སྦྱིན་པ་ཆེན་པོ་རྒྱ་མཚོར་ཞུགས་པའི་ལེའུ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-10-26 10:50:51         ཀློག་ཐེངས།  

518264961552280540.jpg

        བམ་པོ་བརྒྱད་པ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི་ལ་དགེ་སློང་ཆེན་པོའི་དགེ་འདུན་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་དང་ཐབས་ཅིག་ཏུ་བཞུགས་སོ། །དེའི་ཚེ་ན་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་ཤེས་ཀཽཎྜི་ནྱ་ལ་སོགས་པ་ལ་བསྙེན་བཀུར་བྱེད་པའི་གཡོག་ཅིག་དགོས་སོ། །ཞེས་བཀའ་སྩལ་པ་དང༌།དེ་ནས་ཀུན་ཤེས་ཀཽཎྜི་ནྱ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་བཅོམ་ལྡན་འདས་ག་ལ་བདེ་ལོགས་སུ་ཐལ་མོ་སྦྱར་ཏེ་ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་བདག་གིས་བསྙེན་བཀུར་ཡིད་བཞིན་དུ་བགྱི་ཞིང་ཆོས་གོས་དང་ལྷུང་བཟེད་གཟུང་ངོ༌། །ཞེས་གསོལ་བ་དང༌། བཅོམ་ལྡན་འདས་ཀྱིས་ཀཽཎྜི་ནྱ་ལ་ཁྱོད་ཀྱང་རྒས་འཁོགས་ཏེ་ཁྱོད་ཉིད་ལ་ཡང་བསྙེན་བཀུར་བྱེད་པ་དགོས་ཀྱི། ཀཽཎྜི་ནྱ་ཁྱོད་སྟན་ལ་འདུག་ཅིག་ཅེས་བཀའ་སྩལ་ཏོ། །དེ་བཞིན་དུ་འོད་སྲུང་དང༌། ཤཱ་རིའི་བུ་དང༌། མཽ་གལ་ཡན་ལ་སོགས་པ་ཉེ་གནས་ལྔ་བརྒྱ་སྙེད་ཀུན་གྱིས་བཅོམ་ལྡན་འདས་ལ་བསྙེན་བཀུར་བགྱིའོ། །ཞེས་གསོལ་ན་ཡང་གཅིག་ཀྱང་མ་གནང་ངོ༌། །དེ་ནས་ཚེ་དང་ལྡན་པ་མ་འགགས་པས། བཅོམ་ལྡན་འདས་བསྙེན་བཀུར་བྱེད་པའི་དགེ་སློང་གང་ལ་དགྱེས་སྙམ་དུ་བརྟགས་ན། བཅོམ་ལྡན་འདས་ཀྱི་ཐུགས་ཀུན་དགའ་བོ་ལ་དགྱེས་པ་ནི། འདི་ལྟ་སྟེ། ཁང་བུ་བརྩེགས་པའི་ཤར་ཕྱོགས་ཀྱི་སྐར་ཁུང་ནས་ཉི་མའི་འོད་ཟེར་བྱུང་བ་ན་ནུབ་ཕྱོགས་ཀྱི་ངོས་ལ་ཤར་ཅིང་ལྷན་པ་བཞིན་དུ། བཅོམ་ལྡན་འདས་ཀྱི་ཐུགས་ཀུན་དགའ་བོ་ལ་དགོངས་ཤིང་དགྱེས་པར་ཉེ་གནས་ཀུན་གྱིས་རྟོགས་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་དང༌། མཽ་གལ་གྱི་བུ་ཆེན་པོ་གཉིས་ཀུན་དགའ་བོ་གང་ན་བ་དེར་སོང་སྟེ་དྲུང་དུ་ཕྱིན་པ་དང་ཀུན་དགའ་བོ་དང་ལྷན་ཅིག་ཏུ་ཡིད་མགུ་ཞིང་དགའ་བའི་གཏམ་རྣམ་བ་དུམ་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་འཁོད་ནས་ཤཱ་རིའི་བུ་དང༌། མཽ་གལ་ཡ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཀུན་དགའ་བོ། བཅོམ་ལྡན་འདས་ལ་བསྙེན་བཀུར་བྱ་བར་དད་དམ། བཅོམ་ལྡན་འདས་ཀྱང་ཁྱོད་ཀྱིས་བསྙེན་བཀུར་བྱ་བར་དགྱེས་ཏེ། དེ་བཞིན་གཤེགས་པ་ལ་བསྙེན་བཀུར་བྱས་ན། ཁྱོད་ལ་ཕན་པའི་དོན་ཆེར་འགྱུར་རོ། །བཙུན་པ་ཤཱ་རིའི་བུ། བདག་ནི། བཅོམ་ལྡན་འདས་ལ་བསྙེན་བཀུར་བྱ་བར་མི་དད་དོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་ནི། སྒྲུབ་པར་དཀའ། བཟོད་པར་དཀའོ། །འདི་ལྟ་སྟེ། མེ་འབར་བ་ནི། སྒྲུབ་པར་དཀའ། བཟོད་པར་ཡང་དཀའ་བ་ཡིན་ཏེ། དེ་ལྟར་དེ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་ཀྱང་སྒྲུབ་པར་དཀའ། བཟོད་པར་དཀའ་བས་ན། བདག་སངས་རྒྱས་བཅོམ་ལྡན་འདས་ལ་བསྙེན་བཀུར་བགྱིད་པར་མི་དད་དོ། །

        དེ་ནས་ཚེ་དང་ལྡན་པ་མཽ་གལ་ཡ་ནའི་བུ་ཆེན་པོས་ཀུན་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ། །ཀུན་དགའ་བོ། ཁྱོད་ལ་བཅོམ་ལྡན་འདས་དགོངས་ཤིང་དགྱེས་པ་ནི། འདི་ལྟ་སྟེ། ཁང་བུ་བརྩེགས་པའི་ཤར་ཕྱོགས་ཀྱི་སྐར་ཁུང་ནས་ཉི་མའི་འོད་ཟེར་བྱུང་བ་ན་ནུབ་ཕྱོགས་ཀྱི་རྩིག་ངོས་ལ་ཤར་ཅིང་ལྷན་པ་བཞིན་དུ། བཅོམ་ལྡན་འདས་ཀྱི་ཐུགས་ཀྱང་ཀུན་དགའ་བོ་ཁྱོད་ཀྱིས་བསྙེན་བཀུར་བྱ་བར་དགྱེས་ཀྱི། དད་པར་གྱིས་ཤིག །དེ་བཞིན་གཤེགས་པ་ལ་བསྙེན་བཀུར་བྱས་ན། ཁྱོད་ལ་ཕན་པའི་དོན་ཆེར་འགྱུར་རོ། །ཞེས་སྨྲས་སོ། །བཙུན་པ་མཽ་གལ་ཡན་ཆེན་པོ། །ཅི་སྟེ་བདག་ལ་བཅོམ་ལྡན་འདས་ཀྱིས་འདོད་པ་འདི་གསུམ་གནང་ན། བཅོམ་ལྡན་འདས་ལ་བསྙེན་བཀུར་བགྱིད་པར་དད་དོ། །འདི་ལྟ་སྟེ། བཅོམ་ལྡན་འདས་མི་གསོལ་བའི་ན་བཟའ་བདག་ལ་འཚལ་དུ་མི་སྩལ་བ་དང༌། བཅོམ་ལྡན་འདས་མི་གསོལ་བའི་བཤོས་ཀྱི་ལྷག་མ་བདག་མི་འཚལ་བ་དང༌། བདག་དུས་མ་མཆིས་པར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་མཆིར་གནང་བར་བགྱི་ན་ནི། བཅོམ་ལྡན་འདས་ལ་བསྙེན་བཀུར་བགྱི་བར་དད་དོ། །

        དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་དང༌། མཽ་གལ་ཡན་ཆེན་པོས་ཚེ་དང་ལྡན་པ་ཀུན་དགའ་བོ་བསྙེན་བཀུར་བྱེད་དུ་དད་པར་བྱས་ནས་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང༌། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བདག་ཅག་གིས་བཅོམ་ལྡན་འདས་ལ་བསྙེན་བཀུར་བགྱིད་པར་ཚེ་དང་ལྡན་པ་ཀུན་དགའ་བོ་དད་པར་བགྱིས་ན། བཅོམ་ལྡན་འདས་ཀྱིས་བདག་ལ་འདོད་པ་འདི་གསུམ་གནང་ན། གདོད་བདག་གིས་བཅོམ་ལྡན་འདས་ལ་བསྙེན་བཀུར་བགྱི་བར་ཞེས་མཆིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལེགས་སོ། །མཽ་གལ་ཡ་ནའི་བུ། དགེ་སློང་ཀུན་དགའ་བོ་དེ་ནི། མཁས་པ་ཤེས་རབ་ཅན་ཏེ། ཚངས་པ་མཚུངས་པར་སྤྱོད་པ་རྣམས་སྨད་པའི་ཚིག་དང་།རྗེས་སུ་སྨད་པའི་ཚིག་གི་ཆོས་ཕྱིས་འབྱུང་བར་མཐོང་བས་ན། བདག་ལ་ཚངས་པ་མཚུངས་པར་སྤྱོད་པ་རྣམས་འདི་སྐད་དུ་དགེ་སློང་ཀུན་དགའ་བོ་ནི། གོས་དང་ཟས་ཀྱི་ཕྱིར་སྟོན་པ་ལ་བསྙེན་བཀུར་བྱེད་དོ། །ཞེས་སྨྲ་བར་མི་འགྱུར་བའི་ཕྱིར་མཽ་གལ་གྱི་བུ་དེ་ནི། དགེ་སློང་ཀུན་དགའ་བོའི་ངོ་མཚར་རྨད་དུ་བྱུང་བའི་ཆོས་སོ། །དགེ་སློང་ཀུན་དགའ་བོ་ནི། མཁས་པ་ཤེས་རབ་ཅན་ཏེ། དུས་ཤེས་ཤིང་དུས་རིག་པ་ལགས་ཤིང༌། དུས་ཤེས་པར་འགྱུར་བ་ནི། བཅོམ་ལྡན་འདས་ལ་འཁོར་རྣམ་བཞི་བལྟ་བར་འགྲོ་བའི་དུས་ལ་བབ་པ་དང༌།དུས་ལ་མ་བབ་པ་དང༌། གཞན་ཡང་མུ་སྟེགས་ཅན་ཀུན་ཏུ་རྒྱུ་རྣམས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འགྲོ་བའི་དུས་ལ་བབ་པ་དང༌། དུས་ལ་མ་བབ་པ་དང༌། གཞན་ཡང་མུ་སྟེགས་ཅན་ཀུན་ཏུ་རྒྱུ་འདི་དག་ནི། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་ལན་ལྡོན་པར་སྤོབས་སོ། །འདི་དག་ནི། ལན་ལྡོན་པར་མི་སྤོབས་སོ། །བཅའ་བ་དང་བཟའ་བ་འདི་ནི་བཅོམ་ལྡན་འདས་ལ་བདེ་ཞིང་བསོད་པར་འགྱུར་ལ། འདི་ནི། བདེ་ཞིང་བསོད་པར་མི་འགྱུར་བར་ཤེས་པའི་ཕྱིར་ཏེ། མཽ་གལ་གྱི་བུ། འདི་ནི། དགེ་སློང་ཀུན་དགའ་བོའི་ངོ་མཚར་རྨད་དུ་བྱུང་བའི་ཆོས་སོ། །

        དེ་ནས་ཤཱ་རིའི་བུ་དང༌། མཽ་གལ་གྱི་བུ་གཉིས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་བཅོམ་ལྡན་འདས་ལ་བསྙེན་བཀུར་བྱེད་པར་དད་པར་བྱས་པ་དང༌། བཅོམ་ལྡན་འདས་ཀྱིས་ཀྱང་ཀུན་དགའ་བོ་ནི། མཁས་པ་ཤེས་རབ་ཅན་ཏེ། དུས་ཤེས་ཤིང་དུས་རིག་གོ །ཞེས་བསྔགས་པས། དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དགེ་སློང་ཀུན་དགའ་བོ་འདི་ཅིའི་རྒྱུ་ཅིའི་རྐྱེན་གྱིས་དུས་དང་ཚོད་ལ་མཁས་པར་གྱུར། བཅོམ་ལྡན་འདས་ཀྱིས་ཤཱ་རིའི་བུ་ལ་བཀའ་སྩལ་པ། སྔོན་འདས་པའི་བསྐལ་པ་ཚད་མེད་གྲངས་མེད་པའི་ཕ་རོལ་ཏུ་རྒྱལ་པོ་ཆེན་པོ་འཛམ་བུའི་གླིང་གི་རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་ལ་དབང་བྱེད་པ་ཞིག་བྱུང་ངོ༌། །དེའི་ཚེ་གྲོང་ཁྱེར་པ་རུ་ད་ཞེས་བྱ་བ་ན་བྲམ་ཟེ་ནྱ་གྲོ་དྷ་ཞེས་བྱ་བ་ཞིག་ཡོད་དེ། མཁས་པ། རིག་པ་དང་ལྡན་པ། སྨན་དང༌། གཙུག་ལག་དང༌། སྐར་མ་ལ་མཁས་པ་ཞིག་པས་རྒྱལ་པོ་དེའི་སྟོན་པ་བྱེད་དེ། རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་སྙེད་ཀྱང་དེ་ལ་རྒྱལ་པོ་ཆེན་པོ་དང་འདྲ་བར་བསྙེན་བཀུར་བྱེད་དེ་བསྒོ་བའི་ཚིག་ཀྱང་ཉོན་ཏོ། །བྲམ་ཟེ་དེ་ཕྱུག་ཁྱད་རྣམ་ཐོས་ཀྱི་བུ་དང་འགྲན་ཏེ། དེ་ལ་བུ་མེད་བས་རྟག་ཏུ་མི་དགའ་སྟེ་སེམས་ཁོང་དུ་ཆུད་ཅིང་འདུག་པ་ལས་ཇི་ལྟར་བྱས་ན་བུ་ཡོད་པར་འགྱུར་ཞེས་ཚངས་པ་དང༌། བརྒྱ་བྱིན་དང༌།དབང་ཕྱུག་དང༌། ཉི་ཟླ་དང༌། སྐར་མ་དང༌། རི་དང༌། ཆུ་དང༌། ནགས་ཀྱི་ལྷ་ཀུན་ལ་མཆོད་ཅིང་རྗེད་དེ་ལོ་བཅུ་གཉིས་ལོན་ནས་ཆུང་མ་ཆེན་སེམས་ཅན་དང་ལྡན་པར་གྱུར་ཏོ། །བུད་མེད་མཁས་པ་དག་ནི། སེམས་ཅན་དང་ལྡན་མ་ཐག་ཏུ་བུ་ཁྱེའུ་འམ། བུ་མོ་ཡིན་པ་ངེས་པར་རྟོགས་པས། དེ་ཡང་ཁྱེའུ་ཡིན་པར་ཤེས་ནས་བྲམ་ཟེ་ལ་གཏམ་སྨྲས་སོ། །བྲམ་ཟེ་དེ་དེ་སྐད་ཅེས་སྨྲས་པ་ཐོས་ནས་རབ་ཏུ་དགའ་མགུ་རངས་ཏེ་ཆུང་མའི་རིམ་གྲོ་ལྷག་པར་ཆེར་སྐྱེད་དོ། །དེ་ནས་ཟླ་བ་དགུ་ཚང་ནས་ཁྱེའུ་ཞིག་བཙས་ཏེ་གསེར་གྱི་མདོག་ཅན། སྐྲ་མཐོན་མཐིང་དུ་འདུག་པ། བཟང་བ། མཛེས་པ། མཚན་དང་ལྡན་པ་ཞིག་གོ །

