ཁྱིམ་བདག་སྡུམས་བྱེད་ཀྱི་ལེའུ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-10-28 21:06:25         ཀློག་ཐེངས།  

689420208700074442.jpg

        འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་དགེ་སློང་གི་དགེ་འདུན་ཆེན་པོ་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་དང་ཐབས་ཅིག་ཏུ་བཞུགས་སོ། །དེའི་ཚེ་ཡུལ་དེ་ན་སྤྲང་པོ་ལྔ་བརྒྱ་ཞིག་རྟག་ཏུ་སངས་རྒྱས་དང༌། དགེ་འདུན་ལ་བརྟེན་ཏེ་འཚོའོ། །ཕྱིས་སྤྲང་པོ་དེ་དག་འདི་སྙམ་དུ་བསམས་སོ། །ད་བདག་ཅག་སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་འབྱུང་ངོ་སྙམ་ནས་སངས་རྒྱས་གང་ན་བ་དེར་ལྷགས་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བདག་ཅག་ནི། སངས་རྒྱས་དང༌། དགེ་འདུན་གྱི་ཐུགས་རྗེས་འཚོ་བར་གྱུར་ཏེ། ད་བདག་ཅག་རབ་ཏུ་འབྱུང་ངོ༌། །ཞེས་གསོལ་པ་དང༌། དེ་ལ་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །ངས་བསྟན་པའི་ཆོས་ནི། རྣམ་པར་དག་པ་སྟེ། བཙན་ཉན་དང༌། ཕྱུག་དབུལ་མེད་དེ། དཔེར་ན། ཆུ་དང་འདྲ་བས་ན། བཙན་ཉན་དང༌། ཕྱུག་དབུལ་དང༌། བཟང་ངན་ཀུན་འཁྲུ་སྟེ། ཆུས་བཀྲུས་ན་མི་འདག་པ་མེད་དོ། །དཔེར་ན། མེ་དང་འདྲ་སྟེ། རི་དང༌། བྲག་དང༌། གནམ་སའི་བར་ན་དངོས་པོ་ཆེན་པོ་དང༌། ཆུང་དུ་གང་ཡང་མི་འཚིག་པ་མེད་དོ། །གཞན་ཡང་ངའི་ཆོས་ནི། ནམ་མཁའ་དང་འདྲ་སྟེ། སྐྱེས་པ་དང༌། བུད་མེད་དང༌། ཁྱེའུ་དང༌། བུ་མོ་དང༌། ཕྱུག་པོ་དང༌། དབུལ་པོ་དང༌། གང་སུ་ཡང་རུང་མི་ཆད་པ་མེད་དེ། ཡིད་བཞིན་དུ་སྤྱོད་དུ་གནང་ངོ༌། །ཞེས་སྦྲེང་པོ་རྣམས་ཀྱིས་ཐོས་ནས་རབ་ཏུ་དགའ་མགུ་རངས་ཏེ་ལྷག་པར་སངས་རྒྱས་ལ་རབ་ཏུ་འབྱུང་ངོ་ཞེས་གསོལ་བ་དང༌། བཅོམ་ལྡན་འདས་ཀྱིས་བདེ་བར་འོངས་སོ། །ཞེས་བཀའ་སྩལ་པ་ཙམ་གྱིས་སྐྲ་དང་ཁ་སྤུ་རང་བྱི་སྟེ་དུར་སྨྲིག་གྱོན་པའི་དགེ་སློང་དུ་གྱུར་ནས་བསྙེན་པར་རྫོགས་སོ། །

        བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པས་ལུས་དང་སེམས་རྣམ་པར་གྲོལ་ཏེ་ཟག་པ་ཟད་ནས་དགྲ་བཅོམ་པར་གྱུར་ཏོ། །དེའི་ཚེ་ན་ཡུལ་དེ་ན་གནས་པའི་ཁྱིམ་བདག་དང༌། ཚོང་དཔོན་རིགས་ཆེ་ཞིང་མཐོ་བ་རྣམས་མུ་ཏོ་བ་དག་སངས་རྒྱས་ཀྱིས་རབ་ཏུ་ཕྱུང་ངོ༌། །ཞེས་ཐོས་ནས་བརྙས་ཤིང་དཔྱས་པར་གྱུར་ཏེ་འདི་སྐད་དུ། གལ་ཏེ་བདག་ཅག་བཅོམ་ལྡན་འདས་དང༌། འཕགས་པའི་དགེ་འདུན་སྤྱན་འདྲེན་ཅིང་བསོད་ནམས་བྱེད་ན། རིགས་ངན་མུ་ཏོ་བ་ལས་རབ་ཏུ་བྱུང་བ་དེ་དག་ཇི་ལྟ་བུར་བདག་ཅག་གི་སྟན་ལ་གཞག་ཅིང་སྣོད་ལ་འབག་པར་བྱ་ཞེས་སྨྲས་སོ། །དེའི་ཚེ་རྒྱལ་བུ་རྒྱལ་བྱེད་ཀྱིས་སངས་རྒྱས་དང་དགེ་འདུན་རྣམས་བཤོས་ལ་སྤྱན་དྲངས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །སངས་རྒྱས་དང་དགེ་འདུན་རྣམས་སྤྱན་འདྲེན་གྱི། མུ་ཏོ་བ་ལས་གསར་དུ་ཞུགས་པ་རྣམས་ནི། མ་ལགས་སོ། །ཕྱི་ཉིན་གདུགས་ཚོད་ཀྱི་ཐད་ཀར་སངས་རྒྱས་དང༌། དགེ་འདུན་སྤྱན་དྲངས་ནས་གཤེགས་པ་དང་མུ་ཏོ་བའི་དགེ་སློང་མ་བོས་པ་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཁྱེད་ནི། ཡོན་བདག་གིས་མ་བོས་ཀྱི། བྱང་གི་སྒྲ་མི་སྙན་དུ་དེངས་ལ་ས་བོན་མ་བཏབ་མ་རྨོས་པར་རང་སྐྱེས་པའི་འབྲས་ལོངས་ལ། ཡོན་བདག་གི་ཁྱིམ་དུ་ཟར་ཤོག་ཅིག་ཅེས་བཀའ་སྩལ་ཏོ། །དགེ་སློང་དེ་དག་བཀའ་སྩལ་པ་བཞིན་དུ་དགྲ་བཅོམ་པའི་རྫུ་འཕྲུལ་གྱིས་བྱང་གི་སྒྲ་མི་སྙན་དུ་སོ་སོ་ནས་འབྲས་ཀྱིས་ལྷུང་བཟེད་བཀང་སྟེ་སྤྱོད་ལམ་མཛེས་པར་སྟེང་གི་ནམ་མཁའ་ལས་ངང་པའི་རྒྱལ་པོ་ལྟར་རྒྱལ་བུ་རྒྱལ་བྱེད་ཀྱི་ཁྱིམ་དུ་ལྷགས་ནས་རིམ་བཞིན་དུ་འཁོད་དེ་འབྲས་ལ་ཟའོ། །དེའི་ཚེ་ན་རྒྱལ་བུ་རྒྱལ་བྱེད་ཀྱིས་དགེ་སློང་དེ་དག་སྤྱོད་ལམ་མཛེས་པར་རྫུ་འཕྲུལ་གྱི་སྟོབས་ཀྱིས་ནམ་མཁའ་ལས་འོངས་པར་མཐོང་ནས་ལྷག་པར་དགའ་རངས་ཏེ་ངོ་མཚར་རྨད་དུ་གྱུར་ནས་བཅོམ་ལྡན་འདས་ལ་འདི་ལྟ་བུའི་འཕགས་པ་གཟི་བརྗིད་དང་ཡོན་ཏན་དུ་ལྡན་པ། སྤྱོད་ལམ་མཛེས་པར་ལྷག་པ་ཕྱོགས་གང་ནས་མཆིས་ཞེས་གསོལ་བ་དང༌། བཅོམ་ལྡན་འདས་ཀྱིས་རྒྱལ་བུ་རྒྱལ་བྱེད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འདི་དག་ཤེས་པར་འདོད་ན་ལེགས་པར་ཉོན་ཅིག་དང༌།ཁྱོད་ལ་བསྟན་པར་བྱའོ། །དགེ་སློང་འདི་དག་ནི། རྒྱལ་བུས་མ་བོས་པའི་དགེ་སློང་དག་ཡིན་ཏེ། རྒྱལ་བུས་མ་བོས་པས་སོ་སོ་ནས་བྱང་གི་སྒྲ་མི་སྙན་ནས་འབྲས་བླངས་ནས་ཟ་བ་ཡིན་ནོ། །

        དེ་ནས་རྒྱལ་བུ་རྒྱལ་བྱེད་ཀྱིས་དེ་སྐད་ཅེས་གསུངས་པ་ཐོས་ནས་ཤིན་ཏུ་ངོ་ཚ་ཞིང་འགྱོད་དེ། བདག་ནི། གཏི་མུག་གིས་ལྡོངས་པས་འཕགས་པ་ངོ་མ་འཚལ་ཏོ། །ཞེས་སྨྲས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱི་ཡོན་ཏན་ནི། བསམ་གྱིས་མི་ཁྱབ་སྟེ། སྤྲང་པོ་འདི་དག་ནི། ཡུལ་འདི་དག་ན་ཤིན་ཏུ་ཡང་རིགས་ཆུང་ཞིང་ངན་པ་ལགས་ན། འདིར་འཇིག་རྟེན་འདིའི་བདེ་བ་ཡང་ཐོབ་ལ། ཡུན་རིང་པོའི་ཡོན་ཡང་རྙེད་པར་གྱུར་ཏེ། བཅོམ་ལྡན་འདས་འཇིག་རྟེན་དུ་གཤེགས་པ་ནི། དོན་འདི་དག་དབང་ཞིག་གི་སླད་དུ་གཤེགས་སོ། །གཞན་ཡང་བཅོམ་ལྡན་འདས། སྤྲང་པོ་འདི་སྔོན་དགེ་བའི་རྩ་བ་ཅི་བསྲུངས་ཤིང༌། བསོད་ནམས་ཀྱི་ལས་གང་ལ་ནན་ཏན་བགྱིས་པས། བཅོམ་ལྡན་འདས་དང་ཕྲད་དེ་རྣམ་པར་གྲོལ་བར་གྱུར། སྡིག་པ་ཅི་བགྱིས་ན། ཐོག་མར་བཙས་ནས་སྤྲང་པོར་སྐྱེས་ཏེ་དབུལ་ཕོངས་པར་གྱུར། བཅོམ་ལྡན་འདས་ཀྱིས་རྒྱལ་བུ་རྒྱལ་བྱེད་ལ་བཀའ་སྩལ་པ། སྔོན་འདས་པའི་བསྐལ་པ་ཚད་མེད། གྲངས་མེད། བསམ་གྱིས་མི་ཁྱབ་པ་འདས་པའི་ཕ་རོལ་ན་འཛམ་བུའི་གླིང་འདིར་གྲོང་ཁྱེར་ཝཱ་ར་ཎ་སི་ཞེས་བྱ་བ་ན་རི་དྲང་སྲོང་ལྷ་ལས་ཞེས་བྱ་བ་ལ་སྔོན་ཡང་རང་སངས་རྒྱས་མང་པོ་བཞུགས་བཞུགས་ཏེ། སངས་རྒྱས་འཇིག་རྟེན་དུ་མ་གཤེགས་པ་ན་ཡང་རང་སངས་རྒྱས་དག་དེ་ན་གནས་ཏེ། རི་དེ་ལའང་སངས་རྒྱས་མེད་ན་ཡང་ལྔ་མངོན་པར་ཤེས་པའི་དྲང་སྲོང་དག་གནས་སོ། །

        དེའི་ཚེ་ན་རི་དེ་ལ་དྲང་སྲོང་ཉིས་སྟོང་ཞིག་གནས་ཏེ། ཕྱི་ཞིག་ན་ལྟས་མཁན་དག་གིས་ལོ་བཅུ་གཉིས་ཀྱི་བར་དུ་ཆར་མི་འབབ་བོ། །ཞེས་ལུང་བསྟན་པ་དང༌། དེའི་ཚེ་ན་ཡུལ་དེ་ན་ཁྱིམ་བདག་ཕྱུག་པོ་ལོངས་སྤྱོད་དང་ལྡན་པ་སྡུམས་བྱེད་ཅེས་བྱ་བའི་དྲུང་དུ་སོང་སྟེ་ཁྱིམ་བདག་དེ་ལ་བདག་ཅག་རབ་ཏུ་བྱུང་བ་དྲང་སྲོང་སྟོང་པོ་འདི་དག་གི་ལོ་བཅུ་གཉིས་ཀྱི་ཟས་དང༌། སྐོམ་ཡོད་དམ། དེས་སྨྲས་པ། བདག་ཅག་ལ་མཆིས་ཀྱི། འཕགས་པ་རྣམས་གུད་དུ་མི་གཤེགས་པར་བཞུགས་སུ་གསོལ་ལོ། །དེ་ནས་ཡང་དྲང་སྲོང་སྟོང་ཡང་དེར་ལྷགས་ནས་ཁྱིམ་བདག་སྡུམས་བྱེད་ལ་བདག་ཅག་ལ་ལོ་བཅུ་གཉིས་ཀྱི་བར་དུ་ཟས་དང་སྐོམ་དགོས་སོ། །ཞེས་སྨྲས་པ་དང༌། ཁྱིམ་བདག་གིས་བང་མཛོད་སྲུང་བ་ལ་འཕགས་པ་འདི་རྣམས་ཀྱི་འཚོ་བ་ལོ་བཅུ་གཉིས་ཀྱི་བར་དུ་འབྱོར་ཏམ་ཞེས་དྲིས་ན། མཛོད་སྲུང་གིས་འབྱོར་ཏོ། །ཞེས་གསོལ་ནས་ཁྱིམ་བདག་དེས་དྲང་སྲོང་ཉིས་སྟོང་གི་འཚོ་བ་སྦྱོར་བའི་ལས་མི་ལྔ་བརྒྱ་བསྐོས་ནས་བསོད་སྙོམས་སྤྱོར་དུ་བཅུག་གོ །དེའི་ཚེ་ན་ལས་མི་དག་བསོད་སྙོམས་ཀྱི་གཡོས་བྱེད་པ་ལ་ཡུན་རིང་པར་གྱུར་པས་སྐྱོ་སྟེ་འདི་སྐད་ཅེས་སྨྲས་སོ། །བདག་ཅག་འདི་ལྟར་རྟག་ཏུ་ཉོན་མོངས་པར་གྱུར་པ་ནི། སྤྲང་པོ་འདི་དག་གི་ཕྱིར་རོ། །ཞེས་སྨྲས་སོ། །

        དེའི་ཚེ་ན་ཁྱིམ་བདག་དེས་གདུགས་ཚོད་ལ་རྟག་ཏུ་སྤྱན་འདྲེན་པའི་ལས་མི་གཅིག་ཅིག་བསྐོས་སོ། །སྤྱན་འདྲེན་དེ་ལ་ཁྱི་ཞིག་ཡོད་དོ། །ཁྱི་དེ་ཡང་རྟག་ཏུ་སྤྱན་འདྲེན་གྱི་ཕྱི་བཞིན་དུ་འགྲོ་བ་ལས། ཉིན་གཅིག་སྤྱན་འདྲེན་པ་བརྗེད་པ་དང༌། ཁྱི་དེ་གདུགས་ཚོད་ཀྱི་དུས་སུ་དྲང་སྲོང་དེ་དག་གི་དྲུང་དུ་སོང་ནས་སྐད་ཆེན་པོ་ཕྱུང་སྟེ་ཟུག་པ་དང༌། དྲང་སྲོང་དེ་དག་ཀྱང་ཁྱི་ཟུག་པ་ཐོས་ནས་གདུགས་ཚོད་ལ་བབ་པར་ཤེས་ཏེ་བསོད་སྙོམས་ལ་གཤེགས་སོ། །ཕྱི་ཞིག་ན་དྲང་སྲོང་དེ་དག་བསོད་སྙོམས་ཀྱི་བྱ་བ་བྱས་ནས་ཁྱིམ་བདག་ལ་འདི་སྐད་ཅེས་སྨྲས་སོ། །ཁྱིམ་བདག །ད་ནི། ཆར་པ་འོང་གི །ཞིང་པ་དག་ཞིང་གི་ལས་བྱེད་དུ་ཆུག་ཅིག་ཅེས་བསྒོ་བ་དང༌། ཁྱིམ་བདག་གིས་ཀྱང་ཞིང་པ་རྣམས་ཞིང་གི་ལས་བྱེད་དུ་བཅུག་སྟེ་ནས་དང༌། གྲོ་དང༌། འབྲུ་མང་ཞིག་རྨོས་སོ། །དེ་ནས་ཕྱི་ཞིག་ན་འབྲུ་རྨོས་པའི་རྣམ་པ་ཐམས་ཅད་ཀུ་བར་སྐྱེས་ནས་ཁྱིམ་བདག་ཡ་མཚན་དུ་གྱུར་ཏེ་དྲང་སྲོང་རྣམས་ལ་འདི་དག་དོན་མེད་པར་མི་འགྱུར་རམ་ཞེས་སྨྲས་པ་དང༌། དྲང་སྲོང་གིས་སྨྲས་པ། དོན་མེད་པར་མི་འགྱུར་གྱི། དུས་སུ་ཆུ་བཅུ་བ་ལ་སོགས་ཏེ་ལས་བྱོས་ཤིག་ཅེས་སྨྲས་སོ། །ཕྱིས་རིང་པོ་མ་