རྒྱལ་པོ་མེ་ལོང་གདོང་གི་ལེའུ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-10-28 20:48:05         ཀློག་ཐེངས།  

518264961552280540.jpg

        འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ནྱ་གྲོ་དྷའི་ཚལ་ན་བཞུགས་སོ། །དེའི་ཚེ་བཅོམ་ལྡན་འདས་ཚངས་པ་དང༌། བརྒྱ་བྱིན་ལ་སོགས་པས་བསྐོར་ཅིང་བཞུགས་པ་ལས། བཅོམ་ལྡན་འདས་ཀྱི་མཚོན་དང༌། དཔེ་བྱད་དང༌། གསེར་གྱི་མདོག་ལྟ་བུའི་སྐུ་ལ་འཁོར་མང་པོ་ཐམས་ཅད་ངོ་མཚར་དུ་འཛིན་ཏེ་བསྟོད་ཅིང་བསྔགས་སོ། །དེ་ལྟར་བཅོམ་ལྡན་འདས་འཁོར་མང་པོ་ལས་འཕགས་ཏེ་ཐམས་ཅད་ཀྱི་མཆོག་གཙོ་བོར་གྱུར་པས། དགེ་སློང་དག་ཐེ་ཚོམ་དུ་གྱུར་ནས་བཅོམ་ལྡན་འདས་ལ་ཞུས་པ་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ད་ལྟར་འདི་འབའ་ཞིག་ཏུ་འཁོར་ཀུན་ལས་འཕགས་ཏེ། མཆོག་གཙོ་བོར་གྱུར་པ་མ་ཡིན་གྱི། སྔོན་འདས་པའི་དུས་ན་ཡང་འདི་དག་ཀུན་ལས་འཕགས་ཏེ་གཙོ་བོར་གྱུར་ཏོ། །དེ་ནས་དགེ་སློང་དག་གིས་སྔོན་ཇི་ལྟར་གཙོ་བོར་གྱུར་པ་བསྟན་པར་གསོལ་པ་དང་དེ་ལ་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །

        སྔོན་འདས་པའི་དུས་བསྐལ་པ་གྲངས་མེད། དཔག་ཏུ་མེད། བསམ་གྱིས་མི་ཁྱབ་པའི་ཕ་རོལ་ན་འཛམ་བུའི་གླིང་འདིར་རྒྱལ་པོ་ཆེན་པོ་རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་ལ་དབང་བྱེད་པ་ཞིག་བྱུང་སྟེ། དེ་ལ་བུ་ནི། ལྔ་བརྒྱ་ཡོད་དོ། །དུས་ཕྱི་ཞིག་ན་བཙུན་མོ་ལ་བུ་ཞིག་བཙས་ཏེ། ལུས་གསེར་གྱི་ཁ་དོག་ཅན་སྐྲ་མཐོན་མཐིང་ལྟ་བུ་ལག་མཐིལ་ན་འཁོར་ལོ་རྩིབས་སྟོང་དང་ལྡན་པའི་མཚན་ཡོད་པ། རྐང་པ་གཡོན་གྱི་མཐིལ་ན་རྟའི་རི་མོ་ཡོད་པ། རྐང་པ་གཡས་ཀྱིས་མཐིལ་ན་གླང་པོ་ཆེའི་རི་མོ་ཡོད་པ། བསོད་ནམས་དང་མཚན་དུ་ལྡན་པ་ཞིག་བཙས་ཏེ། མིང་ཡང་མེ་ལོང་གདོང་ཞེས་བྱ་བར་བཏགས་སོ། །རྒྱལ་པོ་ཆེན་པོ་དེ་ནད་ཀྱིས་བཏབ་སྟེ་ཚེའི་དུས་བྱེད་དུ་ཉེ་བ་ན་བློན་པོ་རྣམས་ཀྱིས་སྲས་འདི་རྣམས་ཀྱི་ནང་ན་རྒྱལ་ཚབ་ཏུ་གང་གཞུག །རྒྱལ་པོའི་དབང་གང་ལ་བསྐུར་ཞེས་ཞུས་པ་དང༌། རྒྱལ་པོ་དེས་ཡོན་ཏན་དང་མཚན་རྣམ་པ་འདི་བཅུ་དང་ལྡན་ན། རྒྱལ་པོར་ཆུག་ལ་དབང་སྐུར་ཅིག་ཅེས་བསྒོའོ། །