        དེ་ནས་བཙས་སྟོན་བྱས་ནས་མཚན་མཁན་བཀུག་སྟེ་མཚན་བལྟས་ནས་མིང་སྦྱིན་པ་ཆེན་པོ་ཞེས་བཏགས་སོ། །ཁྱེའུ་དེ་རིམ་གྱིས་ཆེར་སྐྱེས་ནས་དབྱར་དགུན་དང༌། སྟོན་དཔྱིད་ཀྱི་གནས་ཀྱང་སོ་སོར་བྱས་ཏེ་ལོངས་སྤྱོད་བྱེད་དུ་བཅུག་གོ །ཁྱེའུ་དེ་ཡང་ཡིད་གཞུངས་ཤིང་མཁས་པའི་བློ་དང་ལྡན་པ་ཞིག་བས་རིག་བྱེད་དང༌། གཙུག་ལག་རྣམ་པ་བཅོ་བརྒྱད་ལ་སོགས་ཏེ། སྒྱུ་རྩལ་གང་ཡང་མི་ཤེས་པ་མེད་དོ། །ཕྱིས་སྦྱིན་པ་ཆེན་པོས་ཕ་མ་ལ་གསོལ་པ། བདག་ཕྱི་རོལ་ཏུ་འཆག་ཅིང་ལྟད་མོ་བལྟར་འགྲོའོ། །ཞེས་བྱས་པ་དང༌། དེའི་ཕ་མས་ཀྱང་བུ་འཆག་ཏུ་འགྲོའོ། །ཞེས་ལམ་སྲང་ཕྱག་དར་བྱེད་དུ་བཅུག་སྟེ་རྒྱལ་མཚན་དང༌། བ་དན་བསྒྲེངས་ནས་མེ་ཏོག་གིས་གཏོར་ཏེ་བདུག་སྤོས་ཀྱི་བདུག་པ་ལ་སོགས་པ་ཡོ་ལང་བཤམས་ནས་སྦྱིན་པ་ཆེན་པོ་གླང་པོ་རིན་པོ་ཆེ་སྣ་བདུན་གྱིས་བརྒྱན་པ་ལ་བསྐྱོན་ཏེ་དྲིལ་བསྒྲགས། རྔ་བརྡུངས། རོལ་མོ་དང༌། སིལ་སྙན་བཀྲོལ་ཏེ་འཁོར་བརྒྱ་སྟོང་སྙེད་ཀྱིས་བསྐོར་ནས་གྲོང་ཁྱེར་གྱི་ཕྱི་རོལ་ཏུ་སོང་ངོ༌། །ཡུལ་མི་ཐམས་ཅད་ལམ་གྱི་གཡས་གཡོན་དུ་ཁང་བུ་བརྩེགས་པའི་སྟེང་ནས་མིག་མི་འཛུམ་པར་ལྟ་ཞིང་འདིའི་བྱིན་དང༌། གཟི་བརྗིད་ནི། ཚངས་པ་དང་འདྲའོ། །ཞེས་བསྒྲགས་སོ། །དེ་ནས་སོང་སོང་བ་ལས་མུ་ཏོ་བ་དག་གོས་ཧྲུལ་པོ་གྱོན་ཅིང་སྣོད་ཆག་པ་དག་ཐོགས་ཏེ་ཅུང་ཟད་བསླང་ངོ༌། །ཞེས་འབོད་པ་སྦྱིན་པ་ཆེན་པོས་ཐོས་ནས་དེ་དག་ལ་ཁྱེད་ཅིའི་ཕྱིར་འདི་ལྟར་ཉོན་མོངས་ཤིང་སྡུག་ཅེས་དྲིས་སོ། །དེ་ལ་ཁ་ཅིག་ནི། འདི་སྐད་དུ་བདག་ཅག་ལ་ཕ་མ་དང༌། ཕུ་ནུ་དང༌། བུ་སྨད་དང༌། གཉེན་བཤེས་མ་མཆིས་པས་སྡུག་གོ །ཞེས་ཟེར་རོ། །དེ་ལ་ཁ་ཅིག་ནི། བདག་ཅག་ཡུན་རིང་དུ་ནད་ཀྱིས་བཏབ་པས་མི་སོས་ཏེ་སྡུག་གོ །ཞེས་ཟེར་རོ། །དེ་ལ་ཁ་ཅིག་ནི། བདག་ཅག་བག་མ་བྱས་པས་ཆོམ་པོས་བཅོམ་སྟེ་ཅི་ཡང་མི་བདོག་པས་སློང་མོ་བྱེད་དོ། །ཞེས་ཟེར་རོ། །སྦྱིན་པ་ཆེན་པོས་དེ་སྐད་སྨྲས་པ་ཐོས་ནས་མཆི་མ་དཀུ་སྟེ་སོང་ངོ༌། །དེ་ནས་ཡང་ཕ་ཟད་ཅིག་ན་བཤན་པ་དག་ཅིག་སྲོག་ཆགས་བསད་ནས་པགས་པ་བ་ཤུ་བ་དང༌། བསྙལ་གཏུབས་པ་དག་མཐོང་ངོ༌། །སྦྱིན་པ་ཆེན་པོས་ཨེ་མ་ཧོ་འདི་དག་ཅི་བྱེད་ཅེས་དྲིས་ན། བདག་ཅག་ནི། ཕ་མེས་རྒྱུད་ཀྱིས་འདི་འདྲི་བའི་གསོད་པའི་ལས་བྱེད་དེ། འདི་མ་བྱས་ན་མི་འཚོའོ། །ཞེས་ཟེར་རོ། །དེ་ལ་སྦྱིན་པ་ཆེན་པོ་ངོ་མཚར་དུ་གྱུར་ནས་ལྟ་མི་འདོད་པར་སོང་ངོ༌། །དེ་ནས་ཕ་ཟད་དུ་ཕྱིན་པ་དང་ཞིང་པ་དག་ཞིང་རྨོས་ཏེ། ཞིང་རྨོས་པའི་ཤུལ་ན་སྲིན་བུ་མང་དུ་བྱུང་བ་ལ་བྱ་མང་པོ་དང༌། སྦྲུལ་དག་འཐུ་ཞིང་ཟ་བ་མཐོང་བ་དང་འདི་དག་ཅི་བྱེད་ཅེས་དྲིས་ན། བདག་ཅག་ནི། ཞིང་རྨོས་ཏེ་ས་གློངས་པའི་ཤུལ་དུ་ས་བོན་བཏབ་ན་ཕྱིས་མང་དུ་སྐྱེས་ཏེ། དེས་འཚོ་ཞིང་རྒྱལ་པོའི་དཔྱ་ཡང་འབུལ་ལོ། །ཞེས་ཟེར་རོ། །

        སྦྱིན་པ་ཆེན་པོ་དེ་ལ་ཡང་ངོ་མཚར་དུ་གྱུར་ནས་ཕ་ཟད་སོང་བ་དང༌། རྔོན་པ་དག་བྱ་རྒྱ་བྲེས་པ་དང༌། རྙི་བཙུགས་ནས་བྱ་རྣམས་བཤོར་བ་དང༌། སེམས་ཅན་དག་བྱ་རྒྱ་དང་རྙིས་ཟིན་ནས་ལུས་རྡེབ་ཅིང་འཐེན་ཀྱང་མ་ཤོར་ཏེ་སྙིང་རྗེ་བའི་སྐད་ཕྱུང་ནས་ཤིན་ཏུ་འཇིགས་སྐྲག་པ་དག་མཐོང་ནས་ཁྱེད་ཅི་བྱེད་ཅེས་དྲིས་ན། བདག་ཅག་ཀྱང་རྒྱུད་ཀྱིས་འདི་འདྲ་བའི་གསོད་པའི་ལས་བྱེད་པས་འཚོའོ། །ཞེས་ཟེར་རོ། །སྦྱིན་པ་ཆེན་པོས་དེ་སྐད་སྨྲས་པ་ཐོས་ནས་ཤིན་ཏུ་ཡི་མུག་སྟེ་ཡང་ཕ་ཟད་སོང་བ་དང༌། ཉ་ས་དག་ཉ་རྒྱས་ཉ་བཅུས་ནས་མང་དུ་ཟིན་ཏེ་ཐང་ལ་ཕུང་པོར་སྤུངས་ནས་ད་དུང་ཡང་འགུལ་བ་དག་མཐོང་ནས་འདི་དག་ཅི་བྱེད་ཅེས་དྲིས་ན། བདག་ཅག་རྒྱུད་ཀྱིས་ལས་གཞན་མི་བྱེད་ཀྱི། འདི་ལྟར་ཉ་བཤོར་ཞིང་འཚོ་བར་བྱེད་དོ། །ཞེས་ཟེར་རོ། །སྦྱིན་པ་ཆེན་པོས་འདི་ལྟ་བུ་དག་མཐོང་ནས་འདི་སྙམ་དུ་བསམས་སོ། །སེམས་ཅན་འདི་དག་ནི། དབུལ་ཕོངས་པས་བགོ་བ་དང་བཟའ་བའི་ཕྱིར་འདི་ལྟ་བུའི་ཁ་ན་མ་ཐོ་བའི་ལས་གསོད་པ་ལ་སོགས་པ་བྱེད་དེ། འདི་དག་ནི། ཚེ་འཕོས་མ་ཐག་ཏུ་ངན་སོང་གསུམ་དུ་ལྷུང་སྟེ་མུན་པ་ནས་མུན་པར་འགྲོ་ཞིང་ཐར་པའི་དུས་མེད་དོ་སྙམ་བསམས་ནས་ཕྱིར་ཁྱིམ་དུ་འོངས་ཏེ་ཉིན་མཚན་དུ་དེ་སེམས་ཤིང་མི་དགའ་ནས་ཕའི་དྲུང་དུ་སོང་སྟེ་ཕ་ལ་བདག་གསོལ་བ་ཞིག་མཆིས་ཀྱི། གནོང་ཞིག་ཅེས་སྨྲས་སོ། །ཕས་ཀྱང་བུ། ཁྱོད་ཅི་ཟེར། ཁྱོད་སྨྲ་བ་བཞིན་དུ་བྱའོ། །ཞེས་སྨྲས་སོ། །ཡབ། བདག་སྔོན་ཕྱི་རོལ་ཏུ་འཆག་ཏུ་མཆིས་པ་ལས་མི་མང་པོ་གོས་དང༌། ཁ་ཟས་ཀྱི་ཕྱིར་ཐམས་ཅད་ཉོན་མོངས་ཏེ། གཅིག་ལ་གཅིག་གསོད་པ་དང༌། རྫུན་དང༌། དབང་ཟ་བ་དང༌། མི་དགེ་བའི་ལས་རྣམ་པ་སྣ་ཚོགས་བགྱིད་པ་མཐོང་ནས་དེ་དག་ལ་སྦྱིན་པ་བགྱིད་པར་བསམས་ཀྱི། ཡབ་ཀྱི་བང་མཛོད་ཆེན་པོ་ལས་ཕོངས་བྲེལ་པ་དག་གི་ཕྱིར་ཡིད་བཞིན་དུ་སྤྱོད་དུ་གནོད་ཞིག །ཕས་སྨྲས་པ། ངས་བང་མཛོད་དང༌། རིན་པོ་ཆེ་མང་དུ་བསགས་པ་ཐམས་ཅད་ཁྱོད་ཀྱི་ཕྱིར་བྱས་པར་ཟད་ན། ཅིའི་ཕྱིར་ཁྱོད་ཟེར་བ་མི་ཉན་ཞེས་སྨྲས་སོ། །དེ་ནས་སྦྱིན་པ་ཆེན་པོས་ཕས་གནང་བའི་ལུང་ཐོབ་ནས་ཡུལ་མི་ཐམས་ཅད་ལ་སྦྱིན་པ་ཆེན་པོ་སྦྱིན་གཏོང་ཆེན་པོ་བྱེད་ཀྱི། ཐམས་ཅད་འདུས་ཤིང་ཤོག་ཅིག་ཅེས་བསྒྲགས་སོ། །

