །ཞེས་བསྒྲགས་སོ། །

        དེའི་ཚེ་ན་འབངས་ཐམས་ཅད་ཀྱང་རྒྱལ་པོ་ཆོས་བཞིན་བྱེད་པས། དེ་ལ་དགའ་སྟེ་བསྟོད་ཅིང་སྙན་པར་སྒྲོག་གོ །མཐའ་འཁོབ་ཀྱི་རྒྱལ་ཕྲན་པ་ལ་ད་བར་ནི་ཞེས་བྱ་བ་ཞིག་རྒྱལ་པོ་དེའི་བཀའ་མི་ཉན་པར་གྱུར་ཏེ། ཆོས་མ་ཡིན་པས་རྒྱལ་པོ་བྱེད་དོ། །རྒྱལ་ཕྲན་དེ་ལ་བློན་པོ་མཁས་པ། བློ་གྲོས་དང་ལྡན་པ་ལོ་དར་ཞེས་བྱ་བ་ཞིག་ཡོད་དེ། བློན་པོ་དེས་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །རྒྱལ་པོ་ནི། ཡིད་ཐུང་ལ་གཏུམ་སྟེ་སྔ་བསམ་ཕྱི་མ་ནོ་མེད་པས་ཕྱིས་འགྱོད་པར་འགྱུར་རོ། །རྒྱལ་པོ་མིག་འབྱེད་ནི། ཤིན་ཏུ་སྙིང་རྗེ་ཆེ་བ་དང་ལྡན་པས་འཛམ་བུའི་གླིང་གི་མི་ཐམས་ཅད་ལ་དྲིན་གྱིས་ཁྱབ་སྟེ། རྒྱལ་པོ་ཐམས་ཅད་དེའི་བཀའ་ཉན་ན། རྒྱལ་པོ་འབའ་ཞིག་གིས་དེ་ལ་བསྡོ་བའི་མི་རིགས་ཀྱི། དེའི་བཀའ་ཉན་ན་བུ་ཚ་རྒྱུད་དུ་བདེ་བར་འགྱུར་རོ། །ཞེས་གསོལ་པ་དང༌། ཕྱིར་བློན་པོ་དེ་ལ་ཁྲོས་ནས་གྲོས་མཉན་ཏོ། །དེ་ནས་བློན་པོ་དེ་ཡང་མི་དགའ་ནས་འདི་སྙམ་དུ་བསམས་སོ། །རྒྱལ་པོས་ཆོས་མ་ཡིན་པ་དང༌། མི་རིགས་པ་བྱས་པས་བདག་གིས་ཕན་པའི་གྲོས་བཏབ་ན་ཁྲོས་ཏེ་མ་ཉན་ཏོ། །རྒྱལ་པོ་འདི་ལ་ནི། འབངས་ཐམས་ཅད་ཀྱང་མི་དགའ་བས་མེད་པར་བྱའོ་སྙམ་བསམས་ནས་གྲོས་བྱས་པ་ལས་གསང་ཤོར་ནས་རྒྱལ་པོས་དམག་བསྡོགས་ཏེ་འཛིན་ཏུ་བཅུག་གོ །བློན་པོ་དེས་ཀྱང་འཕྲིགས་ནས་རྟ་མགྱོགས་པ་ལ་ཞོན་ཏེ་བྲོས་སོ། །དམག་གི་དཔུང་གིས་ཕྱི་བཞིན་བདས་ནས་སླེབ་པ་དང༌། བློན་པོ་དེ་འཕོང་སྐྱེན་པ་ཞིག་པས་འཕྲལ་དུ་མི་བཅོ་བརྒྱད་མདའ་འཕངས་ཏེ་བསད་དོ། །དེ་ནས་སྙེགས་མ་ཡང་སྙེགས་མ་ནུས་པས། བློན་པོ་དེ་ཡང་མིག་འབྱེད་ཀྱི་ཡུལ་དུ་ཕྱིན་ཏེ་རྒྱལ་པོ་མིག་འབྱེད་ལ་ཕྱག་འཚལ་ནས་གཏམ་བྱས་ཏེ་རྒྱལ་པོ་དགའ་བས་དེ་ཡང་བློན་པོར་བཅུག་གོ །དེ་ནས་རྒྱལ་པོ་དེ་བཀའ་མི་ཉན་ནོ། །ཞེས་གསོལ་ནས་བློན་པོ་རྣམས་ལ་རྒྱལ་པོ་དེ་ང་དབང་བ་ལ་མ་གཏོགས་སམ་ཞེས་དྲིས་ན། དེ་ལ་རྒྱལ་པོ་མི་དབང་ངོ༌། །ཞེས་གསོལ་ཏོ། །

