བྲམ་ཟེ་མོ་བདེ་བའི་ལེའུ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-10-26 10:29:43         ཀློག་ཐེངས།  

321248353611970214.jpg

        འདི་སྐད་བདག་གི་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་ཀ་ལནད་ཀ་གནས་པ་འོད་མའི་ཚལ་ན་དགེ་སློང་གྲངས་མེད་པ་དང་ཐབས་ཅིག་ཏུ་བཞུགས་སོ། །དེའི་ཚེ་ཡུལ་དེ་ན་བྲམ་ཟེ་ཤིན་ཏུ་དབུལ་ཞིང་ཕོངས་པ། ཅི་ཡང་མི་བདོག་པ་ཞིག་ཡོད་དེ།བྲམ་ཟེ་དེ་ཕོངས་ཆེས་ནས་ཀུན་ལ་ཇི་ལྟར་བྱས་ན། ཚེ་འདི་ཉིད་ལ་ལོངས་སྤྱོད་དང་ལྡན་པར་འགྱུར་རོ། །ཞེས་དྲིས་སོ། །དེ་ལ་མི་ཞིག་གིས་སྨྲས་པ། ཅི་ཁྱོད་མི་ཤེས་སམ། སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བ་ད་ལྟར་འཇིག་རྟེན་དུ་གཤེགས་ཏེ་སེམས་ཅན་ཐམས་ཅད་ལ་ཕན་པའི་དོན་མཛད་དོ། །དེའི་ཉེ་གནས་འོད་སྲུང་ཆེན་པོ་དང༌། མཽ་གལ་ཡ་ན་དང༌། ཤཱ་རིའི་བུ་དང༌། མ་འགགས་པ་ལ་སོགས་པ་འཕགས་པ་བཞི་ཡང་རྟག་ཏུ་དབུལ་ཕོངས་པ་ལ་ཕན་པའི་དོན་བྱེད་ཀྱི། གལ་ཏེ་ཁྱོད་དད་པའི་སེམས་ཀྱིས་འཕགས་པ་དེ་དག་ལ་ཞལ་ཟས་ཀྱིས་མཆོད་ན། འཕགས་པ་དེ་དག་གིས། ཚེ་འདི་ཉིད་ལ་ཁྱོད་ཅི་དང་ཅི་འདོད་པ་དེ་དང་དེ་དག་དང་ལྡན་པར་མཛད་དོ། །ཞེས་སྨྲས་སོ། །

        དེའི་ཚེ་ན་བྲམ་ཟེ་དེས་མི་དེས་སྨྲས་པ་ཐོས་ནས་རབ་ཏུ་དགའ་སྟེ་ཀུན་ཏུ་རྒྱུ་ཞིང་སློང་མོ་དང་གླ་ཟོས་ནས་ནོར་ཅུང་ཟད་ཅིག་རྙེད་དེ། ཕྱིར་ཁྱིམ་དུ་འོངས་ནས་ཞལ་ཟས་སྦྱར་ཏེ་འཕགས་པ་རྣམས་སྤྱན་དྲངས་ནས་བཤོས་གསོལ་ཏེ། འཇིག་རྟེན་འདི་ཉིད་ལ་ཕན་པར་རེའོ། །དེའི་ཚེ་བྲམ་ཟེ་དེའི་ཆུང་མ་བདེ་བ་ཞེས་བྱ་བ་དེས་དགེ་འདུན་ལ་བཤོས་གསོལ་ནས་ཉིན་ཞག་གཅིག་པའི་བསླབ་ཚིགས་མནོས་སོ། །དེའི་ཚེ་རྒྱལ་པོ་གསལ་རྒྱལ་འཆག་ཏུ་སོང་བ་ལས་ཕྱིར་འོངས་པའི་ལམ་དུ་ཉེས་པ་བྱས་པའི་བཙོན་ཞིག་ལམ་ག་ན་ཤིང་ལ་བཅིངས་ཤིང་འདུག་པ་མཐོང་ངོ༌། །བཙོན་དེས་རྒྱལ་པོ་གཤེགས་པ་མཐོང་ནས་དུས་ཏེ་ཁ་ཟས་ཤིག་བསླངས་པ་དང༌། རྒྱལ་པོས་ཀྱང་སྦྱིན་ནོ། །ཞེས་བྱས་ནས་ཕྱིར་ཕོ་བྲང་དུ་གཤེགས་པ་དང་བརྗེད་པ་ལས་དེའི་ནུབ་མོ་ནམ་ཕྱེད་ཙམ་ན་བཙོན་ལ་ཁ་ཟས་སྦྱིན་པར་བྱས་པ་དྲན་ཏེ་ཁ་ཟས་བསྐྱལ་བར་བྱས་ནས་ཕོ་བྲང་ནང་གི་མི་ནི། གཅིག་ཀྱང་འགྲོ་ཕོད་པ་མེད་དེ། ནམ་ཕྱེད་ན་ཁ་ཟས་བསྐུར་དུ་ལམ་ན་འདྲེ་གདོན་དང༌། སྲིན་པོས་འཇིགས་པས་སྲོག་དང་བསྡོས་ཏེ་འགྲོ་ནུས་པ་མེད་དོ། །