        དེའི་ཚེ་དགེ་སྦྱོང་དང༌། བྲམ་ཟེ་དང༌། དཔུལ་ཞིང་ཕོངས་པ་མགོན་མེད་པ་དང༌། ནད་པ་ལ་སོགས་ཏེ་གྲོང་ཁྱེར་གྱི་ཕྱི་རོལ་ན་ལམ་ཐོག་ཐག་ཏུ་གང་ངོ༌། །དེ་དག་ཀྱང་དཔག་ཚད་བརྒྱ་དང༌། ཉིས་བརྒྱ་དང༌། སུམ་བརྒྱ་དང༌། བཞི་བརྒྱ་དང༌། ལྔ་བརྒྱ་དང༌། དཔག་ཚད་སྟོང་གི་ལམ་ནས་འོངས། ཁ་ཅིག་ནི། དཔག་ཚད་ཉིས་སྟོང་དང༌། སུམ་སྟོང་དང༌། བཞི་སྟོང་དང༌། ལྔ་སྟོང་ནས་དཔག་ཚད་ཁྲིའི་བར་དུ་ལྷགས་ཏེ།དེ་དག་སྤྲིན་བཞིན་དུ་འདུས་ནས་ཐམས་ཅད་ལ་ཡིད་བཞིན་དུ་སྦྱིན་པ་ནི། གོས་འདོད་པ་ལ་གོས། ཟས་འདོད་པ་ལ་ཟས། རིན་པོ་ཆེ་གསེར་དང༌། དངུལ་དང༌། བཻ་ཌཱུཪྻ་དང༌། མུ་ས་ར་གལ་པ་དང༌། བཞོན་པ་དང༌། ཐེག་པ་དང༌། ཁྱོགས་དང༌། སྐྱེད་མོས་ཚལ་དང༌། ཞིང་དང༌། རྐང་འགྲོ་ལ་སོགས་ཏེ། ཡིད་བཞིན་དུ་སྦྱིན་པ་བྱས་སོ། །དེ་ལྟར་སྦྱིན་པ་ལ་ཞུགས་ཏེ་ཡུན་རིང་ཞིག་ལོན་པ་དང༌། བང་མཛོད་སུམ་ཆ་གཅིག་ཟད་ནས་མཛོད་སྲུང་གིས་བྲམ་ཟེ་ལ་འདི་སྐད་ཅེས་སྨྲས་སོ། །སྲས་ཀྱིས་བང་མཛོད་ནས་སྦྱིན་པ་བྱས་ནས་སུམ་ཆ་གཅིག་ནི།ཟད་དེ་སུམ་གཉིས་ལས་མ་ལུས་ན། ཕན་ཚུན་དུ་འདྲུལ་བའི་སྐྱེས་དང༌། ཚོང་ཟོང་ཅི་ལས་བགྱིད་དགོངས་ཤིག་ཅེས་སྨྲས་སོ། །ཁོ་བོ་ནི། བུ་འདི་ལ་བྱམས་པས་ངོ་མི་ལྡོག་གི། བང་མཛོད་སྟོངས་ཀྱང་བླའོ། །ཞེས་བསྒོའོ། །དེ་ནས་ཡང་རིང་ཞིག་ལོ་ན་པ་དང་བང་མཛོད་སུམ་གཉིས་ཟད་དེ་སུམ་ཆ་ཙམ་ལུས་པ་དང༌། མཛོད་སྲུང་གིས་ཡང་བྲམ་ཟེ་ལ། ད་ནི། བང་མཛོད་སུམ་གཉིས་ཙམ་ཟད་དེ་སུམ་ཆ་ཙམ་ལས་མ་ལུས་ན། ཕན་ཚུན་སྐྱེས་བསྐུར་བ་དང༌། ཚོང་ཟོང་ཅི་ལས་བྱ་ཞེས་སྨྲས་སོ། །བྲམ་ཟེ་དེས་བསྒོ་བ། ཁོ་བོའི་བུ་སྡུག་ཆེས་ཏེ་ངོ་མི་ལྡོག་པས་སྨྲ་མི་ཕོད་ཀྱི། ཁྱོད་བདག་གིས་ཐབས་ཅི་ལེགས་སུ་བྱོས་ལ་བྲེལ་ཅིང་མི་ཁོམ་པ་ལྟར་ཐ་སྙད་ཐོགས་ཤིག །མཛོད་སྲུང་གིས་བྲམ་ཟེ་ལས་ལུང་ཐོབ་ནས་མཛོད་སྒོ་བཅད་དེ་དོན་གཉེར་དུ་སོང་ངོ༌། །དེ་ནས་སློང་བ་དག་སྦྱིན་པ་ཆེན་པོའི་ཐད་དུ་ལྷགས་ནས་བར་འགའ་ནི། མཛོད་སྲུང་མི་རྙེད་དེ་མཛོད་སྒོ་མི་ཕྱེད། གལ་ཏེ་མཛོད་སྲུང་འོངས་ན་ཡང་ཡིད་བཞིན་དུ་མི་སྟེར་བས་སྦྱིན་པ་ཆེན་པོས་འདི་སྙམ་དུ་བསམས་སོ། །འདི་ལྟར་གྱུར་པ་འདི་ནི། མཛོད་སྲུང་གིས་ཐུགས་མི་ཐུབ་པས་ཕའི་མན་ངག་འོངས་ཀྱི། ཡོང་ཡང་བུས་ཕའི་བང་མཛོད་སྟོངས་པར་བྱ་བར་མི་རིགས་ཀྱི། བདག་གིས་ད་ཐབས་ཅི་ཞིག་བྱས་ན། རིན་པོ་ཆེ་ཡིད་བཞིན་དུ་རྙེད་དེ་སྐྱེ་བོ་མང་པོ་ལ་ཕན་ཐོགས་པར་འགྱུར་བ་བསམས་ནས་མི་དག་ལ་འདི་སྐད་ཅེས་དྲིས་སོ། །འཇིག་རྟེན་ན་ལས་ཅི་ཞིག་བྱས་ན། རིན་པོ་ཆེ་ཡིད་བཞིན་དུ་རྙེད་དེ་ནོར་དབྱིག་མང་དུ་རྙེད་ཅིང་ཟད་མི་ཤེས་པར་འགྱུར་ཞེས་དྲིས་པ་དང༌། ཁ་ཅིག་ནི། ཞིང་མང་དུ་རྨོས་ན་ནོར་དབྱིག་མང་པོར་འགྱུར་རོ། །ཞེས་ཟེར་རོ། ཁ་ཅིག་ནི། རྐང་འགྲོ་སྤེལ་ཏེ་སྤོགས་བྱས་ན་ནོར་མང་དུ་རྙེད་དོ། །ཞེས་ཟེར་རོ། ཁ་ཅིག་ནི། ལམ་རིང་པོར་ཚོང་སྤོགས་བྱས་ན་ནོར་མང་དུ་རྙེད་དོ། །ཞེས་ཟེར་རོ། ཁ་ཅིག་ནི། རྒྱ་མཚོར་ཞུགས་ཏེ་ནོར་བུ་རིན་པོ་ཆེ་བླངས་ན་རིན་པོ་ཆེ་མང་དུ་འགྱུར་རོ། །ཞེས་ཟེར་རོ། །སྦྱིན་པ་ཆེན་པོས་དེ་དག་གིས་སྨྲས་པ་ཐོས་ནས་ཞིང་རྨོ་བ་དང༌། རྐང་འགྲོ་སྤེལ་བ་དང༌། ལམ་རིང་པོར་ཚོང་ལ་འགྲོ་བ་ནི། ངའི་ཆ་མ་ཡིན་གྱི། རྒྱ་མཚོར་འཇུག་པ་འབའ་ཞིག་ངའི་ཆའོ། །ཞེས་སྨྲས་ནས་རྒྱ་མཚོར་འཇུག་གོ་སྙམ་བསམས་ཏེ་ཕ་མ་ལ་འདི་སྐད་ཅེས་སྨྲས་སོ། །བདག་ནི། རྒྱ་མཚོ་ནས་རིན་པོ་ཆེ་མང་པོ་བླངས་ཏེ་དབུལ་ཕོངས་པ་ལ་སྦྱིན་པ་ཡིད་བཞིན་དུ་བགྱིའོ། །བདག་རྒྱ་མཚོར་རིན་པོ་ཆེ་ལེན་དུ་མཆིར་གནོང་ཞིག་ཅེས་སྨྲས་སོ། །དེའི་ཕ་མས་དེ་སྐད་ཅེས་སྨྲས་པ་ཐོས་ནས་འཁམས་ཏེ་བུ་ལ་འདི་སྐད་ཅེས་སྨྲས་སོ། །འཇིག་རྟེན་ན་དབུལ་འཕོངས་པ་དག་ནི། བློ་མེད་དེ། ལུས་དང་སྲོག་དང་བསྡོས་ནས་འགྲོ་བར་བྱེད་དོ། །ཁྱོད་ཅིས་ཕོངས་ནས་དེ་ལྟ་བུར་སེམས། ཁྱོད་སྦྱིན་པ་བྱེད་འདོད་ན། ཁྱིམ་ན་ཡོད་པའི་ནོར་ཐམས་ཅད་སྦྱིན་པར་བྱོས་ཤིག །རྒྱ་མཚོར་ནི། འགྲོར་མི་རུང་སྟེ། རྒྱ་མཚོའི་ནང་ན་ཆུ་རླབས་དང༌། དབའ་ཀློང་འཁྱིལ་བ་དང༌། ཆུ་སྲིན་དང༌། ཀླུ་གདུག་པ་དང༌། སྲིན་མོ་དང༌། རི་ཆུའི་མདོག་ཅན་ལ་སོགས་ཏེ་ཤིན་ཏུ་ཡང་བའི་བགེགས་མང་དུ་ཡོད་པས་ཐར་པར་དཀའ་ན། ཁྱོད་ཅིས་ཕོངས་ནས་སྲོག་དང་བསྡོ་བར་བྱེད། འདི་ལ་ནི། ཉན་པ་མེད་ཀྱི། མ་སེམས་པར་འདུག་ཅིག་ཅེས་བསྒོའོ། །སྦྱིན་པ་ཆེན་པོས་དེ་སྐད་ཅེས་བསྒོ་བ་ཐོས་ནས་བསམ་པ་བཞིན་དུ་མ་གྲུབ་པས་ཡི་དམ་བཅས་ཏེ། བསམ་པ་འདི་མ་གྲུབ་ཀྱི་བར་དུ་ཕ་མའི་མདུན་དུ་ས་ལ་ཁས་བུབ་ཏུ་ཉལ་ཏེ་མི་ལྡང་ངོ་སྙམ་བསམས་ནས་ཡབ་ཡུམ་གྱིས་མཁྱེན་པར་མཛོད་ཅིག །བདག་ནི། བསམ་པ་བཞིན་དུ་མ་གྲུབ་ཀྱི་བར་དུ་ཁས་བུབ་ཏུ་ཉལ་བ་འདི་ལས་མི་ལྡང་ངོ༌། །ཞེས་སྨྲས་སོ། །