        དེ་ནས་བློན་པོ་དེས་དཔུང་གི་ཚོགས་བསྡུས་ཏེ་རྒྱལ་པོ་དེ་ད་བབ་པར་གསོལ་པ་དང༌། རྒྱལ་པོས་ཀྱང་དེ་བཞིན་དུ་གནང་ངོ༌། །དེ་ནས་དཔུང་གི་ཚོགས་མཆོག་རྣམས་བསྡུས་ཏེ་པ་ལ་ད་བར་ནེའི་ཡུལ་དུ་འདོང་ངོ༌། །ཞེས་འགྲོ་བའི་ཞག་དུས་ཕོག་གོ །དེའི་ཚེ་རྒྱལ་པོ་དེས་ཀྱང་དཔུང་གི་ཚོགས་བདག་གི་ཡུལ་དུ་འོང་ངོ༌། །ཞེས་ཐོས་ནས་རབ་ཏུ་མི་དགའ་སྟེ་སེམས་ཁོང་དུ་ཆུད་ནས་ཅི་བྱ་བའི་གཏོལ་མེད་དེ། གོས་དྲི་མ་ཅན་བགོས་ནས་མུན་ཁང་དུ་ཞུགས་སོ། །དེའི་ཚེ་ཡུལ་དེ་ན་བྲམ་ཟེ་མ་རུངས་པ་ཞིག་ཡོད་པ་དེས་རྒྱལ་པོ་ལ་ཁྱོད་ཅི་མི་དགའ་ན། འདི་ལྟར་མྱ་ངན་བྱེད་ཅེས་དྲིས་པ་དང༌། རྒྱལ་པོས་སྨྲས་པ། ཁྱོད་མ་ཐོས་སམ། །ཁོ་བོའི་བློན་པོ་ལོ་ད་ར་བྲོས་པ། རྒྱལ་པོ་མིག་འབྱེད་ཀྱི་ཡུལ་དུ་འོངས་ནས་ཕྱིར་ཁོ་བོའི་ཡུལ་དུ་དམག་འདྲེན་ནོ། །ཞེས་ཟེར་བས་བདག་མི་དགའོ། །གལ་ཏེ་དམག་དྲངས་ན། བདག་ཅག་ཀྱང་མེད་པར་འགྱུར་རོ། །ཞེས་སྨྲས་པ་དང༌། བྲམ་ཟེས་སྨྲས་པ། བློན་པོ་རྣམས་སྡུས་ཤིག་དང༌། གྲོས་བགྱིའོ། །ཞེས་གསོལ་ཏོ། །དེ་ནས་བློན་པོ་དང་བྲམ་ཟེ་འདུས་ཏེ་བྲམ་ཟེས་སྨྲས་པ། རྒྱལ་པོ་མིག་འབྱེད་དེ་བདག་གི་ཕ་མ་མ་གཏོགས་པར་གཞན་ཅི་ལ་ཡང་མ་ཆགས་ཏེ་སྦྱིན་པ་བྱེད་དོ། །ཞེས་ཐོས་ཀྱི། ཡུལ་འདི་ན་བྲམ་ཟེ་ལོང་བ་ཞིག་ཡོད་པ་དེ། རྒྱལ་པོ་དེ་ལ་མིག་ཡ་གཅིག་སློང་དུ་གཏང་ངོ༌། །གལ་ཏེ་མིག་བྱིན་ན་དམག་ཀྱང་མི་འདྲེན་པར་འགྱུར་རོ། །ཞེས་བགྲོས་ཏེ་རྒྱལ་པོ་ལ་གསོལ་པ་དང༌། རྒྱལ་པོས་ཀྱང་དེ་བཞིན་དུ་བྱའོ། །ཞེས་སྨྲས་ནས་བྲམ་ཟེ་ལོང་བ་འབོད་དུ་བཏང་ངོ༌། །བྲམ་ཟེ་ལོང་བ་འོངས་ནས་རྒྱལ་པོས་ལོང་བ་ལ་འདི་སྐད་ཅེས་སྨྲས་སོ། །ཁོ་བོ་ཁྱོད་ལ་སྒྲུབ་ཏུ་གསོལ་བ་ཞིག་ཡོད་ཀྱི། ཁྱོད་ཀྱིས་བྱ་དགོས་སོ། །ཞེས་བསྒོ་བ་དང༌། བྲམ་ཟེ་ལོང་བས་སྨྲས་པ། བདག་མིག་གཉིས་ཀ་མདོངས་ན། ཅི་ཞིག་སྒྲུབ་ཏུ་ནུས་ཞེས་གསོལ་ཏོ། །རྒྱལ་པོས་བསྒོ་བ། རྒྱལ་པོ་མིག་འབྱེད་དཔུང་གི་ཚོགས་བཤམས་ཏེ་འདིར་འོངས་པས། ཁོ་བོ་ནི། བཞོན་པས་བྲོས་ཀྱང་ཐར་ན། ཁྱོད་མིག་མེད་པར་གར་འབྲོས། རྒྱལ་པོ་དེ་སྦྱིན་པ་གཏོང་བ་ལ་ཕ་རོལ་གྱི་ཡིད་དང་མི་འགལ་བར་གཏོང་ངོ༌། །ཞེས་གྲག་གོ །ཁྱོད་སོང་ལ་དེའི་མིག་སློངས་ཤིག་དང་གལ་ཏེ་སྟེར་ན་དམག་ཀྱང་མི་འོང་བར་འགྱུར་གྱི། ཁྱོད་མིག་སློང་དུ་སོང་ཞིག་ཅེས་བསྒོ་བ་དང༌། བྲམ་ཟེས་བདག་མིག་མི་མཐོང་ན། ཇི་ལྟར་མཆི་ཞེས་གསོལ་ཏོ། །རྒྱལ་པོས་བསྒོ་བ་ཁྱོད་སོང་ཞིག་དང༌། ལམ་རྒྱགས་དང༌། ལམ་འདྲེན་པ་དང༌། ཡོ་བྱད་གཞན་ཡང་ཅི་དགོས་པ་སྦྱར་རོ། །གལ་ཏེ་མིག་ཐོབ་ན། བྱ་དགའ་ཡང་ཆེར་སྦྱིན་ནོ། །ཞེས་བསྒོ་ནས་སོང་ངོ༌། །དེའི་ཚེ་ན་རྒྱལ་པོ་མིག་འབྱེད་ཀྱི་ཡུལ་དུ་ལྟས་ངན་རྣམ་པ་སྣ་ཚོགས་བྱུང་ངོ༌། །འདི་ལྟ་སྟེ་གནམ་གྲུམ་པ་དང༌། གནམ་ལྕགས་འབབ་པ་དང༌། སྐར་མ་ལྟུང་བ་དང༌། ནམ་རྨུགས་པ་དང༌། གནམ་ལྕགས་བབ་ནས་ས་ཀུན་གས་པ་དང༌། བྱ་རྣམས་ནམ་མཁའ་ལ་དུ་བའི་སྐད་འབྱིན་ཅིང་ས་ལ་ལྟུང་བ་དང༌། སེངྒེ་དང༌། སྟག་དང༌། འཕར་སྦྱང་དག་སྙིང་རྗེ་བའི་སྐད་འབྱེན་ཅིང༌།མིའི་ནང་དུ་འོངས་ཏེ་ས་ལ་འགྲེ་བ་ལ་སོགས་པའི་ལྟས་ངན་པ་སྣ་ཚོགས་བྱུང་ངོ༌། །དེ་ནས་བྲམ་ཟེ་ལོང་བ་ཡང་མཐར་གྱིས་ཡུལ་དེར་ཕྱིན་ཏེ་ཕོ་བྲང་གི་སྒོར་འོངས་ནས་སྐད་ཆེན་པོས་འདི་སྐད་ཅེས་སྨྲས་སོ། །བདག་ནི། ཡུལ་གཞན་ནས་འདིར་མཆིས་ཏེ་རྒྱལ་པོ་ཁྱོད་ཀྱི་ཡོན་ཏན་ཀུན་ཏུ་གྲགས་པ་ནི། སློད་པ་འོངས་ན་ཅི་ཡང་གཏོང་སྟེ་སློང་བའི་ཡིད་དང་མི་འགལ་བར་མཛད་ཅེས་ཐོས་པས་ཉོན་མོངས་པ་དང་བསྡོས་ཏེ་འདིར་སློང་དུ་འོངས་ཀྱི། ཅི་འདོད་པ་བྱིན་ཅིག་ཅེས་སྨྲས་སོ། །རྒྱལ་པོས་དེ་སྐད་ཅེས་སྨྲས་པ་ཐོས་ནས་བསུས་ཏེ་ཁྱོད་ལམ་ན་ངལ་བར་མ་གྱུར་ཏམ། ཉོན་མ་མོངས་སམ། བདེ་བར་འོངས་སམ་ཞེས་སྤྲོ་བའི་ཚིག་སྨྲས་ནས་རྒྱལ་སྲིད་དམ། རིན་པོ་ཆེའམ། རྟའམ། ཐེག་པའམ། གོས་སམ། བཟའ་བའམ། བཏུང་བའམ། ནད་ཀྱི་རྐྱེན་རྩིའམ། ཅི་དང་ཅི་དགོས་པ་སློངས་ཤིག་དང༌། དེ་དང་དེ་དག་ཆོག་པར་སྦྱིན་ནོ། །ཞེས་སྨྲས་པ་དང༌། བྲམ་ཟེས་སྨྲས་པ། ཕྱི་རོལ་གྱི་ཟང་ཟིང་བྱིན་པས་ནི། བསོད་ནམས་ཀྱི་དམ་པར་མི་འགྱུར་གྱི། ནང་གི་སྦྱིན་པ་བྱས་ན་འབྲས་བུ་ཆེ་སྟེ། བདག་མིག་སྟོར་ནས་ཡུན་རིང་དུ་ལོན་པས་རྟག་ཏུ་མདོངས་ཤིང་འཐོམ་པར་གྱུར་གྱི། བདག་ནི། རྒྱལ་པོའི་སྤྱན་འཚལ་ལོ། །ཞེས་སྨྲས་སོ། །

        དེ་སྐད་ཅེས་སྨྲས་པ་ལ་རྒྱལ་པོ་རབ་ཏུ་དགའ་ནས་བྲམ་ཟེ་ལ་ཁྱོད་མིག་འདོད་ན་སྦྱིན་ནོ། །ཞེས་བསྒོའོ། །བྲམ་ཟེས་སྨྲས་པ། རྒྱལ་པོས་བདག་ལ་སྩལ་ན་ནམ་སྩལ་ཅེས་སྨྲས་པ་དང༌། ད་སྟེ་ཞག་བདུན་ན་མིག་སྦྱིན་ནོ། །ཞེས་བསྒོས་ནས་དྲིལ་བསྒྲགས་ཏེ། རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་ཡང་སྦྲན་ཏོ། །རྒྱལ་པོ་མིག་འབྱེད་ད་སྟེ་ཞག་བདུན་ན་བྲམ་ཟེ་ལ་མིག་གི་སྦྱིན་པ་བྱེད་ཀྱི། ལྟ་འདོད་ན་ཐམས་ཅད་ཤོག་ཅིག་ཅེས་བསྒོའོ། །དེའི་ཚེ་ན་འཛམ་བུའི་གླིང་གི་མི་དག་དེ་སྐད་བསྒོ་བ་ཐོས་ནས་ཐམས་ཅད་མྱུར་བར་དེར་ལྷགས་སོ། །རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་སྙེད་ཀྱང་སོ་སོའི་བློན་པོ་དང་ཆས་ཏེ་རྒྱལ་པོའི་ཐད་དུ་ལྷགས་ནས་ལྟོ་བ་ས་ལ་ཕ་བ་སྟེ་མཆི་མ་བླགས་ནས་འདི་སྐད་ཅེས་གསོལ་ཏོ། །བདག་ཅག་འཛམ་བུའི་གླིང་གི་མི་ཐམས་ཅད་རྒྱལ་པོ་ལ་བརྟེན་ནས་འཚོ་ན། ཅིའི་སླད་དུ་མི་གཅིག་གི་ཕྱིར་བདག་ཅག་ཀུན་སྤངས་ཞེས་གསོལ་ཏོ། །བློན་པོ་རྣམས་དང༌། བཙུན་མོ་དང༌། ཕོ་བྲང་གི་སླས་རྣམས་ཀྱང་མགོ་བོ་ས་ལ་རྡེབ་ཅིང་ས་ལ་ཁ་བུག་ཏུ་ཉལ་ནས་བྲམ་ཟེ་མི་གཅིག་གི་སླད་དུ་བདག་ཅག་ཀུན་མ་སྤོངས་ཤིག་ཅེས་གསོལ་ནས་ཚེ་ངེས་འདེབས་སོ། །རྒྱལ་བུ་ལྔ་བརྒྱ་རྣམས་ཀྱང་དུས་ནས་བདག་ཅག་ལ་མགོན་མ་མཆིས་སོ། །སྐྱབས་མ་མཆིས་སོ། །ཐུགས་བརྩེ་བའི་སླད་དུ་སྤྱན་གྱི་སྦྱིན་གཏོང་མཛད་པའི་ཐུགས་སླར་ལྡོག་ཏུ་གསོལ། རྒྱལ་ཚབ་ཚུལ་ཁྲིམས་བཟང་པོས་འདི་སྐད་ཅེས་གསོལ་ཏོ། །རྒྱལ་པོ་ཡབ་ཀྱི་སྦྱིན་པར་བདག་གི་མིག་འདི་སྩལ་དུ་གསོལ། བདག་གུམ་པ་ནི། ཚོད་མཆིས་ཀྱི། ཡབ་སྤྱན་མི་མངའ་བར་གྱུར་ན་འཛམ་བུའི་གླིང་གི་མི་ཐམས་ཅད་མགོ་ནམ་མཆིས་ཏེ། དཔུང་གཉེན་མེད་པར་འགྱུར་རོ། །ཞེས་གསོལ་པ་དང༌། རྒྱལ་པོས་རྒྱལ་ཕྲན་དང༌། བློན་པོ་དང༌། བཙུན་མོ་དང༌། རྒྱལ་བུ་རྣམས་ལ་འདི་སྐད་ཅེས་བསྒོའོ། །ང་ནི། སྐྱེ་བ་ཡུན་རིང་པོར་ལུས་འདིས་སྐྱེ་བ་ཅི་ཡང་མྱོང་སྟེ། རུས་བ་སྤུངས་ན་རི་རབ་བས་མཐོ། །ཁྲག་བསགས་ན་རྒྱ་མཚོ་བཞི་བས་མང༌། མའི་ནུ་ཞོ་འཐུངས་པ་ཡང་ཆུ་བོ་བཞི་བས་ཆེ་སྟེ། འདོད་པ་དང་བྱེ་བྲལ་ནས་དུས་པའི་མཆི་མ་ཡང་རྒྱ་མཚོ་དང་མཉམ་མོ། །སེམས་ཅན་དམྱལ་བར་ཡང་བསྲེགས་པ་དང༌། བཙོས་པ་དང༌། མིག་ཕྱུང་བའི་གྲངས་ཀྱང་ཤིན་ཏུ་མང༌། ཡི་དྭགས་ཀྱི་ཁམས་སུ་ལུས་རྣམ་པ་སྣ་ཚོགས་མྱོང་སྟེ། ལུས་ལ་མེ་འབར་བ་ནས་ལུས་དང་མིག་བཅས་སུ་ཚིག་པ་ཡང་གྲངས་མེད། དུད་འགྲོའི་སྐྱེ་གནས་སུ་གཅིག་ལ་གཅིག་གསོད་ཅིང་འཆི་བས་ཀྱང་ལུས་གྲངས་མེད་པ་ཞིག་ཆུད་ཟོས། མིའི་ནང་དུ་སྐྱེས་པ་ན་ཤི་མ་རན་པར་ཤི་བའི་གྲངས་ནི། མང༌། ཚེའི་མཐར་ཐུག་པའི་དུས་ནི། ཉུང་སྟེ། འདོད་པ་ལ་ཆགས་པས་གཅིག་ལ་གཅིག་གསོད་ཅིང་གནོད་པར་བྱེད་དོ། །དེར་ཡང་ལུས་དང་མིག་གྲངས་མེད་པ་ཞིག་ཆུད་གཟན་ན། གལ་ཏེ་ལྷར་སྐྱེས་ན་ཡང་རིང་པོར་མི་ཐུབ་སྟེ། མདོར་ན་ཁམས་གསུམ་གྱི་རྒྱུད་དྲུག་ཏུ་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་གི་རྡུལ་ཕྲ་མོ་སྙེད་ཀྱི་ལུས་ཆུད་ཟོས་ན། ལན་འགའ་ཡང་སྦྱིན་པ་མ་བྱས་ཏེ་སངས་རྒྱས་ཀྱི་བྱང་ཆུབ་བཙལ་མ་མྱོང་ངོ༌། །ཤིན་ཏུ་བཙོག་ཅིང་མནམ་པའི་མིག་འདི་དེའུ་རེ་རུལ་ཅིང་འཇིག་པས། ད་སྦྱིན་པ་བྱ་བའི་རིགས་ཀྱི་མི་སྦྱིན་པའི་མི་རིགས་ཏེ། ཤའི་མིག་འདི་བྱིན་ལ་སངས་རྒྱས་རྣམ་པ་ཐམས་ཅད་མཁྱེན་པའི་སྤྱན་ཐོབ་པར་བྱའོ། །ནམ་ངའི་སྨོན་ལམ་གྲུབ་ན། ཁྱེད་ལ་ཡང་རྣམ་པར་དག་པའི་ཆོས་ཀྱི་སྦྱིན་པ་བྱའོ། །ཁྱེད་ངའི་བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་ཀྱི་བར་དུ་མ་གཅོད་ཅིག་ཅེས་བསྒོ་བ་དང༌། འཁོར་ཐམས་ཅད་ཅང་མི་ཟེར་བར་འཁོད་དོ། །