        དེའི་ཚེ་རྒྱལ་པོ་མི་དེའི་སྡུག་བསྔལ་བ་དང༌། བཀྲེས་པས་ཉེན་པ་དྲན་ནས་དེ་ལ་ཤིན་ཏུ་སྙིང་བརྩེ་སྟེ་ངའི་ཡུལ་འདི་ནས་སུ་ཞིག་བཙོན་དེ་ལ་ཁ་ཟས་སྐྱེལ་ནུས་ན། གསེར་སྲང་སྟོང་སྦྱིན་ནོ། །ཞེས་བསྒྲགས་ཀྱང་འགྲོ་ནུས་པ་མ་བྱུང་ངོ༌། །དེའི་ཚེ་བྲམ་ཟེའི་ཆུང་མ་བདེ་བ་དེས་གཏམ་དུ་ཐོས་ན་འཇིག་རྟེན་པ་སུ་ཡང་རུང་སྟ་ཉིན་ཞག་གཅིག་པའི་བསླབ་ཚིགས་བརྒྱད་མནོས་ན། འདྲེ་གདོན་ལ་སོགས་པས་མི་བརྫི་སྟེ། གདོན་ཐམས་ཅད་ཀྱིས་གནོད་པ་བྱེད་མི་ནུས་སོ། །ཞེས་ཐོས་ཀྱི། བདག་ནི། རྒྱལ་པོས་གར་བཏང་བར་འགྲོའོ་སྙམ་བསམས་ནས་ཆས་སོ། །དེ་ནས་རྒྱལ་པོས་བདེ་བ་ལ་ཁྱོད་ཁ་ཟས་འདི་དག་ཁྱེར་ལ་ཆེ་གེ་མོ་ཞིག་ན་བཙོན་འདུག་པ་དེ་ལ་བྱིན་ཅིག་དང༌། གསེར་སྲང་སྟོང་སྦྱིན་ནོ། །ཞེས་དམ་བཅས་སོ། །དེ་ནས་བདེ་བ་རྒྱལ་པོའི་བཀའ་བཞིན་དུ་ཁ་ཟས་ཐོགས་ཏེ་ཚུལ་ཁྲིམས་དྲན་པར་བྱས་ནས་ལམ་དུ་ཞུགས་ཏེ་སོང་སོང་བ་ལས། གྲོང་ཁྱེར་གྱི་ཕྱི་རོལ་ཏུ་སྲིན་མོ་ལམ་པ་དང་ཕྲད་དོ། །

        དེའི་ཚེ་སྲིན་མོ་དེ་བུ་ལྔ་བརྒྱ་གསར་དུ་བཙས་པས་བཀྲེས་སྐོམ་གྱིས་ཉེན་ཏེ་བདེ་བ་འོངས་པར་མཐོང་ནས་བཟའ་བར་གཟས་སོ། །དེའི་ཚེ་བསྙེན་གནས་མ་ཚུལ་ཁྲིམས་མ་ཉམས་པས་སྲིན་མོས་མཐོང་ནས་ཕྱིར་སྐྲག་སྟེ། བསྙེན་གནས་མ་ཁྱོད་ཁྱེར་བའི་ཁ་ཟས་ལས་ཅུང་ཟད་ཅིག་བསླང་ངོ༌། །ཞེས་སྨྲས་པ་དང༌། བསྙེན་གནས་མས་ཀྱང་ཉུང་དུ་ཞིག་བྱིན་ཏེ་བྱིན་པ་ཉུང་མོད་ཀྱི། སྲིན་མོའི་མཐུས་མང་དུ་སྤྲུལ་པས་སྲིན་མོ་མ་སྨད་ཤིན་ཏུ་འགྲངས་པར་གྱུར་ཏོ། །དེ་ནས་སྲིན་མོས་བསྙེན་གནས་མ་ལ་ཁྱོད་ཀྱི་མིང་ཅི་ཞེས་དྲིས་པ་དང༌། ཁོ་མོ་ནི། བདེ་བའོ། །ཞེས་སྨྲས་སོ། །འོ་ན་ཁོ་མོ་མ་སྨད་ཀྱང་ལྟོགས་པ་ལས་ཁྱོད་ཀྱིས་གསོས་ཀྱི། ཁོ་མོ་འདུག་པ་འདི་ན་གསེར་བུམ་པ་གང་ཡོད་ཀྱི་ཕྱིར་ལོག་པའི་ལམ་དུ་ཁྱེར་ཅིག །ཁྱོད་ཕར་འགྲོ་ན་ཁོ་མོའི་ནུ་མོ་ཨ་ལམ་པ་ཡང་ལམ་ག་ན་འདུག་སྟེ་ཁྱོད་དང་ཕྲད་ཀྱི། ཁོ་མོའི་འཕྲིན་དུ་ཁྱོད་བདེའམ། ཁོ་མོ་ཡང་བུ་ལྔ་བརྒྱ་བདེ་བར་བཙས་སོ། །ཞེས་གྱིས་ཤིག །

        དེ་ནས་བསྙེན་གནས་མ་ལམ་དུ་ཞུགས་ཏེ་སོང་སོང་བ་ལས་རིང་པོ་མ་ལོན་པར་ཨལྨྤ་དང་ཕྲད་དོ། །ཨ་ལམྤལ་བུ་མོའི་འཕྲིན་སྤྲིང་པ་དང༌། བུ་ལྔ་བརྒྱ་བདེ་བར་བཙས་སོ། །ཞེས་གཏམ་བྱས་པས་ཨ་ལམྤ་དགའ་སྟེ། བསྙེན་གནས་མ་ལ་ཁྱོད་ཀྱིས་ཁོ་མོའི་ཕུ་མོའི་འཕྲིན་དང་གཏམ་སྙན་བྱས་པ་ལེགས་ཀྱི། ཁོ་མོ་འདུག་པའི་གནས་འདི་ན་གསེར་བུམ་པ་གང་ཡོད་ཀྱི་ཕྱིར་ལོག་པའི་ལས་དུ་ཁྱེར་ཅིག །ཁོ་མོ་ཅག་གི་མིང་པོ་གཅིག་ཀྱང་ལམ་ག་ན་འདུག་གི །དེ་དང་ཕྲད་ན་ཁོ་མོ་ཅག་སྤུན་གཉིས་ཀྱི་འཕྲིན་དང༌། བུ་ལྔ་བརྒྱ་བཙས་པའི་གཏམ་ཡང་གྱིས་ཤིག་ཅེས་བསྒོ་ནས་སོང་ངོ༌། །དེ་ནས་ཡང་རིང་པོར་མ་ཕྱིན་པར་སྲིན་མོ་གཉིས་ཀྱི་མིང་པོ་དང་ཕྲད་དེ། དེ་ལ་སྲིན་མོ་གཉིས་ཀྱི་འཕྲིན་དང་བུ་ལྔ་བརྒྱ་ཡང་བདེ་བར་བཙས་པའི་གཏམ་བྱས་ནས་དེ་ཡང་རབ་ཏུ་དགའ་སྟེ། ཁྱོད་ཀྱིས་ཁོ་བོའི་སྲིང་མོ་གཉིས་ཀྱི་འཕྲིན་བྱས་པ་ལེགས་ཀྱི། ཁོ་བོ་འདུག་པའི་གནས་འདི་ན་གསེར་བུམ་པ་གང་ཡོད་ཀྱི། ཕྱིར་ལྡོག་པའི་ལམ་དུ་ཁྱེར་ཅིག་ཅེས་བསྒོའོ། །

        དེ་ནས་བསྙེན་གནས་མ་ཆས་ཏེ་སོང་སོང་བ་ལས་བཙོན་དེའི་དྲུང་དུ་ཕྱིན་ཏེ་ཁ་ཟས་བསྙོད་ནས་ཕྱིར་ལྡོག་པའི་ལམ་དུ་གསེར་བུམ་པ་གསུམ་ཡང་རྙེད་དོ། །རྒྱལ་པོས་ཀྱང་གསེར་སྲང་སྟོང་བྱ་དགར་བྱིན་པས། བྲམ་ཟེ་དབུལ་པོ་ཁྱོ་ཤུག་གཉིས་ཡུལ་དེ་ན་ཤིན་ཏུ་ཕྱུག་ཅིང་ནོར་མང་བར་གྱུར་པས་ལྷག་པར་བསོད་ནམས་བྱེད་ཅིང་རིན་པོ་ཆེ་མང་བར་གྱུར་ཏོ། །རྒྱལ་པོས་ཀྱང་དེ་བསོད་ནམས་ལས་གྱུར་པར་ཤེས་ནས་བློན་པོར་བཅུག་སྟེ་ཤིན་ཏུ་ཕྱུག་པར་གྱུར་པས། ལྷག་པར་བསོད་ནམས་བྱེད་པ་ལ་དད་པའི་སེམས་སྐྱེས་ཏེ་སངས་རྒྱས་དང༌། དགེ་འདུན་སྤྱན་དྲངས་ནས་མཆོད་པ་ཆེན་པོ་བྱས་སོ། །དེ་ལ་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པས་སེམས་རྣམ་པར་གྲོལ་ཏེ་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་བོ། །འཁོར་མང་པོ་དང༌། ཀུན་དགའ་བོ་ལ་སོགས་པ་སངས་རྒྱས་ཀྱིས་གསུངས་པ་ལ་རྗེས་སུ་ཡི་རང་ནས་མངོན་པར་དགའོ། །བྲམ་ཟེ་མོ་བདེ་བའི་ལེའུ་སྟེ་ཉི་ཤུ་དགུ་པའོ།། །།
                                                                          རྩོམ་སྒྲིག་པ། མང་ར་བ།
       གསལ་འདེབས། 
             རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
             དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།