        དེ་ནས་ཕ་མ་མི་དགའ་སྟེ་གཉེན་བཤེས་དང་བགྲོས་ནས་རྒྱ་མཚོའི་ནང་དུ་བགེགས་ཡང་བ་མང་དུ་ཡོད་པའི་གཏམ་ཡང་བྱས། བདག་ཀྱང་རྨོངས་པ་ལས་ལོ་བཅུ་གཉིས་ཀྱི་བར་དུ་ལྷ་ཀུན་ལ་མཆོད་དེ་ཁྱོད་ལྟ་ཞིག་ངའི་བུར་སྐྱེས་ན། ངེད་མ་དོར་བར་ཟན་ཟོ་ཞིག་ཅེས་ཞག་གཅིག་ཞག་གཉིས་ནས་ཞག་དྲུག་གི་བར་དུ་ཚིག་རྣམ་པ་སྣ་ཚོགས་ཀྱིས་གྲོས་བཏབ་ཀྱང་མ་ཉན་ཏེ། སྔར་ཇི་སྐད་ད་སྨྲས་པ་ལས་མ་ལྡོག་གོ །ཕ་མ་སྐྲག་ནས་ཡང་འདི་སྐད་ཅེས་སྨྲས་སོ། །བདག་གི་བུ་འདི་ཐོག་མ་ནས་ད་ཙམ་གྱི་བར་དུ་བྱ་བ་བརྩམས་པ་མཐར་མ་གྲུབ་ཀྱི་བར་དུ་མི་གཏོང་བས། རྒྱ་མཚོར་བཏང་ན་བརྒྱ་ལ་ཕྱིར་ལྡོག་ཀྱང་སྲིད་ཀྱི། མ་བཏང་ན་ཞག་བདུན་ལོན་ན་འཕྲལ་དུ་བྱེ་བྲག་འབྱེ་སྟེ། ད་ནི། གཏང་དགོས་སོ་སྙམ་བགྲོས་ནས་བུའི་དྲུང་དུ་སོང་སྟེ་ལག་པ་ནས་བཟུང་ནས་བུ་ལོངས་ལ་ཟན་ཟོ་ཞིག །ཡིད་བཞིན་དུ་འགྲོ་བར་གནང་ངོ༌། །ཞེས་སྨྲས་པ་དང༌། སྦྱིན་པ་ཆེན་པོ་ཡང་ལངས་ཏེ་བཟའ་བ་ཟོས། བཏང་བ་འཐུངས་སོ། །དེ་ནས་ཕྱི་རོལ་ཏུ་བྱུང་སྟེ་མི་མང་པོ་ལ་ཁོ་བོ་རྒྱ་མཚོར་རིན་པོ་ཆེ་ལེན་དུ་འགྲོའོ། །ཁྱེད་སུ་འགྲོར་དགའ་བ་རྣམས་དང་འགྲོགས་ཏེ་འདོང་གི། དེ་དད་པོན་ཡང་ཁོ་བོས་བྱ་ལ་ཡོ་བྱེད་ཀྱང་ཁོ་བོས་སྦྱར་རོ། །ཞེས་བསྒྲགས་སོ། །དེའི་ཚེ་མི་ལྔ་བརྒྱ་ཙམ་ཡང་འགྲོ་བར་ཁས་བླངས་ནས་སོ་སོ་ནས་ཡོ་བྱད་སྦྱར་ཏེ་ནམ་འགྲོ་བའི་དུས་ཀྱང་བྱས་ནས་དུས་བཞིན་དུ་ལམ་དུ་ཞུགས་ཏེ་ཆོས་སོ། །ལམ་དུ་འཇུག་པའི་ཚེ་ཁྱེའུའི་ཕ་མ་དང༌། རྒྱལ་པོ་དང༌། རྒྱལ་བུ་དང༌། བློན་པོ་ལ་སོགས་ཏེ་ཡུལ་མི་ཐམས་ཅད་ཀྱིས་ཀྱང་བསྐྱལ་ནས་རྫོངས་བསྟབས་སོ། །ཕ་མས་ཀྱང་ངུས་ཏེ་ཕྱི་ཕྱག་བྱས་ནས་ཞག་དུ་མའི་ལམ་འདས་པ་དང༌། འབྲོག་སྟོང་དུ་ཕྱིན་ཏེ་ནུབ་མོ་དགོང་མ་ལ་དུ་མི་རྒོད་ཀྱིས་བཅོམ་ནས་ནོར་རྫས་ཀུན་འཕྲོག་གོ །དེ་ནས་སོང་སོང་བ་ལ་གྲོང་ཁྱེར་ཤུ་པ་ར་ཞེས་བྱ་བར་ཕྱིན་ནས་གྲོང་ཁྱེར་དེ་ན་བྲམ་ཟེ་ཀ་པི་ལི་ཞེས་བྱ་བ་དང་ཕྲད་དེ། བྲམ་ཟེ་དེའི་ཁྱིམ་དུ་སོང་ནས་བྲམ་ཟེ་དེ་ལས་སྦྱིན་པ་ཆེན་པོས་གསེར་སྲང་སུམ་སྟོང་བསླང་བར་བྱས་སོ། །དེའི་ཚེ་ན་བྲམ་ཟེ་དེ་ལ་བུ་མོ་གསེར་གྱི་མདོག་ཅན། སྐྲ་མཐོན་མཐིང་ཁར་འདུག་པ། རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་སྙེད་ཀྱི་རྒྱལ་བུ་ཐམས་ཅད་ཀྱིས་བསླངས་ན་ཡང་མ་སྟེར་བ་ཞིག་ཡོད་དེ། དེའི་ཚེ་ན་སྦྱིན་པ་ཆེན་པོ་བྲམ་ཟེ་དེའི་སྒོར་སོང་སྟེ་བྲམ་ཟེ་ཀ་པི་ལི་འདུག་གམ་ཞེས་དྲིས་པའི་ཚེ་བུ་མོས་ཁྱིམ་གྱི་ནང་ནས་སྦྱིན་པ་ཆེན་པོའི་སྐད་ཐོས་པ་ཙམ་གྱིས་སྒོ་ཕྱི་ན་སྐད་གྲག་པ་འདི་ཁོ་མོའི་ཁྱིམ་ཐབ་ཡིན་ནོ། །ཞེས་ཕ་མ་ལ་སྨྲས་སོ། །དེ་ནས་བྲམ་ཟེ་སྒོར་བྱུང་ནས་ཕྲད་པ་དང༌། ཁྱེའུ་དེ་ལ་འདི་ནི། ངེས་པར་གཞན་བས་འཕགས་སོ་སྙམ་བསམས་སོ། །ཁྱེའུ་དེས་གསེར་བསླངས་པ་དང༌། བྲམ་ཟེས་ཀྱང་སྦྱིན་པར་གནང་ནས་ལག་པ་ཡ་གཅིག་ཏུ་ནི། གསེར་ཐོགས། ལག་པ་ཡ་གཅིག་གིས་བུ་མོ་ཁྲིད་དེ། བུ་མོ་འདི་ཡང་ཁྱོད་ཀྱི་ཆུང་མར་སྦྱིན་གྱི། ལོངས་ཤིག་ཅེས་སྨྲས་པ་དང༌། སྦྱིན་པ་ཆེན་པོས་སྨྲས་པ། བདག་ནི། རྒྱ་མཚོ་ཆེན་པོར་རིན་པོ་ཆེ་ལེན་དུ་འགྲོ་སྟེ། རྒྱ་མཚོའི་ནང་ན་བགེགས་ཤིན་ཏུ་མང་བས་ཁོ་བོ་འཁོར་ཏམ་མི་འཁོར་གྱི་གཏོལ་མེད་དེ། ཁྱོད་ཀྱི་བུ་མོ་ཆུང་མར་ལེན་པའི་ཐུགས་མི་ཐུབ་བོ། །བྲམ་ཟེས་སྨྲས་པ། ཁྱོད་བདེ་བར་འཁོར་ན་བུ་མོ་འདི་ཆུང་མར་ལོངས་ཤིག་ཅེས་སྨྲས་པ་དང༌། སྦྱིན་པ་ཆེན་པོས་ཀྱང་ཕྱིར་འཁོར་ན་དེ་བཞིན་དུ་བྱའོ། །ཞེས་སྨྲས་སོ། །

        དེ་ནས་བྲམ་ཟེས་ཀྱང་གསེར་སྲང་སུམ་སྟོང་དང༌། གཞན་ཡང་ཡོ་བྱད་ཅི་དགོས་པ་ཀུན་སྦྱར་ཏེ། དེ་ནས་ཆས་པས་རྒྱ་མཚོའི་ངོགས་སུ་ཕྱིན་ཏོ། །དེ་ནས་གྲུ་བཅོས་ཏེ་གྲུའི་ནང་དུ་ཞུགས་ནས་དེ་ནས་ཐག་པ་བདུན་གྱིས་བརྟོད་དེ་གྲུའི་ནང་ནས་འདི་སྐད་ཅེས་སྨྲས་སོ། །རྒྱ་མཚོའི་ནང་ན་བགེགས་འདི་དག་ཡོད་དེ། འདི་ལྟ་སྟེ། རླུང་ནག་པོ་དང༌། སྲིན་པོ་དང༌། ཆུའི་དབའ་རླབས་འཁྱིལ་པ་དང༌། ཀླུ་གདུག་པ་དང༌། ཆུའི་མདོག་ལྟ་བུའི་རི་དང༌། ཆུ་སྲིན་ལ་སོགས་པའི་བགེགས་ཡང་བ་མང་དུ་ཡོད་ཀྱི། ཁྱེད་ལས་འགྲོར་མི་དད་པ་ཞིག་ཡོད་ན་འདི་ལས་ཕྱིར་ལོག་ཅིག། །ཕྱིས་འགྱོད་པར་གྱུར་ཏ་རེ། གལ་ཏེ་ལུས་དང་སྲོག་ལ་མི་ལྟ་སྟེ། ཕ་མ་དང༌། ཕུ་ནུ་དང༌། བུ་དང༌། ཆུང་མ་དང༌། གཉེན་བཤེས་ལ་མི་ཆགས་ན་འདོང་ངོ༌། །གལ་ཏེ་བདེ་བར་ཕྱིན་ན། རིན་པོ་ཆེ་སྣ་བདུན་གྱིས་བུ་ཚ་རབས་བདུན་ཚུན་ཆད་ཕྱུག་པར་འགྱུར་ཏེ། ལོངས་སྤྱོད་ཟད་མི་ཤེས་པར་འགྱུར་རོ། །ཞེས་སྨྲས་ནས་ཐག་པ་གཅིག་བཅད་དོ། །དེ་བཞིན་དུ་ཉི་མ་བདུན་གྱི་བར་དུ་ཉིན་རེ་ལན་རེ་དེ་སྐད་སྒྲས་ནས་རྟོད་ཐག་རེ་རེ་བཅད་དེ་རླུང་དང་སྦྱར་ཏེ་གཡོར་ཤིང་བསྒྲེང་བས་མགྱོགས་ཁྱོད་མདའ་བཞིན་སོང་ངོ༌། །དེ་ནས་ཚོང་བ་དག་དང་རིན་པོ་ཆེའི་གླིང་དུ་ཕྱིན་ནས་སྦྱིན་པ་ཆེན་པོ་མང་དུ་ཐོས་པས་རིན་པོ་ཆེ་བརྟག་པ་ལ་ཡང་ཤིན་ཏུ་མཁས་ཏེ། རིན་པོ་ཆེ་བཟང་ངན་དང༌། ལྕི་ཡང་དང༌། ཇི་ཙམ་རི་བའི་རིན་ཐང་ཕན་ཚུན་ཚོང་པ་རྣམས་ལ་བསྟན་ནས་རིན་པོ་ཆེ་ཁ་ངོག་འདི་ལྟ་བུ་ནི། ཡང་མོད་ཀྱི། རིན་ཆེའོ། །རིན་པོ་ཆེ་འདི་དག་ནི། ལྕི་ཡང་རིན་ཆུང་གི །མ་ལེན་ཅིག །ཧ་ཅང་ཡང་མང་ཆེས་ན་གྲུ་ལྕི་བས་འབྱིང་ངོ༌། །ཧ་ཅང་ཉུང་ཆེས་ན་ཡང་ཉོན་མོངས་ཏེ་སོང་སོང་བའི་དོན་མེད་པས། འདི་ཙམ་ཞིག་ནི། རན་ནོ། །ཞེས་བྱ་བ་ལ་སོགས་པའི་ཚོད་ཀྱང་བསྟན་ནས་རིན་པོ་ཆེ་གྲུར་བརྫངས་ཏེ་ཅི་ལ་ཡང་མ་རག་ནས་ད་ཕྱིར་འདོང་ངོ༌། །ཞེས་ཆས་པ་དང༌། སྦྱིན་པ་ཆེན་པོ་གྲུའི་ནང་དུ་འོང་དུ་མ་བཏུབ་ནས་ཚོང་པ་རྣམས་ལ་ཁོ་བོ་ནི། ཀླུའི་རྒྱལ་པོའི་ཕོ་བྲང་ནས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་མ་ཐོབ་ཀྱི་བར་དུ་མི་ལྡོག་གོ །ཞེས་སྨྲས་སོ། །དེ་ནས་ཚོང་པ་རྣམས་ཀྱིས་དུས་ཏེ་མྱ་ངན་གྱིས་ཡི་མུག་ནས་འདི་སྐད་ཅེས་སྨྲས་སོ། །བདག་ཅག་ཚོང་པ་འདི་རྣམས་ནི། སྐྱེས་བུ་དེད་དཔོན་ཁྱོད་ཀྱི་གཡོག་ཏུ་འོངས་ཏེ། ད་ཁྱོད་ཀྱིས་འདིར་དོར་ཏོ་མི་འགྲོ་ན་བདག་ཅག་ཀྱང་ཕྱིར་ཁྱིམ་དུ་མི་ཕྱིན་ཏེ། ཐམས་ཅད་འཁྱམས་པར་འགྱུར་རོ། །

        སྦྱིན་པ་ཆེན་པོས་སྨྲས་པ། ཚོང་པ་ཁྱེད་ཅག་མི་ཉེས་པར་ཡུལ་དུ་ཕྱིན་པར་ཁོ་བོས་ཀྱང་སྨོན་ལམ་གདབ་བོ། །ཞེས་བོག་པོར་ལག་ཏུ་བླངས་ཏེ་ཕྱོགས་བཞིར་མཆོད་ནས་འདི་སྐད་ཅེས་སྨྲས་སོ། །བདག་ནི། རིན་པོ་ཆེ་བླངས་ཏེ་སེམས་ཅན་ཕོངས་པ་ལ་སྤྱིན་པར་མ་ཟད་ཀྱི། དེ་ལྟར་སྦྱིན་པ་བྱེད་པའི་བསོད་ནམས་དེས་སངས་རྒྱས་སུ་འགྲུབ་པའི་ཕྱིར་རོ། །བདག་གིས་སྨྲས་པ་འདི་བདེན་ཏེ་སྨོན་ལམ་བཞིན་དུ་འགྲུབ་ན། ཚོང་པ་འདི་དག་རིན་པོ་ཆེ་དང་བཅས་པ་ཉེ་ཞེ་མེད་པར་འཛམ་བུའི་གླིང་དུ་བདེ་བར་ཕྱིན་པར་ཤོག་ཅིག་ཅེས་སྨོན་ལམ་བཏབ་ནས་ཐག་པ་བཅད་དེ་གཡོར་ཤིང་བསྒྲེངས་ནས་ཕྱིར་འཛམ་བུའི་གླིང་དུ་བདེ་བར་དོང་ངོ༌། །དེ་དག་སོང་བའི་འོག་ཏུ་སྦྱིན་པ་ཆེན་པོ་ཆུར་ཞུགས་ཏེ་སོང་བ་ལས་ཞག་བདུན་གྱི་བར་དུ་ནི། པུས་མོ་ཙམ་ལས་མ་ནུབ་བོ། །དེ་ནས་ཡང་ཞག་བདུན་གྱི་བར་དུ་ནི། བརླ་དྲུང་ཙམ་ལས་མ་ནུབ་བོ། །དེ་ནས་ཡང་ཞག་བདུན་སོང་བ་ལས་རྐེད་པ་ཙམ་ལས་མ་ནུབ་བོ། །ཞག་བདུན་ལོན་གྱི་བར་དུ་ནི། ཕྲག་པ་ཙམ་དུ་ཕྱིན་ཏོ། །དེ་ནས་ཞག་བདུན་གྱི་བར་དུ་ནི། རྐྱལ་ལོ། །དེ་ནས་རི་ཞིག་གི་དྲུང་དུ་ཕྱིན་པ་དང་ཤིང་ལ་འཇུས་ཏེ་རི་ལ་འཛེགས་ནས་ཞག་བདུན་གྱིས་རྩེ་མོར་ཕྱིན་ཏོ། །རི་རྩེར་ཞག་བདུན་སོང་སོང་ནས་ཡང་ཞག་བདུན་གྱིས་ཤོད་དུ་ཆུ་འགྲམ་དུ་ཕྱིན་ཏོ། །ཆུ་འགྲམ་དུ་ཕྱིན་པ་དང་ཆུའི་ནང་ན་པདྨ་གསེར་གྱི་མདོག་ཅན་ཡོད་པ་ལ་སྦྲུལ་གདུག་པས་པདྨའི་རྩ་བ་ལ་དཀྲིས་ཤིང་འདུག་པ་མཐོང་ངོ༌། །དེ་ནས་བྱང་ཆུབ་སེམས་དཔའ་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་ནས་སེམས་རྩེ་གཅིག་ཏུ་བྱམས་པའི་ཏིང་ངེ་འཛིན་ལ་ཞུགས་ཏེ། སྦྲུལ་གདུག་པ་འདི་དག་ཀྱང་སྔོན་ཞེ་སྡང་དང༌། ཕྲག་དོག་བྱས་པའི་རྐྱེན་གྱིས་འདི་ལྟ་བུའི་ལུས་མི་སྡུག་པ་མྱོང་ངོ་སྙམ་ལྷག་པར་དེ་ལ་སྙིང་བརྩེ་བའི་སེམས་སྐྱེས་པས་སྦྲུལ་གདུག་པ་དེའི་གདུག་པ་ཀུན་ཞི་ནས་བྱང་ཆུབ་སེམས་དཔའ་པདྨ་དེའི་སྟེང་ནས་གོམ་པ་དོར་ཏེ་སོང་སོང་བ་ལས་ཞག་བདུན་གྱིས་སྤྲུལ་གདུག་པ་དེ་དག་ལས་བརྟོལ་ཏོ། །དེ་ནས་ཡང་སོང་སོང་བ་ལས་སྲིན་པོ་དང་ཕྲད་ནས་སྲིན་པོ་དེ་དག་མིའི་དྲི་ཚོར་བས་ཀུན་ཏུ་ཚོལ་ལོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་རྩེ་གཅིག་ཏུ་བྱམས་པའི་སེམས་ཀྱིས་བརྟགས་པས་སྲིན་པོ་དེ་དག་འཇམ་པའི་ཚིག་གིས་སྐྱེས་བུ་ཁྱོད་གང་ནས་འོངས། གང་དུ་འགྲོ་ཞེས་དྲིས་སོ། །དེ་ལ་སྦྱིན་པ་ཆེན་པོས་ཁོ་བོ་ནི། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཚོལ་དུ་འོངས་སོ། །ཞེས་སྨྲས་སོ། །

        དེ་ནས་སྲིན་པོ་དེ་དག་རབ་ཏུ་དགའ་སྟེ། འདི་ནི།བསོད་ནམས་ཆེན་པོ་དང་ལྡན་པ་ཞིག་སྙམ་བསམས་ནས་འདི་ནི། ད་དུང་ཀླུའི་ཕོ་བྲང་ལས་ཤིན་ཏུ་རིང་སྟེ་ནམ་ཡང་མི་ཕྱིན་པས་ཉོན་མོངས་པར་འགྱུར་གྱི། མཐུ་ཞིག་བསྟངས་ཏེ་བསྐྱལ་ལོ་སྙམ་ནས་ནམ་མཁའ་ལ་ཁྱེར་ཏེ་དཔག་ཚད་བཞི་བརྒྱའི་ཕ་རོལ་ཏུ་ཕྱིན་ནས་ཕྱིར་ཡང་ས་ལ་བཞག་གོ །སྦྱིན་པ་ཆེན་པོ་དེ་ནས་ཡང་སོང་སོང་བ་ལས་རིང་པོ་མ་ལོན་པར་དངུལ་གྱི་མཁར་ཞིག་མཐོང་ནས་ཀླུའི་གནས་ཡིན་ནོ་སྙམ་བསམས་ཏེ་ཉེ་བར་སོང་ངོ༌། །མཁར་དེའི་ཕྱི་རོལ་འོབས་རིམ་པ་བདུན་གྱིས་བསྐོར་ཏེ་འོབས་ཀྱི་ནང་ན་སྦྲུལ་གདུག་པ་འཇིགས་སུ་རུང་བས་གང་ངོ༌། །སྦྱིན་པ་ཆེན་པོས་དེ་དག་མཐོང་ནས་སྦྲུལ་གདུག་པ་འདི་དག་ནི། སྔོན་ཞེ་སྡང་ཆེ་བའི་ལན་གྱིས་འདི་ལྟ་བུའི་ལུས་འཇིགས་སུ་རུང་བ་མྱོང་བར་གྱུར་ཏོ་སྙམ་སྟེ། དེ་ལ་བུ་གཅིག་པ་དང་འདྲ་བར་བྱམས་ཤིང་སྙིང་རྗེ་བའི་སེམས་སྐྱེས་ཏེ། དེ་ལྟར་བྱམས་པའི་སེམས་བསྐྱེད་པས་སྤྲུལ་གྱི་གདུག་པ་ཡང་ཞི་བར་གྱུར་ནས་སྤྲུལ་དེ་དག་བརྫིས་ཏེ་ཀླུའི་མཁར་དུ་སོང་ངོ༌། །མཁར་དེ་ལ་ཀླུ་གཉིས་ཀྱིས་དཀྲིས་ཏེ་ཀླུའི་མགོ་མཁར་སྒོ་ལ་བསྟན་ཏོ། །ཀླུ་དེ་གཉིས་ཀྱིས་སྦྱིན་པ་ཆེན་པོ་མཐོང་ནས་མགོ་བཏེག་སྟེ་གདུག་པ་འབྱིན་པ་ལས་སྦྱིན་པ་ཆེན་པོ་བྱམས་པའི་སེམས་བསྐྱེད་པས། གདུག་པ་ཡང་ཞི་ནས་མགོ་སྨད་དེ་ཉལ་ལོ། །སྦྱིན་པ་ཆེན་པོས་ཀླུའི་མགོ་ལ་བརྫིས་ནས་མཁར་གྱི་ནང་དུ་སོང་བ་དང༌། མཁར་གྱི་ནང་ན་ཀླུ་ཞིག་རིན་པོ་ཆེ་སྣ་བདུན་གྱི་གཞལ་མེད་ཁང་ན་འདུག་པ་མཐོང་ངོ༌། །ཀླུའི་རྒྱལ་པོ་དེས་བྱང་ཆུབ་སེམས་དཔའ་མཐོང་བ་དང་སྡངས་ཏེ་འདི་སྙམ་དུ་བསམས་སོ། །ངའི་གནས་འདི་འོབས་རིམ་པ་བདུན་གྱིས་བསྐོར་ཏེ་འོབས་ཀྱི་ནང་ན་སྦྲུལ་གདུག་པས་གང་བས། ཀླུ་དང༌། གནོད་སྦྱིན་མ་ཡིན་པ་གཞན་གང་ཡང་འདིར་འོང་བའི་ཐུགས་མི་ཐུབ་ན། འདི་ལྟ་བུ་སུ་ཞིག་ཡིན་སྙམ་སྟེ་འདུག་པ་ལས་ལངས་ནས་བསུ་སྟེ་བསྟི་སྟང་དང་བཅས་པས་ཕྱག་བྱས་ནས་རིན་པོ་ཆེའི་ཁྲི་ལ་བཞག་སྟེ་ཁ་ཟས་རྣམ་པ་སྣ་ཚོགས་བྱིན་ནོ། །ཁ་ཟས་ཟོས་ནས་ཁྱོད་འདིར་ཅི་ལ་འོངས། ཇི་ལྟར་ཕྱིན་ཅེས་དྲིས་སོ། །བྱང་ཆུབ་སེམས་དཔས་སྨྲས་པ། འཛམ་བུའི་གླིང་གི་མི་དག་ནི། དབུལ་ཕོངས་པས་ནོར་དང་གོས་དང་ཟས་ཀྱི་ཕྱིར་གཅིག་ལ་གཅིག་རྣམ་པ་སྣ་ཚོགས་ཀྱིས་འཚེ་ཞིང་གནོད་པ་བྱེད་དེ། ཚེ་འཕོས་མ་ཐག་ཏུ་ངན་སོང་གསུམ་དུ་ལྟུང་ངོ༌། །བདག་ནི། དེ་དག་ལ་སྙིང་བརྩེ་སྟེ་དེ་དག་གི་མགོན་བྱ་བའི་ཕྱིར་ལམ་རིང་པོ་ནས་ཉོན་མོངས་པ་དང་བསྡོས་ཏེ་རྒྱལ་པོ་ཆེན་པོ་ཁྱོད་ལ་ནོར་བུ་རིན་པོ་ཆེ་སློང་དུ་འོངས་སོ། །ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེས་སེམས་ཅན་ལ་ཕན་གདགས་པའི་བསོད་ནམས་ཀྱིས་མངོན་པར་འཚང་རྒྱ་བར་འཚལ་གྱི། བདག་གིས་ཡིད་དང་མི་འགལ་བར་རིན་པོ་ཆེ་སྩལ་བར་གསོལ། །ཀླུའི་རྒྱལ་པོས་སྨྲས་པ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ནི། ཤིན་ཏུ་ཡང་རྙེད་དཀའ་བ་ཡིན་ཏེ། ཁྱོད་དོན་འདིའི་ཕྱིར་འོངས་ན་འདིར་ཟླ་བ་གཅིག་ཅིག་འདུག་སྟེ། བདག་གིས་མཆོད་པ་ཅུང་ཟད་བཞེས་ལ་བདག་ཅག་ལ་ཆོས་ཀྱང་བསྟན་ན། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཡང་སྦྱིན་ནོ། །ཞེས་བྱས་པ་དང༌། བྱང་ཆུབ་སེམས་དཔས་ཀྱང་དེ་བཞིན་དུ་བྱའོ། །ཞེས་སྨྲས་སོ། །དེ་ནས་ཀླུའི་རྒྱལ་པོས་ཉིན་གཅིག་བཞིན་དུ་ཁ་ཟས་རོ་བརྒྱ་དང་ལྡན་པ་རྣམ་པ་སྣ་ཚོགས་སྦྱར་ཏེ་ཕུལ་ནས་རོལ་མོས་བྱང་ཆུབ་སེམས་དཔའ་ལ་མཆོད་དོ། །བྱང་ཆུབ་སེམས་དཔས་ཀྱང་དེ་ལ་དྲན་པ་ཉེ་བར་གཞག་པའི་ཆོས་ཀྱི་ཡན་ལག་ཟླ་བ་གཅིག་གི་བར་ཏུ་བསྟན་ནས་ཕྱིར་འགྲོའོ། །ཞེས་བྱས་པ་དང༌། ཀླུའི་རྒྱལ་པོ་དགའ་ནས་སྤྱི་བོའི་གཙུག་ཕུད་ལས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་བཀྲོལ་ཏེ་ཕུལ་ལོ། །སྐྱེས་བུ་ཆེན་པོ་འགྲོ་བ་ལ་ཕན་པའི་དོན་དུ་ཡི་དམ་ལ་ཤིན་ཏུ་བརྟན་པ་ཁྱོད་གདོན་མི་ཟ་བར་འཚང་རྒྱའོ། །ནམ་མངོན་པར་སངས་རྒྱས་པ་ན་བདག་ཀྱང་ཁྱོད་ཀྱི་ཉེ་གནས་མཆོག་ཏུ་གྱུར་ཅིག་ཅེས་སྨྲས་སོ། །དེ་ནས་ཀླུའི་རྒྱལ་པོ་ལ་ནོར་བུ་རིན་པོ་ཆེ་འདི་ལ་མཐུ་སྟོབས་ཅི་ཡོད་ཅེས་དྲིས་ན། སྨྲས་པ། ནོར་བུ་འདི་ནི། དཔག་ཚད་ཉིས་སྟོང་ཁོར་ཁོར་ཡུག་ཏུ་དགོས་པ་ཐམས་ཅད་ཆར་བཞིན་དུ་འབེབས་ནུས་སོ། །བྱང་ཆུབ་སེམས་དཔས་བསམ་པ། ནོར་བུ་རིན་པོ་ཆེ་འདི་མཐུ་སྟོབས་ཆེ་མོད་ཀྱི། འོན་ཀྱང་བདག་གིས་བསམ་པའི་དོན་ཆེན་པོ་སྒྲུབ་ནུས་པ་མ་ཡིན་ནོ་བསམས་ནས་ཀླུའི་རྒྱལ་པོ་འཁོར་དང་བཅས་པས་བསྐྱལ་ཏེ་སོང་ངོ༌། །