        དེ་ནས་བློན་པོ་རྣམས་ལ་ཁྱེད་ལས་གཅིག་གིས་ངའི་མིག་ཕྱུང་ཞིག་ཅེས་བསྒོ་ན། དེ་དག་གིས་བདག་ཅག་གི་ལུས་རྡུལ་དུ་བགྱིས་ཀྱང་རྒྱལ་པོའི་བ་སྤུ་གཅིག་ཙམ་ཡང་འབྱིན་མི་ཕོད་ན། རྒྱལ་པོའི་སྤྱན་ལ་ལག་དར་བ་ལྟ་ཅི་སྨོས་ཞེས་གསོལ་ཏོ། །རྒྱལ་པོས་ཡང་བསྒོ་བ། ཁྱེད་ཀྱིས་མི་གང་ཤ་མདོག་ནག་ལ། མིག་འོག་ནས་མིག་ཚུགས་སུ་ལྟ་བ་ཞིག་ཚོལ་ཅིག་ཅེས་བསྒོ་བ་དང༌། ཤ་ཚུགས་དེ་འདྲ་བ་ཞིག་རྙེད་ནས་རྒྱལ་པོས་དེའི་ལག་ཏུ་གྲི་བྱིན་ཏེ་ངའི་མིག་ཕྱུང་ཞིག་ཅེས་བསྒོ་ནས། དེས་རྒྱལ་པོའི་མིག་ཡ་གཅིག་ཕྱུང་སྟེ་རྒྱལ་པོའི་ལག་ཏུ་བཞག་གོ །རྒྱལ་པོས་མིག་ལག་ཏུ་བཞག་ནས་འདི་སྐད་ཅེས་སྨོན་ལམ་བཏབ་བོ། །བདག་གི་མིག་སྦྱིན་པ་བྱིན་པ་འདིས་མངོན་པར་འཚང་རྒྱ་བར་ཤོག་ཅིག །གལ་ཏེ་མངོན་པར་འཚང་རྒྱ་ན། བྲམ་ཟེ་ལོང་བ་འདི་ངའི་མིག་ཐོབ་མ་ཐག་ཏུ་མཐོང་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་མ་ཐག་ཏུ་རྒྱལ་པོས་མིག་ཐོགས་པ་བྲམ་ཟེའི་མིག་ཏུ་བཅུག་གོ །དེ་ནས་མོད་ལ་མཐོང་བར་གྱུར་ཏེ། རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །རྒྱལ་པོའི་མིག་འདིས་བདག་མཐོང་བར་གྱུར་ཏེ། མཐོང་བ་འདིས་འཚལ་གྱི། ཡ་གཅིག་ནི། མི་འཚལ་ལོ། །ཞེས་གསོལ་ཏོ། །རྒྱལ་པོས་བསྒོ་པ། ཁོ་པོས་མིག་གཉིས་ཀ་ཁྱོད་ལ་སྦྱིན་པར་བྱས་པས་ཡ་གཅིག་བཞག་ན། སྔར་སྨྲས་པ་དང་འགལ་ལོ། །ཞེས་བསྒོས་ནས་མིག་ཡ་གཅིག་ཀྱང་ཕྱུང་སྟེ་ལག་ཏུ་བླངས་ནས་སྨོན་ལམ་སྔ་མ་བཞིན་དུ་བཏབ་བོ། །བྲམ་ཟེའི་མིག་ཏུ་བཅུག་ནས་བྲམ་ཟེའི་མིག་གཉིས་ཀས་མཐོང་བར་གྱུར་ཏོ། །