ལོན་པར་ཀུ་བ་ཀུན་ཆེར་སྐྱེས་ནས་བཀས་ཏེ་བལྟས་ནས་ཅི་དང་ཅི་སྨོས་པ་བཞིན་དུ་དེ་དང་དེ་དག་ཀུ་བའི་ནང་ཀུན་གང་བར་སྐྱེས་ཏེ་ཁྱིམ་བདག་རབ་ཏུ་དགའ་མགུ་ནས་བང་བ་ཀུན་ཀྱང་གང་བར་གྱུར་ཏོ། །ལས་བྱེད་པའི་མི་ལྔ་བརྒྱ་པོ་ཡང་དེ་ལྟ་བུ་དག་མཐོང་ནས་འགྱོད་པའི་སེམས་སྐྱེས་ཏེ། བདག་ཅག་གིས་ནི། ཚིག་ངན་པས་འཕགས་པ་ལ་སྨད་དོ། །ཞེས་འགྱོད་ཚངས་བྱས་ཏེ་སོ་སོ་ནས་བདག་ཅག་ཀྱང་མ་འོངས་པའི་དུས་ན་འཕགས་པ་དང་ཕྲད་ཅིང་རྣམ་པར་གྲོལ་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། །སྤྲང་པོ་ལྔ་བརྒྱ་པོ་འདིས་ཚིག་ངན་པ་སྨྲས་པས། སྐྱེ་བ་ལྔ་བརྒྱའི་བར་དུ་རྟག་ཏུ་སྤྲང་པོར་གྱུར་ཏོ། །འགྱོད་ཚངས་བྱས་ཏེ་སྨོན་ལམ་བཏབ་པས། ང་དང་ཕྲད་དེ་འཁོར་བའི་མཐར་ཕྱིན་ཏོ། །རྒྱལ་བུ། འདི་ལྟར་རིག་པར་བྱའོ། །དེའི་ཚེ་དེའི་དུས་ན་ཁྱིམ་བདག་ཕྱུག་པོ་སྡུམས་བྱེད་དེ་ནི། ང་ཡིན་ནོ། །བང་མཛོད་སྲུང་བ་དེ་ནི། རྒྱལ་བུ་རྒྱལ་བྱེད་ཡིན་ནོ། །ཉིན་གཅིག་བཞིན་དུ་སྤྱན་འདྲེན་པ་དེ་ནི། རྒྱལ་པོ་ཨུ་ཏྲ་ཡ་ན་ཡིན་ནོ། །

        དེའི་ཚེ་ཁྱི་དེ་ནི། ཁྱིམ་བདག་སྐད་སྙན་ཡིན་ཏེ། དེའི་དབང་གིས་སྐྱེ་བ་ཐམས་ཅད་དུ་སྐད་སྙན་པར་གྱུར་ཏོ། །དེའི་ཚེ་ན་ལས་བྱེད་པའི་མི་ལྔ་བརྒྱ་པོ་ནི། དགྲ་བཅོམ་པ་ལྔ་བརྒྱ་པོ་འདི་དག་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་གསུངས་ནས་འཁོར་མང་པོ་རྣམས་ཁ་ཅིག་གིས་ནི། འབྲས་བུ་དང་པོ་ཐོབ་པ་ནས་འབྲས་བུ་བཞི་བའི་བར་དུ་ཐོབ་པར་གྱུར་ཏོ། །ཁ་ཅིག་ནི། བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་རྗེས་སུ་ཡི་རང་ནས་མངོན་པར་དགའོ། །ཁྱིམ་བདག་སྡུམས་བྱེད་ཀྱི་ལེའུ་སྟེ་སུམ་ཅུ་བཞི་པའོ།། །།

                                                                              རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས།
             རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
             དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།