        དེ་ནས་ཡང་སོང་སོང་བ་ལས་རྒྱང་མ་ནས་བཻ་ཌཱུཪྻ་སྔོན་པོའི་མཁར་ཞིག་མཐོང་ངོ༌། །མཁར་དེ་འདོད་པས་སོང་བ་དང་མཁར་དེའི་དྲུང་དུ་ཕྱིན་པ་དང༌། མཁར་དེ་ཡང་འོབས་རིམ་པ་བདུན་གྱིས་བསྐོར་ཏེ་འོབས་ཀྱི་ནང་ན་སྦྲུལ་གདུག་པས་ཡོངས་སུ་གང་ངོ༌། །བྱང་ཆུབ་སེམས་དཔས་སྦྲུལ་གདུག་པ་དེ་དག་ལ་སྙིང་བརྩེ་ཞིང་བྱམས་པའི་སེམས་བསྐྱེད་པས་སྦྲུལ་གྱི་གདུག་པ་ཞི་ནས་སྦྲུལ་དེ་དག་ལ་བརྫིས་པ་སོང་ངོ༌། །མཁར་སྒོར་ཕྱིན་པ་དང་ཀླུ་གཉིས་ཤིག་མཁར་སྒོ་ན་ཉལ་བ་ཡང་བྱང་ཆུབ་སེམས་དཔའ་སྙིང་བརྩེ་ཞིང་བྱམས་པའི་སེམས་ཀྱིས་ཀླུའི་གདུག་པ་ཞི་ནས་མགོ་ལ་བརྫིས་ཏེ་མཁར་གྱི་ནང་དུ་སོང་ངོ༌། །དེའི་ཚེ་མཁར་དེ་ན་ཀླུའི་རྒྱལ་པོ་ཞིག་རིན་པོ་ཆེ་སྣ་བདུན་གྱི་གཞལ་མེད་ཁང་ན་འདུག་པས་རྒྱང་མ་ནས་བྱང་ཆུབ་སེམས་དཔའ་མཐོང་ནས་འདི་སྙམ་དུ་བདག་གི་གནས་འདི་ལ་འོབས་རིམ་པ་བདུན་གྱིས་བསྐོར་ཏེ། འོབས་ཀྱི་ནང་ན་སྦྲུལ་གདུག་པས་གང་བས་ཀླུ་དང་གནོད་སྦྱིན་མ་ཡིན་པ་གཞན་སུ་ཡང་འོང་བའི་ཐུགས་མི་ཐུབ་ན། མི་འདི་ལྟ་བུ་སུ་ཡིན། གང་ནས་འོངས་སྙམ་སྟེ་ཡ་མཚན་དུ་གྱུར་ནས་བསུ་སྟེ་བསྟི་སྟང་དང་བཅས་པས་ཕྱག་བྱས་ནས་རིན་པོ་ཆེའི་གདན་ལ་བཞག་གོ །དེ་ནས་ཁ་ཟས་རོ་བརྒྱ་དང་ལྡན་པ་རྣམ་པ་སྣ་ཚོགས་སྦྱར་ཏེ་ཕུལ་ནས་བྱང་ཆུབ་སེམས་དཔས་ཁ་ཟས་ཟོས་པའི་འོག་ཏུ་ཁྱོད་འདིར་ཅི་ལས་འོངས། དོན་ཅི་ཡོད་ཅེས་དྲིས་སོ། །བྱང་ཆུབ་སེམས་དཔས་སྨྲས་པ། བདག་ནི། རྒྱལ་པོ་ཁྱོད་ལ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་སློང་དུ་འོངས་སོ། །ཀླུས་སྨྲས་པ། རིན་པོ་ཆེ་ནི། ཤིན་ཏུ་ཡང་རྙེད་པར་དཀའ་སྟེ།ཁྱོད་འདོད་པ་ཡང་དག་ན། ཁོ་བོས་གསོལ་བ་བཞིན་དུ་ཟླ་བ་གཉིས་ཤིག་འདིར་འདུག་སྟེ། བདག་ཅག་ལ་བྱང་ཆུབ་སེམས་དཔའི་སྤྱོད་པ་བསྟན་པས་བདག་ཅག་གི་མཆོད་པ་བཞེས་ན། ནོར་བུ་རིན་པོ་ཆེ་ཡང་སྦྱིན་ནོ། །ཞེས་བྱས་པ་དང༌། སྦྱིན་པ་ཆེན་པོས་ཀྱང་དེ་བཞིན་དུ་བྱའོ། །ཞེས་སྨྲས་སོ། །དེ་ནས་ཀླུའི་རྒྱལ་པོས་ཟླ་བ་གཉིས་ཀྱི་བར་དུ་ཁ་ཟས་རོ་བརྒྱ་དང་ལྡན་པ་རྣམ་པ་སྣ་ཚོགས་སྦྱར་ཏེ་ཕུལ་ནས་རོལ་མོ་སྣ་ཚོགས་ཀྱིས་མཆོད་དེ་བྱང་ཆུབ་སེམས་དཔས་ཀྱང་དེ་དག་ལ་རྫུ་འཕྲུལ་གྱི་རྐང་པ་བཞིའི་ཆོས་ཀྱི་རྣམ་གྲངས་ཟླ་བ་གཉིས་ཀྱི་བར་དུ་བསྟན་ཏེ་ཕྱིར་འགྲོ་བར་བསམས་ནས་ཀླུའི་རྒྱལ་པོས་ཀྱང་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་བཀྲོལ་ཏེ་ཕུལ་ནས་སྐྱེས་བུ་ཆེན་པོ་ཡི་དམ་ལ་ཤིན་ཏུ་བརྟན་པ་ཁྱོད་གདོན་མི་ཟ་བར་འཚང་རྒྱའོ། །ནམ་མངོན་པར་སངས་རྒྱས་པ་ན་བདག་ཀྱང་ཁྱོད་ཀྱི་ཉེ་གནས་བགྱིའོ། །ཞེས་སྨྲས་པ་དང༌། དེ་བཞིན་དུ་གྱུར་ཅིག་ཅེས་སྨྲས་སོ། །ནོར་བུ་རིན་པོ་ཆེ་འདི་ལ་མཐུ་སྟོབས་ཅི་ཡོད་ཅེས་དྲིས་ན། ནོར་བུ་འདི་ནི། དཔག་ཚད་བཞི་སྟོང་ཁོ་ར་ཁོར་ཡུག་ཏུ་ཅི་འདོད་པ་ཐམས་ཅད་ཆར་བཞིན་དུ་འབེབས་སོ། །ཞེས་སྨྲས་སོ། །བྱང་ཆུབ་སེམས་དཔའ་ཡང་འདི་སྙམ་དུ་རིན་པོ་ཆེ་འདི་མཐུ་སྟོབས་ཆེ་མོད་ཀྱི། བདག་གི་བསམ་པ་སྒྲུབ་ནུས་པ་མ་ཡིན་ནོ། །སྙམ་ནས་ཀླུའི་རྒྱལ་པོས་མཁར་གྱི་སྒོའི་ཕྱི་རོལ་ཏུ་བྱང་ཆུབ་སེམས་དཔའ་བསྐྱལ་ཏོ། །དེ་ནས་ཡང་སོང་སོང་བ་ལས་རྒྱང་མ་ནས་གསེར་གྱི་མཁར་རབ་ཏུ་འཚེར་བ་ཞིག་མཐོང་ནས་བྱང་ཆུབ་སེམས་དཔའ་དེའི་དྲུང་དུ་སོང་ནས་ཕྱིན་པ་དང༌། མཁར་དེ་ཡང་འོབས་རིམ་པ་བདུན་གྱིས་བསྐོར་ཏེ། འོབས་ཀྱི་ནང་ན་སྦྲུལ་གདུག་པས་ཡོངས་སུ་གང་བ་མཐོང་ངོ༌། །བྱང་ཆུབ་སེམས་དཔའ་ཡང་བྱམས་པའི་སེམས་བསྐྱེད་པས་སྦྲུལ་གྱི་གདུག་པ་ཞི་ནས་དེ་ལ་བརྫིས་ཏེ་སོང་ངོ༌། །མཁར་དེ་ལའང་ཀླུ་གཉིས་ཤིག་འཁྱིལ་ཏེ་མགོ་སྒོའི་ཕྱི་རོལ་ཏུ་བསྟན་ནས་ཉལ་བ། བྱང་ཆུབ་སེམས་དཔའ་མཐོང་ནས་མགོ་བཏེག་སྟེ་གདུག་པ་འབྱིན་པ་ལས་བྱང་ཆུབ་སེམས་དཔས་སྙིང་བརྩེ་ཞིང་བྱམས་པའི་སེམས་བསྐྱེད་པས་གདུག་པ་ཞི་ནས་དེའི་མགོ་ལ་བརྫིས་ཏེ་མཁར་གྱི་ནང་དུ་སོང་ངོ༌། །མཁར་དེའི་ནང་ན་ཀླུའི་རྒྱལ་པོས་རིན་པོ་ཆེའི་གཞལ་མེད་ཁང་ནས་བྱང་ཆུབ་སེམས་དཔའ་རྒྱང་མ་ནས་མཐོང་སྟེ་འདི་སྙམ་དུ་བདག་གི་གནས་འདི་ནི། འོབས་རིམ་པ་བདུན་གྱིས་བསྐོར་ཏེ། འོབས་ཀྱི་ནང་ན་སྦྲུལ་གདུག་པས་གང་བས་ཀླུ་དང་གནོད་སྦྱིན་མ་གཏོགས་པར་གཞན་གང་ཡང་འོང་བའི་ཐུགས་མི་ཐུབ་ན། མི་འདི་སུ་ཡིན། གང་ནས་འོངས་སྙམ་ངོ་མཚར་དུ་བཟུང་སྟེ་རྒྱང་མ་ནས་བསུ་ནས་བསྟི་སྟང་དང་བཅས་པས་ཕྱག་འཚལ་ཏེ་རིན་པོ་ཆེའི་གདན་ལ་འདུག་ཏུ་བཅུག་གོ །

        དེ་ནས་ཁ་ཟས་རོ་བརྒྱ་དང་ལྡན་པ་རྣམ་པ་སྣ་ཚོགས་སྦྱར་ཏེ་ཕུལ་ནས་ཁ་ཟས་ཟོས་པའི་འོག་ཏུ་ཁྱོད་སུ་ཞིག །གང་ནས་འོངས་ཞེས་དྲིས་སོ། །དེ་ལ་བྱང་ཆུབ་སེམས་དཔས་བདག་ནི། འཛམ་བུའི་གླིང་ནས་མཆིས་ཏེ། འཛམ་བུའི་གླིང་གི་སེམས་ཅན་དག་བསོད་ནམས་ཆུང་བས། ནོར་དང་ཟས་དང་སྐོམ་གྱི་ཕྱིར་གཅིག་ལ་གཅིག་རྣམ་པ་སྣ་ཚོགས་པས་འཚོ་ཞིང་གསོད་དེ། མི་དགེ་བ་བཅུའི་ལས་རྫོགས་པར་བྱེད་པས་ཚེ་འཕོས་མ་ཐག་ཏུ་ངན་སོང་གསུམ་དུ་ལྟུང་ཞིང་སྡུག་བསྔལ་མང་པོ་མྱོང་བར་འགྱུར་བས། བདག་ནི། དེ་དག་ལ་སྙིང་བརྩེ་སྟེ་མགོན་བྱ་བའི་ཕྱིར་རྒྱལ་པོ་ཆེན་པོ་ཁྱོད་ལ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་སློང་དུ་འོངས་སོ། །ཀླུའི་རྒྱལ་པོས་སྨྲས་པ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ནི། རྙེད་པར་སླ་བ་མ་ཡིན་ཏེ། སྐྱེས་བུ་ཁྱོད་བདག་ལ་རེ་སྟེ་འོངས་ན། བདག་གི་གནས་འདིར་ཟླ་བ་བཞི་ཞིག་འདུག་སྟེ་བདག་ཅག་གི་མཆོད་པ་བཞེས་ན། ནོར་བུ་རིན་པོ་ཆེ་ཡང་དབུལ་ལོ། །ཞེས་བྱས་པ་དང༌། བྱང་ཆུབ་སེམས་དཔས་ཀྱང་དེ་བཞིན་དུ་བགྱིའོ། །ཞེས་སྨྲས་ནས། ཀླུའི་རྒྱལ་པོས་ཟླ་བ་བཞིའི་བར་དུ་ཁ་ཟས་རོ་བརྒྱ་དང་ལྡན་པ་རྣམ་པ་སྣ་ཚོགས་སྦྱར་ཏེ་ཕུལ་ནས་རོལ་མོ་མང་པོས་ཀྱང་མཆོད་དོ། །དེ་ལ་བྱང་ཆུབ་སེམས་དཔས་ཆོས་ཀྱི་རྣམ་གྲངས་རྒྱ་ཆེར་ཕྱེ་ཞིང་བསྟན་པས་ཀླུའི་རྒྱལ་པོ་རབ་ཏུ་དགའ་སྟེ་ཀླུ་གཞན་དང༌། གནོད་སྦྱིན་གཞན་ལ་མི་ལྟོས་པར་ཡོ་བྱད་ཐམས་ཅད་ཀྱང་ཡིད་བཞིན་དུ་སྦྱར་ཏོ། །དེ་ལྟ་བུའི་ཚུལ་དུ་ཟླ་བ་བཞི་བྱས་ནས་བྱང་ཆུབ་སེམས་དཔའ་འགྲོ་བར་ཆས་པ་དང༌། ཀླུའི་རྒྱལ་པོས་གཙུག་ཕུད་ནས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་བཀྲོལ་ཏེ་བྱང་ཆུབ་སེམས་དཔའ་ལ་ཕུལ་ནས་སྐྱེས་བུ་ཆེན་པོ་ཡི་དམ་ལ་བརྟན་པ་ཁྱོད་གདོན་མི་ཟ་བར་འཚང་རྒྱའོ། །ནམ་མངོན་པར་སངས་རྒྱས་པ་ན་བདག་ཀྱང་ཉེ་གནས་མཆོག་ཏུ་གྱུར་ཏེ་བསྙེན་བཀུར་བྱེད་པར་ཤོག་ཅིག་ཅེས་སྨོན་ལམ་བཏབ་བོ། །བྱང་ཆུབ་སེམས་དཔས་ཀྱང་དེ་བཞིན་དུ་གྱུར་ཅིག་ཅེས་སྨྲས་ནས་ནོར་བུ་རིན་པོ་ཆེ་འདི་ལ་མཐུ་སྟོབས་ཇི་ཙམ་ཞིག་ཡོད་ཅེས་དྲིས་སོ། །ཀླུའི་རྒྱལ་པོས་སྨྲས་པ། ནོར་བུ་རིན་པོ་ཆེ་འདི་ནི། དཔག་ཚད་བརྒྱད་སྟོང་ཁོར་ཁོར་ཡུག་ཏུ་རིན་པོ་ཆེ་ཆར་བཞིན་དུ་འབེབས་ཏེ། ཅི་འདོད་པ་ཐམས་ཅད་འབེབས་སོ། །ཞེས་སྨྲས་པ་དང༌། བྱང་ཆུབ་སེམས་དཔའ་གདོད་དགའ་ནས་འདི་སྙམ་དུ་འཛམ་བུ་གླིང་གི་ས་ཁྱོན་ནི། དཔག་ཚད་བདུན་སྟོང་ལས་མེད་དེ། ནོར་བུ་རིན་པོ་ཆེ་འདིས་ནི། བདག་གི་རེ་བ་སྐོང་ངོ་སྙམ་བསམས་ནས་སྔ་ཕྱིར་རྙེད་པའི་རིན་པོ་ཆེ་གསུམ་ཆར་གོས་ཀྱི་མཐའ་མར་ཕུར་ཏེ་མཁར་གྱི་སྒོར་བྱུང་བ་དང༌། ཀླུའི་རྒྱལ་པོ་འཁོར་དང་བཅས་པས་བསྐྱལ་ནས་སོ་སོར་དོང་ངོ༌། །བྱང་ཆུབ་སེམས་དཔས་ཕ་ཟད་ཅིག་ཏུ་ཕྱིན་ནས་ནོར་བུ་རིན་པོ་ཆེ་རྣམས་ལག་ཏུ་ཐོགས་ནས་འདི་སྐད་ཅེས་སྨོན་ལམ་བཏབ་བོ། །ནོར་བུ་འདི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཡིན་ཡང་དག་ན། བདག་ནམ་མཁའ་ལ་འཕུར་བར་གྱུར་ཅིག་ཅེས་སྨྲས་སོ། །དེ་སྐད་ཅེས་སྨྲས་མ་ཐག་ཏུ་ནམ་མཁའ་ལ་འཕུར་ཏེ་རྒྱ་མཚོའི་བགེགས་ལས་ཐར་ནས་རྒྱ་མཚོའི་ངོགས་སུ་ཕྱིན་པར་གྱུར་ཏེ། དེ་ན་ཅུང་ཟད་བསྟི་ཞིང་ངལ་སོས་པའི་མལ་དུ་གཉིད་ཀྱིས་ལོག་པ་དང༌། དེའི་ཚེ་རྒྱ་མཚོའི་ཀླུ་བྲན་རྣམས་འདི་སྐད་ཅེས་བགྲོས་སོ། །རྒྱ་མཚོ་འདི་ན་ནོར་བུ་རིན་པོ་ཆེ་འདི་གསུམ་ལས་མེད་དེ། གསུམ་ཆར་མི་འདིས་ཁྱེར་གྱི། ནོར་བུ་འདི་ནི། ཡོན་ཏན་དང་ལྡན་པས་བདག་ཅག་ལ་ཡང་དགོས་ཀྱི་ཕྱིར་བརྐུའོ། །ཞེས་བགྲོས་ནས་བྱང་ཆུབ་སེམས་དཔའ་གཉིད་ཀྱིས་ལོག་པའི་ཚེ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཀླུ་རྣམས་ཀྱིས་ཕྱིར་བརྐུས་སོ། །བྱང་ཆུབ་སེམས་དཔའ་སད་ནས་བལྟས་ན། ནོར་བུ་རིན་པོ་ཆེ་མེད་པས་འདི་སྙམ་དུ་བསམས་སོ། །འད་ནི། གདོན་མི་ཟ་བར་རྒྱ་མཚོའི་ཀླུས་བརྐུས་ཀྱི། བདག་གིས་མཐུ་ཅི་ཡོད་པས་རྒྱ་མཚོའི་ཆུ་བཅུས་ཏེ་བསྐམ་པར་བྱའོ་སྙམ་བསམས་ཏེ་ནོར་བུ་ཕྱིར་མ་ཐོབ་ཀྱི་བར་དུ་ལག་པ་སྟོང་པར་ཕྱིར་མི་འགྲོའོ་སྙམ་ཡི་དམ་བཅས་ནས་རྒྱ་མཚོའི་ངོགས་སུ་སོང་སྟེ་རུས་སྦལ་གྱི་ཁོག་པ་ཞིག་བླངས་ནས་ལག་པ་གཉིས་ཀྱིས་རྒྱ་མཚོའི་ཆུ་བཅུས་སོ། །དེའི་ཚེ་ན་རྒྱ་མཚོའི་ལྷས་དེའི་བསམ་པ་ཤེས་ནས་དེ་ལ་འདི་སྐད་ཅེས་སྨྲས་སོ། །རྒྱ་མཚོ་འདི་ནི། གཏིང་ཟབ་ཅིང་ཡངས་ཏེ། དཔག་ཚད་སྟོང་ཕྲག་སུམ་བརྒྱ་སུམ་ཅུ་ཡོད་པ། གལ་ཏེ་འཛམ་བུའི་གླིང་གི་མི་ཐམས་ཅད་ལོག་ཀྱང་རྒྱ་མཚོ་སྐམ་པར་བྱེད་མི་ནུས་ན། ཁྱོད་གཅིག་པུས་ནུས་པ་ལྟ་ཅི་སྨོས་ཏེ། དོན་མེད་དོ། །བྱང་ཆུབ་སེམས་དཔས་སྨྲས་པ། མི་གཅིག་གི་སྙིང་ནས་ལས་བྱས་ན། ཅི་ཡང་མི་འགྲུབ་པ་མེད་དེ། བདག་གི་རིན་པོ་ཆེ་རྙེད་པ་དེས་འགྲོ་བ་ཐམས་ཅད་ལ་ཕན་པ་དང༌། བདེ་བ་བྱ་བར་བསམས་ཏེ། དེའི་བསོད་ནམས་ཀྱིས་མངོན་པར་འཚང་རྒྱ་བར་འགྱུར་ཏེ། དེ་ལ་སེམས་མ་ཞུམ་ན། ཅིའི་ཕྱིར་རྒྱ་མཚོ་འདི་སྐམ་པར་མི་ནུས་ཞེས་སྨྲས་སོ། །དེའི་ཚེ་ན་ལྷ་ཁྱབ་འཇུག་ལ་སོགས་པས་རྒྱང་མ་ནས་བྱང་ཆུབ་སེམས་དཔའ་གཅིག་པུ་ལུས་ཡིད་མཐུན་པར་རྒྱ་མཚོའི་ཆུ་བཅུས་ཏེ་འགྲོ་བ་མང་པོས་དོན་དུ་དཀའ་བ་བྱེད་པ་མཐོང་ནས་དེ་དག་ཀྱང་བྱང་ཆུབ་སེམས་དཔའ་ལ་བསྟང་ངོ་སྙམ་བསམས་ཏེ་གཅིག་ནས་གཅིག་ཏུ་སྦྲན་ནས་ཐམས་ཅད་བྱང་ཆུབ་སེམས་དཔའི་དྲུང་དུ་ལྷགས་ཏེ། བྱང་ཆུབ་སེམས་དཔའ་སྣོད་ཀྱིས་ཆུ་འཆུ་བ་མཐོང་ནས་ལྷ་དེ་དག་ཐམས་ཅད་སོ་སོའི་གོས་ཕུད་དེ་ཆུར་སྨྱུགས་ནས་ལན་གཅིག་སྨྱུགས་ཏེ་ཕྱིར་ཕྱུང་བས། རྒྱ་མཚོའི་ཆུ་དཔག་ཚད་བཞི་བཅུ་བྲིའོ། །ཡང་ལན་གཉིས་སྨྱུགས་པས་དཔག་ཚད་བརྒྱད་ཅུ་བྲིའོ། །ལན་གསུམ་སྨྱུགས་པས་དཔག་ཚད་བརྒྱ་ཉི་ཤུ་བྲི་ནས་ཀླུ་དེ་དག་འཇིགས་སྐྲག་སྟེ། བྱང་ཆུབ་སེམས་དཔའི་དྲུང་དུ་ལྷགས་ནས་འདི་སྐད་དུ་ཐོང་ཞིག །རྒྱ་མཚོའི་ཆུ་སྐམ་པར་མ་བྱེད་ཅིག་ཅེས་སྨྲས་པ་དང༌། བྱང་ཆུབ་སེམས་དཔས་བཏང་ངོ༌། །

        དེ་ནས་ཀླུ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་ལ་ཁྱོད་ཀྱི་ནོར་བུ་རིན་པོ་ཆེ་འདི་ཅི་ཞིག་ཏུ་དགོས། སྨྲས་པ། སེམས་ཅན་ལ་ཕན་པའི་དོན་དུ་དགོས་སོ། །གླུས་སྨྲས་པ། སེམས་ཅན་ལ་ཕན་པའི་དོན་དུ་དགོས་ན། རྒྱ་མཚོའི་ནང་ན་ཡང་སེམས་ཅན་མང་དུ་ཡོད་ན། ཅིའི་ཕྱིར་བསྐུར་ཞེས་སྨྲས་སོ། །སྨྲས་པ། རྒྱ་མཚོའི་ནང་ན་གནས་པ་ཡང་སེམས་ཅན་ཡིན་མོད་ཀྱི། དེ་ལ་ཕོངས་པའི་སྡུག་བསྔལ་མེད་དོ། །འཛམ་བུ་གླིང་གི་སེམས་ཅན་དག་ནི། ནོར་གྱི་ཕྱིར་གཅིག་གིས་གཅིག་ལ་རྣམ་པར་འཚེ་ཞིང་གནོད་པ་བྱེད་དེ། མི་དགེ་བ་བཅུ་རྫོགས་པར་བྱེད་པས་ཚེ་འཕོས་ནས་ཀུན་སེམས་ཅན་དམྱལ་བར་སྐྱེ་སྟེ། བདག་ནི། དེ་དག་ལ་སྙིང་བརྩེ་བའི་ཕྱིར་རིན་པོ་ཆེ་འདི་དགོས་སོ། །ཞེས་སྨྲས་པ་དང༌། ཀླུ་རྣམས་ཀྱིས་ནོར་བུ་རིན་པོ་ཆེ་ཕྱུང་སྟེ་སླར་ཕུལ་ལོ། །རྒྱ་མཚོའི་ལྷས་བྱང་ཆུབ་སེམས་དཔའ་དོ་ལྟར་བརྩོན་འགྲུས་ལ་བརྟན་པ་མཐོང་ནས་འདི་ནི། གདོན་མི་ཟ་བར་འཚང་རྒྱའོ་སྙམ་སེམས་ཏེ། ནམ་མངོན་པར་སངས་རྒྱས་པ་ན་བདག་ཀྱང་ཉེ་གནས་ཀྱི་མཆོག་ཏུ་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། །དེ་ནས་བྱང་ཆུབ་སེམས་དཔས་རིན་པོ་ཆེ་ཕྱིར་ཐོབ་ནས་སྟེང་གི་ནམ་མཁའ་ལ་འཕུར་ཏེ་གནས་སུ་འོངས་ནས་སྔར་གྱི་ཚོང་པ་གྲོགས་པོ་རྣམས་ཡོད་དམ། བདེ་བར་ཕྱིན་ཏམ་ཞེས་དྲིས་སོ། །ཚོང་པ་གྲོགས་པོ་དག་བདེ་བར་ཕྱིན་ནས་དེ་དག་གཅིག་ལ་གཅིག་དགའ་ནས་གྲོགས་པོ་རྣམས་ཀྱིས་ངོ་མཚར་ཡ་མཚན་དུ་བཟུང་ངོ༌། །དེ་ནས་བྲམ་ཟེ་ཀ་པི་ལིའི་སྒོར་སོང་ནས་བྱང་ཆུབ་སེམས་དཔའ་རྒྱ་མཚོ་ནས་ཕྱིར་ལོག་གོ །ཞེས་ཐོས་ནས་ཐམས་ཅད་ཀྱིས་སྒོར་བསུ་སྟེ་རབ་ཏུ་དགའ་ནས་ཚོང་བ་གྲོགས་པོ་རྣམས་དང་བཅས་པ་ལ་དགའ་སྟོན་ཆེན་པོ་བྱས་སོ། །དེའི་ཚེ་བྱང་ཆུབ་སེམས་དཔས་རིན་པོ་ཆེ་ཐོགས་ཏེ་ཁྱིམ་དུ་འོངས་པ་དང༌། བྲམ་ཟེ་དེའི་བང་མཛོད་ཐམས་ཅད་ཡོངས་སུ་གང་བར་གྱུར་ཏོ། །དེ་ནས་བྲམ་ཟེ་ཀ་པི་ལིས་རིན་པོ་ཆེ་སྣ་ཚོགས་ཀྱིས་བུ་མོ་བརྒྱན་ནས་རིན་པོ་ཆེའི་ཆུ་སྣོད་བསྐུར་ཏེ་བྱང་ཆུབ་སེམས་དཔའི་ལུས་དང་རྐང་ལག་བཀྲུས་ནས་བུ་མོའི་ལག་པ་ནས་བཟུང་སྟེ་བྱང་ཆུབ་སེམས་དཔའ་ལ་གཏད། བྱང་ཆུབ་སེམས་དཔས་ཀྱང་བཞེས་ནས་བྲམ་ཟེ་རབ་ཏུ་དགའ་སྟེ་བུ་མོའི་གཡོག་ཏུ་བུ་མོ་ལྔ་བརྒྱ་དང༌། གླང་པོ་ཆེ་ལྔ་བརྒྱ་ཡང་རིན་པོ་ཆེས་བརྒྱན་ཏེ་རོལ་མོ་བྱས་ནས་བྱང་ཆུབ་སེམས་དཔའ་ལ་བརྫངས་སོ། །དེའི་ཚེ་ན་སྦྱིན་པ་ཆེན་པོའི་ཕ་མ་བུ་དང་དྲལ་བའི་འོག་ཏུ་རྟག་ཏུ་དུས་པས། ཕ་མ་གཉིས་ཀའི་མིག་ལྡོངས་པར་གྱུར་ཏེ།བུ་རྒྱ་མཚོ་ནས་ལོག་པ་དང་ཕ་མ་ཕྲད་ནས་བུས་ཕ་མ་ལ་ཕྱག་འཚལ་ཏེ་ལག་པ་ནས་འཇུས་ཏེ་བུ་ཡིན་པར་རྟོགས་སོ། །སྦྱིན་པ་ཆེན་པོ། ཁྱོད་ཀྱིས་ངེད་པོར་ཏེ་སོང་བའི་འོག་ཏུ་མིག་ཀྱང་ལྡོངས་སོ། །ཁྱོད་རྒྱ་མཚོར་སོང་སོང་ནས་ཅི་རྙེད་ཅེས་དྲིས་པ་དང༌། སྦྱིན་པ་ཆེན་པོས་ནོར་བུ་རིན་པོ་ཆེ་པའི་ལག་ཏུ་བྱིན་ཏེ། བདག་གིས་འདི་རྙེད་དོ། །ཞེས་སྨྲས་ནས་ཕས་ལག་ཏུ་བླངས་ཏེ་བསྣམས་ནས་འདི་ལྟ་བུའི་རྡོ་བ་ནི། ངའི་མཛོད་ན་སྔོན་ཡང་མང་དུ་ཡོད་ན། འདི་ལྟར་ཉོན་མོངས་པ་དང་བསྡོ་ཅི་དགོས་ཞེས་སྨྲས་སོ། །དེ་ནས་བྱང་ཆུབ་སེམས་དཔས་ནོར་བུ་ཕྱིར་བླངས་ཏེ་ཕ་མའི་མིག་ཕྱིས་པ་ཙམ་གྱིས་ཇི་ལྟར་རླུང་དྲག་པོས་སྤྲིན་བུས་པ་བཞིན་དུ་ཕ་མ་གཉིས་ཀྱི་མིག་ཀྱང་སྔར་བས་གསལ་བར་མཐོང་བར་གྱུར་ཏོ། །