        དེའི་ཚེ་ན་གནམ་ས་ཀུན་ཀྱང་གཡོས། ལྷའི་ཕོ་བྲང་ཀུན་ཀྱང་འགུལ་ཞིང་ལྡེག་སྟེ་ལྷ་རྣམས་ངོ་མཚར་དུ་གྱུར་ནས་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔས་མིག་གི་སྦྱིན་པ་བྱས་པར་མཐོང་ནས་སྟེང་གི་ཕྱོགས་ཀྱི་ནམ་མཁའ་ལ་ལྷགས་ཏེ་ལྷ་རྫས་ཀྱི་མེ་ཏོག་དང༌། སྤོས་ཀྱི་མཆོད་པ་བྱས་ནས་ལེགས་སོ་ལེགས་སོ། །ཞེས་བསྟོད་དོ། །བརྒྱ་བྱིན་ཡང་དེར་འོངས་ཏེ་བྱང་ཆུབ་སེམས་དཔའ་ལ་འདི་སྐད་ཅེས་སྨྲས་སོ། །འདི་ལྟར་ཤིན་ཏུ་སྤྱད་དཀའ་བ་བྱ་བ་འདིས་རྣམ་པར་སྨིན་པའི་ལན་ཅི་ཞིག་འདོད། བྱང་ཆུབ་སེམས་དཔས་སྨྲས་པ། བདུད་ཀྱི་རྒྱལ་པོའམ། ཚངས་པའམ། བརྒྱ་བྱིན་ནམ། རྒྱལ་ཆེན་བཞིའམ། འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལ་སོགས་ཁམས་གསུམ་གྱི་བདེ་བ་འདོད་པ་མ་ཡིན་གྱི། བསོད་ནམས་འདིས་མངོན་པར་བྱང་ཆུབ་ནས་སེམས་ཅན་ཐམས་ཅད་མྱ་ངན་ལས་འདས་པའི་བདེ་བ་ལ་དགོད་པའི་ཕྱིར་རོ། །བརྒྱ་བྱིན་གྱིས་ཡང་སྨྲས་པ། འདི་ལྟར་མིག་ཕྱུང་བ་འདི་རབ་ཏུ་སྡུག་བསྔལ་བར་གྱུར་ན་འགྱོད་པའམ། ཁྲོ་བའི་སེམས་མ་བྱུང་ངམ། རྒྱལ་པོས་སྨྲས་པ། འགྱོད་པ་ཡང་མེད། ཁྲོ་བའི་བག་ཀྱང་མེད་དོ། །བརྒྱ་བྱིན་གྱིས་སྨྲས་པ། བདག་གིས་བལྟས་ན། མིག་གཉིས་ནས་ཁྲག་ཟག་ཅིང་མདོག་ཀྱང་གྱུར་བཞིན་དུ་འགྱོད་པ་མེད་ཅེས་ཟེར་བ་ནི། ཡིད་ཆེས་པར་དཀའོ། །རྒྱལ་པོས་སྨྲས་པ། བདག་གིས་མིག་བྱིན་པ་འདི་ལ་འགྱོད་པ་ཡང་མེད་ལ། བླ་ན་མེད་པའི་བྱང་ཆུབ་ཀྱང་ཐོབ་པར་འགྱུར་ཞེ་ན། བདེན་པར་སྨྲས་པ་འདིས་བདག་གི་མིག་གཉིས་སྔོན་བཞིན་མཐོང་བར་གྱུར་ཅིག་ཅེས་སྨྲས་མ་ཐག་ཏུ་མིག་གཉིས་སྔོན་པས་ཀྱང་གསལ་བར་གྱུར་པས། དེའི་ཚེ་ན་ལྷ་དང་མི་ཐམས་ཅད་རབ་ཏུ་དགའ་ཞིང་མགུ་རངས་པར་གྱུར་ཏོ། །