        བཅུ་གང་ཞེ་ན། འདི་ལྟ་སྟེ། ལྷས་ཀྱི་མདོག་གསེར་ལྟ་བུ་ལ་སྐྲ་མཐོན་མཐིང་དུ་འདུག་པ་དང༌། ལག་པ་གཉིས་ཀྱི་མཐིལ་ན་འཁོར་ལོའི་མཚན་ཡོད་པ་དང༌། རྐང་པ་གཡས་ཀྱི་མཐིལ་ན་གླང་པོ་ཆེའི་རི་མོ་ཡོད་པ་དང༌། རྐང་པ་གཡོན་པའི་མཐིལ་ན་རྟའི་རི་མོ་ཡོད་པ་དང༌། རྒྱལ་པོའི་གོས་གོན་ན་ལུས་དང་འཚམ་ཞིང་མི་ཆེ་མི་ཆུང་བ་དང༌། རྒྱལ་པོའི་སྟན་ལ་འདུག་ན་གཟི་བརྗིད་དང་མཐུར་ལྡན་པ་དང༌། རྒྱལ་ཕྲན་རྣམས་ཀྱིས་བཀུར་སྟི་རིམ་གྲོ་ཆེར་བྱེད་དེ། བཙུན་མོ་དང༌། ཕོ་བྲང་སླས་རྣམས་ཀྱང་དེ་ལ་དགའ་ཞིང་ཕྱག་བྱེད་པ་དང༌། ལྷ་རྣམས་ཀྱི་རྟེན་དུ་ཁྲིད་ན་ལྷ་རྣམས་ཀྱིས་ཕྱིར་ཕྱག་བྱེད་པ་དང༌།ཡོན་ཏན་དང་བསོད་ནམས་ཀྱི་མཐུས་རིན་པོ་ཆེ་སྣ་བདུན་གྱི་ཆར་འབེབས་ཤིང་ཐམས་ཅད་ཀྱི་ཡིད་ཚིམ་པར་བྱེད་པ་དང༌། བཙུན་མོ་ཆེན་མོ་ལས་བཙས་པ་དང་བཅུ་སྟེ། ཡོན་ཏན་འདི་དག་དང་ལྡན་ན། རྒྱལ་པོར་དབང་སྐུར་ཅིག་ཅེས་བསྒོས་ནས་མི་རྟག་པ་མངོན་སུམ་དུ་གྱུར་ཏེ་ཚེ་འཕོས་སོ། །དེ་ནས་རྒྱལ་བུ་དང་བློན་པོ་རྣམས་འདུས་ཏེ་རྒྱལ་བུའི་ནོར་གི་ཚེ་བ་ནས་བསྔར་གྱིས་ཡོན་ཏན་བཅུ་གང་ལ་ཡོད་པ་བརྟགས་ན། རྒྱལ་བུ་གཞན་ཐམས་ཅད་ནི། ལུས་གསེར་ལྟ་བུའི་མདོག་ཅན་མ་ཡིན། སྐྲ་མཐོན་མཐིང་དུ་འདུག་པ་མ་ཡིན། ལག་པའི་མཐིལ་ན་འཁོར་ལོའི་མཚན་ཡོད་པ་མ་ཡིན། རྐང་བའི་མཐིལ་ན་གླང་པོ་ཆེ་དང་རྟའི་རི་མོ་ཡོད་པ་མ་ཡིན། རྒྱལ་པོའི་གོས་དང་འཚམ་པ་མ་ཡིན། རྒྱལ་པོའི་གདན་ལ་བཞག་ན་སྡངས་པ་ལྟར་འགྲེང་བར་གྱུར། རྒྱལ་ཕྲན་དང་བློན་པོ་རྣམས་བསྟི་སྟང་དང་ཕྱག་མི་བྱེད་དེ། བཙུན་མོ་དང་ཕོ་བྲང་སླས་རྣམས་དགའ་བ་དང་ཕྱག་བྱ་བ་མ་ཡིན། ལྷའི་རྟེན་དུ་ཁྲིད་ན་ལྷ་རྣམས་ཀྱིས་ཕྱག་བྱ་བ་མ་ཡིན། རིན་པོ་ཆེའི་ཆར་འབེབས་པར་ནུས་པ་མ་ཡིན། བཙུན་མོ་ཆེན་མོའི་སྲས་ཀྱང་མ་ཡིན་ཏེ། རྒྱལ་བུ་ལྔ་བརྒྱ་ལས་མཚན་གཅིག་ཙམ་དང་ལྡན་པ་འགའ་ཡང་མ་བྱུང་སྟེ། སྲས་ཀྱི་ནང་གི་ཐ་ཆུང་འབའ་ཞིག་ལུས་གསེར་གྱི་མདོག་ཅན་ལ། སྐྲ་མཐོན་མཐིང་གི་མདོག་ལྟ་བུ། ལག་པ་གཉིས་འཁོར་ལོའི་མཚན་དང་ཡང་ལྡན། རྐང་པའི་མཐིལ་ན་གླང་པོ་ཆེ་དང་རྟའི་རི་མོ་ཡང་ཡོད། གོས་དང་ལུས་སུ་འཚམ། རྒྱལ་པོའི་གདན་ལ་བཞག་ན་གཟི་བརྗིད་དང་བྱིན་ཆེ། རྒྱལ་ཕྲན་ཐམས་ཅད་ཀྱིས་བསྟི་སྟང་དང་བཅས་པས་ཕྱག་བྱེད་ཅིང༌། བཙུན་མོ་དང་སླས་རྣམས་ཀྱང་དགའ་བས་ཕྱག་བྱེད། ལྷའི་རྟེན་དུ་འོངས་ན་ལྷ་རྣམས་ཕྱག་བྱེད། རིན་པོ་ཆེ་ཕོབ་ཅིག་ཅེས་སྨྲས་མ་ཐག་ཏུ་ཆར་བཞིན་དུ་འབབ། བཙུན་མོའི་ནང་གི་ཆེན་མོ་ལས་བཙས་ཏེ། མཚན་རྫོགས་པར་ལྡན་པས་རྒྱལ་ཕྲན་དང༌། བློན་པོ་རྣམས་ཀྱིས་རྒྱལ་པོར་དབང་བསྐུར་ཏེ། ཚེས་བཅོ་ལྔའི་ནང་བར་ཉི་མ་ཐོག་མར་ཤར་བ་ན་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ། ཆེ་ཁྱད་དཔག་ཚད་གཅིག་པ། ཤར་ཕྱོགས་ནས་འོངས་ཏེ་དེ་ལ་པུས་མོ་བཙུགས་ནས་གལ་ཏེ་བདག་ཡོན་ཏན་དང་ལྡན་ཏེ་རྒྱལ་པོར་འགྱུར་ན། འཁོར་ལོ་འདི་བདག་གི་དྲུང་དུ་ཉེ་བར་ཤོག་ཅིག་ཅེས་སྨྲས་པ་དང༌། ནམ་མཁའི་ཕྱོགས་ནས་ཉེ་བར་འོངས་སོ། །