        དེ་ནས་ཕ་མ་གཉིས་དགའ་སྟེ། འདི་ནི། ནོར་བུ་རིན་པོ་ཆེ་ཡིན་ཡང་དག་པ་ལྟ་སྟེ། ཉོན་མོངས་པའི་དོན་ཡོད་པར་གྱུར་ཏོ་ཞེས་སྨྲས་སོ། །དེ་ནས་ཡང་སྦྱིན་པ་ཆེན་པོས་རིན་པོ་ཆེ་ཐོགས་ཏེ། ཁྱོད་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཡིན་ཡང་དག་ན། ཁོ་བོའི་ཕ་མའི་འོག་ཏུ་རིན་པོ་ཆེ་སྣ་བདུན་གྱི་གདན་འབྱུང་ཞིང༌། རིན་པོ་ཆེའི་བླ་རེས་སྟེང་ཁེབས་པར་ཤོག་ཅིག་ཅེས་སྨོན་ལམ་བཏབ་མ་ཐག་ཏུ་དེ་བཞིན་དུ་གྲུབ་ནས་རྒྱལ་པོའི་བང་མཛོད་ཐམས་ཅད་ཀྱང་གང་བར་གྱུར་ཏོ། །དེ་ནས་རྒྱལ་པོས་ཕོ་ཉ་ཞིག་གླང་པོ་ཆེ་དཔག་ཚད་བརྒྱ་སྟོང་དུ་འགྲོ་བ་ཞིག་ལ་བསྐྱོན་ཏེ། འཛམ་བུའི་གླིང་གི་མི་ཐམས་ཅད་ལ་སྦྱིན་པ་ཆེན་པོས་རྒྱ་མཚོ་ནས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་རྙེད་དེ། ནོར་བུ་ཡོན་ཏན་ཅན་དེས་ད་སྟེ་ཞག་བདུན་ན་རིན་པོ་ཆེ་ལ་སོགས་པ་གོས་དང༌། ཟས་དང༌། དགོས་པའི་ཡོན་ཏན་ཐམས་ཅད་ཆར་བཞིན་དུ་འབེབས་ཀྱི། སོ་སོ་ནས་ཅི་བདེར་ལོངས་ཤིག་ཅེས་བསྒྲགས་སོ། །དེ་ལྟར་ཀུན་དུ་བསྒྲགས་ནས་སྦྱིན་པ་ཆེན་པོ་ཁྲུས་བྱས་ཏེ་གོས་གསར་པ་བགོས་ནས་ག་ལའི་ཐུང་བུ་མཉམ་པོར་རྒྱལ་མཚན་བཙུགས་ཏེ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ནས་བོག་ཕོར་ལག་ཏུ་བླངས་ནས་འདི་སྐད་ཅེས་སྨོན་ལམ་བཏབ་བོ། །འཛམ་བུ་གླིང་གི་མི་དག་ནི། དབུལ་ཕོངས་པ་ཤ་སྟག་སྟེ། དེ་དག་ལ་ཕན་གདགས་དགོས་ཀྱི། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཡིན་ཏེ་མི་རྫུན་ན། སོ་སོ་ནས་ཅི་དང་ཅི་དགོས་པ་དེ་དང་དེ་དག་ཐམས་ཅད་ཡིད་བཞིན་དུ་ཆར་ལྟར་ཕོབ་ཅིག་ཅེས་སྨྲས་མ་ཐག་ཏུ་ཕྱོགས་བཞི་ནས་རླུང་ནག་པོ་གཡོས་ནས་དེ་མ་ཐག་ཏུ་མི་གཙང་བའི་ཉལ་ཉིལ་ཐམས་ཅད་ཕྱགས་ཏེ་ཆར་ཟིམ་བུ་མི་དྲག་པ་ཞིག་བབ་ནས་རྡུལ་མི་འཐུལ་བར་བྱས་པའི་འོག་ཏུ་ཐོག་མར་བཟའ་བ་དང༌། བཏུང་བ་རོ་བརྒྱ་དང་ལྡན་པ་རྣམ་པ་སྣ་ཚོགས་ཆར་བཞིན་དུ་བབ་བོ། །དེ་ནས་འབྲུ་རྣམས་ཆར་བཞིན་དུ་བབ་བོ། །དེ་ནས་གོས་ཆར་བཞིན་དུ་བབ་བོ། །དེ་ནས་རིན་པོ་ཆེ་ཆར་བཞིན་དུ་བབ་སྟེ། འཛམ་བུའི་གླིང་ནི། རིན་པོ་ཆེའི་ཕུང་པོས་ཡོངས་སུ་གང་ནས་རིན་པོ་ཆེ་དག་སོག་མའམ། གྱོ་མོ་ལྟ་བུར་བྱས་ཏེ་བྱང་ཆུབ་སེམས་དཔས་དེ་ལྟར་ཀུན་ཆོག་པར་བྱས་ནས་འཛམ་བུའི་གླིང་གི་མི་རྣམས་ལ་འདི་སྐད་ཞེས་བསྒོའོ། །འཛམ་བུའི་གླིང་གི་སེམས་ཅན་དག་ནི། གོས་དང༌། ཟས་དང༌། ནོར་གྱི་ཕྱིར་གཅིག་ལ་གཅིག་གསོད་ཅིང་རྣམ་པ་སྣ་ཚོགས་ཀྱིས་གཙེས་པས་སྡིག་པ་མི་དགེ་བའི་ཆོས་འབའ་ཞིག་བྱེད་དེ། ཚེའི་དུས་བྱས་ནས་ངན་སོང་གསུམ་དུ་ལྷུང་སྟེ་མུན་པ་ནས་མུན་པར་འགྲོ་བས་བདག་ནི། དེ་དག་ལ་སྙིང་བརྩེ་བའི་ཕྱིར་རྒྱ་མཚོའི་བགེགས་དང༌། ཉོན་མོངས་པ་མང་དུ་ཁྱེད་དུ་བསད་དེ། ཁྱེད་རྣམས་བདེ་བར་བྱ་བའི་ཕྱིར་རྒྱ་མཚོ་ནས་ནོར་བུ་རིན་པོ་ཆེ་དག་བླངས་ནས་ད་ཁྱེད་ཀུན་ཅིས་ཀྱང་མི་བྲེལ་ཏེ་བདེ་བར་གྱུར་གྱི། ཁྱེད་རྣམས་དགེ་བ་བཅུའི་ལས་ཀྱི་ལམ་ལ་ལུས་དང༌། ངག་དང༌། ཡིད་བསྡུས་ཏེ་བརྩོན་པར་གྱིས་ཤིག་ཅེས་ཐབས་རྣམ་པ་སྣ་ཚོགས་ཀྱི་སྒོ་ནས་བསྟན་ཅིང་བསྐུལ་ཏོ། །དེ་ལྟར་བསྟན་ཅིང་བསྐུལ་ཏེ་དགེ་བ་བཅུའི་ལས་ཀྱི་ལམ་ལ་ནན་ཏན་བྱེད་དུ་བཅུག་པས། འཛམ་བུའི་གླིང་གི་མི་དེ་དག་ཚེ་འཕོས་ནས་མཐོ་རིས་གྱི་ལྷར་སྐྱེས་སོ། །དེའི་ཚེ་དེའི་དུས་ན་དེའི་ཕ་བྲམ་ཟེ་ནྱ་གྲོ་དྷ་ནི། ད་ལྟར་ངའི་ཡབ་ཟས་གཙང་མ་ཡིན་ནོ། །དེའི་མར་གྱུར་པ་ནི། ད་ལྟར་ངའི་ཡུམ་ལྷ་མཛེས་ཡིན་ནོ། །སྦྱིན་པ་ཆེན་པོ་ནི། ང་ཉིད་ཡིན་ནོ། །དངུལ་གྱི་མཁར་ན་འདུག་པའི་ཀླུ་དེ་ནི། ཤཱ་རིའི་བུ་ཡིན་ནོ། །བཻ་ཌཱུཪྻའི་མཁར་ན་འདུག་པའི་ཀླུ་དེ་ནི། མཽ་གལ་ཡན་ཡིན་ནོ། །གསེར་གྱི་མཁར་ན་འདུག་པའི་ཀླུ་དེ་ནི། ཀུན་དགའ་བོ་ཡིན་ནོ། །

        རྒྱ་མཚོའི་ལྷ་དེ་ནི། མ་འགགས་པ་ཡིན་ནོ། །ཀུན་དགའ་བོ་འདི་ཀླུའི་རྒྱལ་པོ་བྱེད་པ་ན་ཡང་ང་ལ་བསྙེན་བཀུར་བྱས་ཏེ་དུས་ལ་མཁས། ད་ལྟར་གྱི་བར་དུ་ཡང་དུས་ལ་མཁས་ཀྱི། འདོད་པ་གསུམ་ཡང་ཡིད་བཞིན་དུ་གནང་ངོ༌། །ཞེས་བཀའ་སྩལ་པ་དང༌། ཀུན་དགའ་བོ་དགའ་མགུ་རངས་ནས་པུས་མོའི་ལྷ་ངས་ས་ལ་བཙུགས་ཏེ་བདག་གིས་ནམ་མཚོའི་བར་དུ་དེ་བཞིན་གཤེགས་པ་ལ་བསྙེན་བཀུར་བགྱིའོ། །ཞེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་འཁོར་མང་པོ་རྣམས་ལ་ལ་ནི།རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པ་ནས་དགྲ་བཅོམ་པའི་འབྲས་བུའི་བར་དུ་ཐོབ་པོ། །ལ་ལ་ནི། རང་སངས་རྒྱས་སུ་གྱུར། ལ་ལ་ནི། བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ལ་ལ་ནི། ཕྱིར་མི་ལྡོག་པའི་ས་ཐོབ་ནས་རྗེས་སུ་ཡི་རང་སྟེ་མངོན་པར་དགའོ། །སྦྱིན་པ་ཆེན་པོ་རྒྱ་མཚོར་ཞུགས་པའི་ལེའུ་སྟེ་སུམ་ཅུ་པའོ།། །།

                                                                         རྩོམ་སྒྲིག་པ། མང་ར་བ།
       གསལ་འདེབས། 
             རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
             དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།