        དེ་ནས་རྒྱལ་པོས་བྲམ་ཟེ་ལ་བསྒོ་བ། ངས་མིག་བྱིན་པས་ཁྱོད་ཀྱང་མཐོང་བར་གྱུར་གྱི། ནམ་སངས་རྒྱས་པ་ན་ཡང་ཁྱོད་ལ་ཆོས་ཀྱི་མིག་སྦྱིན་པར་བྱའོ། །རིན་པོ་ཆེ་འདི་དག་ཀྱང་ཁྱེར་ལ་ཕྱིར་སོང་ཞིག་ཅེས་བསྒོའོ། །བྲམ་ཟེ་མིག་དང༌། རིན་པོ་ཆེ་ཐོབ་ནས་ཕྱིར་ཆས་ཏེ་ཡུལ་དུ་ཕྱིན་པ་དང༌། རྒྱལ་པོ་ཉིད་ཀྱིས་ཀྱང་བསུས་ནས་ཕྲད་མ་ཐག་ཏུ་མིག་ཐོབ་བམ་ཞེས་དྲིས་སོ། །བྲམ་ཟེས་སྨྲས་པ། མིག་ཀྱང་ཐོབ་ནས་བདག་ཀྱང་འདི་ལྟར་མཐོང་བར་གྱུར་ཏོ། །རྒྱལ་པོས་སྨྲས་པ། འོ་ན་ད་ལྟར་ཚེ་འཕོས་སམ་མ་འཕོས། སྨྲས་པ། ལྷ་རྣམས་དེར་ལྷགས་ནས་སྨོན་ལམ་བཏབ་པས། མིག་གཉིས་སྔོན་བས་ཀྱང་གསལ་བར་མཐོང་བར་གྱུར་ཏོ། །

        རྒྱལ་པོ་བ་ལ་ད་བར་ནས་དེ་སྐད་ཅེས་སྨྲས་པ་ཐོས་ནས་འཁམས་ཏེ་སྙིང་གས་ཏེ་ཚེ་འཕོས་སོ། །ཀུན་དགའ་བོ། །དེའི་ཚེ་དེའི་དུས་ན་རྒྱལ་པོ་སྤྱན་འབྱེད་ཞེས་བྱ་བ་དེ་ནི། ད་ལྟར་ང་ཡིན་ནོ། །བ་ལ་ད་བར་ནི། ལྷས་བྱིན་ཡིན་ནོ། །བྲམ་ཟེ་མིག་སློང་བ་དེ་ནི། ད་ལྟར་གྱི་བྲམ་ཟེ་ལོང་བ་དགྲ་བཅོམ་པ་ཐོབ་པ་ཡིན་ཏེ། སྔོན་ཡང་མིག་བྱིན་པ་ནས་ད་ལྟར་གྱི་པར་དུ་ཡང་ཤེས་རབ་ཀྱི་མིག་བྱིན་ཏེ། ཁྱེད་ཀྱི་ཕྱིར་སྐྱེ་བ་ཐམས་ཅད་དུ་དཀའ་བ་སྤྱད་ནས་མངོན་པར་སངས་རྒྱས་སོ། །ཁྱེད་ཀྱང་འབྱུང་བའི་ལམ་ལ་བརྩོན་འགྲུས་ཀྱིས་ཤིག །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་འཁོར་མང་པོ་རྣམས་ཁ་ཅིག་གིས་རྒྱུན་དུ་ཞུགས་པ་དང༌། ལན་གཅིག་ཕྱིར་ལྡོག་པ་དང༌། ཕྱིར་མི་ལྡོག་པ་དང༌། དགྲ་བཅོམ་པ་ཐོབ་པར་གྱུར་ཏོ། །ཁ་ཅིག་གིས་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ཀུན་དགའ་བོ་དང༌། འཁོར་མང་པོ་རྣམས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་རྗེས་སུ་ཡི་རང་ནས་མངོན་བར་དགའོ། །རྒྱལ་པོ་མིག་འབྱེད་ཀྱི་ལེའུ་སྟེ་སུམ་ཅུ་ལྔ་པའོ།། །།

                                                                             རྩོམ་སྒྲིག་པ། མང་ར་བ།
       གསལ་འདེབས། 
            རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
            དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།