        གླང་པོ་རིན་པོ་ཆེ་ནི། རི་སྤོས་ཀྱི་ངད་ཅན་ནས་འོངས་ཏེ་མཇུག་མ་ལ་ནོར་བུས་བརྒྱན་པ། རྒྱལ་པོ་དེ་ལ་ཞོན་ནས་ནམ་མཁའ་ལ་འཕུར་ཏེ། ཉི་མ་ཕྱེད་ཀྱིས་གླིང་བཞི་ནས་འཁོར་ཏོ། །གལ་ཏེ་རྐང་པས་འགྲོ་ན་རྐང་པའི་རྗེས་གར་རེག་པར་གསེར་གྱི་བྱེ་མར་འགྱུར་རོ། །རྟ་རིན་པོ་ཆེ་ནི། ཁ་དོག་མཐིང་ག་ལ་རྔ་རྡོག་དམར་བ། རིན་པོ་ཆེ་སྣ་བདུན་འབབ་པ། རྒྱལ་པོ་དེ་ལ་ཞོན་ན། ཟན་གཅིག་བཟའ་རན་ཙམ་གྱིས་གླིང་བཞི་ནས་འཁོར་ཏེ། མི་ངལ་མི་དུབ་བོ། །ནོར་བུ་རིན་པོ་ཆེ་ནི། འོད་ཟེར་ཉིན་མཚན་དུ་གསལ་ཏེ། རྒྱང་གྲགས་བརྒྱ་ཉི་ཤུ་ཚུན་ཆད་འོད་ཀྱིས་སྣང་བར་བྱེད་ལ། རིན་པོ་ཆེ་སྣ་བདུན་ཆར་བཞིན་དུ་འབབ་ཅིང་ཐམས་ཅད་ལ་སྦྱིན་པར་བྱེད་དོ། །བུད་མེད་རིན་པོ་ཆེ་ནི། བཟང་བ། མཛེས་པ། རྒྱལ་པོའི་ཡིད་ཚིམ་པར་བྱེད་དོ། །ཁྱིམ་བདག་རིན་པོ་ཆེ་ནི། རྒྱལ་པོའི་རིན་པོ་ཆེ་སྣ་བདུན་ཅི་དགོས་པ་ཡིད་བཞིན་དུ་སྤྱར་ཏེ། ཟད་མི་ཤེས་པར་བྱེད་དོ། །བློན་པོ་རིན་པོ་ཆེ་ནི། རྒྱལ་པོ་ལ་དཔུང་རྣམ་བཞི་དགོས་ན། བལྟས་པ་ཙམ་གྱིས་དཔུང་གི་ཚོགས་རྣམས་འདུས་ཏེ། རྩལ་དང་མཐུར་ལྡན་ནོ། །དེ་ལྟར་རིན་པོ་ཆེ་སྣ་བདུན་དང་ལྡན་ནས་དེ་འདི་སྙམ་དུ་སེམས་སོ། །ཐབས་འདི་ལྟ་བུ་ཐོབ་པ་ཡང་སྔོན་གྱི་བསོད་ནམས་ལས་སྐྱེས་ཀྱི། རྒྱལ་པོའི་གདུང་རྒྱུད་མི་འཆད་པར་བྱའོ་སྙམ་བསམས་ནས་སྤོས་ཆུས་ཁྲུས་བྱས་ཏེ། གོས་གསར་པ་གཙངས་བགོས་ནས་ལག་ན་བོག་ཕོར་ཐོགས་ཏེ་ཤར་ཕྱོགས་ལོགས་སུ་པུས་མོ་ས་ལ་བཙུགས་ནས་འདི་སྐད་ཅེས་སྨྲས་སོ། །ཤར་ཕྱོགས་ན་སྐྱེས་བུ་འཕགས་པ་བཞུགས་པ་རྣམས་བདག་གསོལ་བ་བཞིན་དུ་གཤེགས་སུ་གསོལ་ཞེས་སྨྲས་པ་དང༌། ཤར་ཕྱོགས་ནས་རང་སངས་རྒྱས་ཉི་ཁྲི་སྙེད་རྒྱལ་པོའི་ཕོ་བྲང་དུ་གཤེགས་སོ། །

        ལྷོ་དང་ནུབ་དང༌། བྱང་ཕྱོགས་སུ་ཡང་དེ་བཞིན་དུ་གསོལ་པ་དང༌། དེ་དག་ཀྱང་སོ་སོ་ནས་རང་སངས་རྒྱས་ཉི་ཁྲི་སྙེད་རྒྱལ་པོའི་ཕོ་བྲང་དུ་གཤེགས་སོ། །དེ་ནས་རྒྱལ་པོ་དང༌། བློན་པོ་རྣམས་ཀྱིས་ཡོ་བྱད་རྣམ་བཞི་སྦྱར་ཏེ་མཆོད་པ་བྱས་སོ། །དེ་ནས་རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་སྙེང་ཕྱིར་ཡུལ་དུ་འགྲོ་བར་གསོལ་ཏེ་ཕྱི་ཕྱག་འཚལ་བ་ན། རྒྱལ་ཕྲན་རྣམས་ཀྱིས་འཕགས་པ་རྣམས་ལ་ཤས་ཀྱིས་བདག་ཅག་ཀྱང་མཆོད་པར་འཚལ་ཏེ། བསོད་ནམས་བགྱིའོ། །ཞེས་གསོལ་པ་དང༌། རྒྱལ་པོ་དང༌། བློན་པོ་རྣམས་ཀྱིས་ལོ་བརྒྱད་ཁྲི་བཞི་སྟོང་གི་བར་དུ་རང་སངས་རྒྱས་བརྒྱད་ཁྲི་ལ་ཡིད་བཞིན་དུ་མཆོད་ནས་ཚེའི་དུས་བྱས་པ་དང༌། མཐོ་རིས་ཀྱི་ལྷར་སྐྱེས་སོ། །དགེ་སློང་དག །དེའི་ཚེ་རྒྱལ་པོ་མེ་ལོང་གདོང་དེ་ནི། ད་ལྟར་ང་ཡིན་ནོ། །རྒྱལ་པོ་དེའི་ཕ་ནི། ངའི་ཡབ་ཟས་གཙང་མ་ཡིན་ནོ། །བཙུན་མོ་ཆེན་མོ་དེ་ནི། ངའི་ཡུམ་ལྷ་མཛེས་ཡིན་ནོ། །རྒྱལ་བུ་ལྔ་བརྒྱ་ནི། ཤཱཀྱའི་རིགས་ལྔ་བརྒྱ་ཡིན་ནོ། །དེའི་ཚེ་ན་ཡང་ཐམས་ཅད་ཀྱི་མཆོག་གཙོ་བོར་གྱུར་ཏེ་ད་སངས་རྒྱས་ནས་ཀྱང་མཚན་དང་ལྡན་པའི་མཆོག་གཙོ་བོར་གྱུར་ཏོ། །འཁོར་མང་པོ་རྣམས་སངས་རྒྱས་ཀྱིས་གསུངས་པ་ལ་རྗེས་སུ་ཡི་རང་ནས་མངོན་པར་དགའོ། །རྒྱལ་པོ་མེ་ལོང་གདོང་གི་ལེའུ་སྟེ་སུམ་ཅུ་གཅིག་པའོ།། །།

                                                                          རྩོམ་སྒྲིག་པ། མང་ར་བ།
       གསལ་འདེབས།
             རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
             དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།