གསེར་གྱི་བུམ་པའི་ལེའུ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-10-26 10:23:26         ཀློག་ཐེངས།  


0689b8a9fb2b561de98440f16c94ea6.jpg0689b8a9fb2b561de98440f16c94ea6.jpg

 

        འདི་སྐད་བདག་གིས་ཐོགས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་དགེ་སློང་དག་དབྱར་སོ་སོར་ཚུལ་དུ་ཞུགས་ནས་ཚུལ་ནས་བྱུང་བ་དང༌། བཅོམ་ལྡན་འདས་གང་ན་བ་དེར་ལྷགས་སོ། །བཅོམ་ལྡན་འདས་དགེ་སློང་དག་དང་ཡུན་རིང་དུ་མ་ཕྲད་པས་དེ་དག་ལ་ཐུགས་རྩེ་བར་དགོངས་ཏེ། འཁོར་ལོ་རྩིབས་སྟོང་དང་ལྡན་པའི་ཕྱག་བཏེག་སྟེ་དགེ་སློང་དེ་དག་ལ་བསྟི་སྟང་དང་བཅས་པས་ཁྱེད་ན་བར་མ་གྱུར་ཏམ། བསོད་སྙོམས་ཀྱིས་བྲེལ་ཏམ་ཞེས་བཀའ་སྩལ་པ་དང༌། དེ་བཞིན་གཤེགས་པ་ཡོན་ཏན་ཆེན་པོ་དང་ལྡན་པ་དེ། དགེ་སློང་རྣམས་ལ་བསྟི་སྟང་མཛད་པར་དགེ་སློང་ཀུན་དགའ་བོས་མཐོང་ནས་ངོ་མཚར་དུ་གྱུར་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ནི། འཇིག་རྟེན་གྱི་གཙོ་བོ། །ཡོན་ཏན་དཔག་ཏུ་མ་མཆིས་པ། ཡེ་ཤེས་བསམ་གྱིས་མི་ཁྱབ་པ་ལགས་ན། ཅིའི་སླད་དུ་ཐུགས་སྨད་དེ་དགེ་སློང་རྣམས་ལ་བསྟི་སྟང་མཛད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །

        སྔོན་བསྐལ་པ་གྲངས་མེད་ཚད་མེད་བསམ་གྱིས་མི་ཁྱབ་པ་འདས་པ་ན་འཛམ་བུའི་གླིང་འདིར་ཡུལ་ཝཱ་ར་ཎཱ་སི་ན་ཁྱིམ་བདག་སོ་ཚིས་ལ་མཁས་པ་ཞིག་ཡོད་དེ། ནོར་ཅི་རྙེད་ཀྱང་གསེར་དུ་བསྒྱུར་ནས་གསེར་གྱི་བུམ་པ་གཅིག་བྱས་ཏེ་ས་འོག་ཏུ་སྦས་སོ། །དེ་བཞིན་དུ་ནོར་རྫས་ཅི་རྙེད་ཀྱང་ལུས་ལ་མི་སྤྱོད་དེ། གསེར་དུ་བསྒྱུར་ནས་ཕྱིས་རིང་ཞིག་ལོན་པ་དང༌། གསེར་གྱི་བུམ་པ་སྔ་ཕྱིར་བསགས་པ་བདུན་དུ་གྱུར་ནས་ཐམས་ཅད་ས་འོག་ཏུ་སྦས་སོ། །ཁྱིམ་བདག་དེ་ཕྱིས་ནད་ཀྱིས་བཏབ་ནས་ཚེ་དུས་བྱས་པ་དང༌། གསེར་གྱི་བུམ་པ་ལ་ཆགས་པས་སྦྲུལ་གདུག་པ་ཞིག་ཏུ་སྐྱེས་ཏེ་གསེར་དེ་ལ་སྲུང་ངོ༌། །ཕྱིས་ཡུན་རིང་ཞིག་ལོན་པ་དང༌། གྲོང་ཁྱེར་དེ་ཡང་ཞིག་ནས་སུ་ཡང་མི་གནས་ཏེ། ས་སྟོང་དུ་གྱུར་ཏོ། །སྦྲུལ་དེ་ཡང་ལོ་གྲངས་མང་དུ་ལོན་པས་ཚེའི་དུས་བྱས་ནས་ཕྱིར་ཡང་དེ་ཉིད་ཀྱི་ལུས་སུ་སྐྱེས་ཏེ་གསེར་གྱི་བུམ་པ་ལ་འཁྲི་ཞིང་ཉལ་ལོ། །

        དེ་བཞིན་དུ་ལོ་ཁྲི་ཕྲག་དུ་མ་ལོན་པ་དང༌། ནང་གི་སྐྱེ་བ་ཐ་མ་ལ་ལུས་དེས་སྐྱོ་སྟེ་འདི་སྙམ་དུ་བསམས་སོ། །བདག་ནི། གསེར་འདི་ལ་ཆགས་པས་འདི་འདྲ་བའི་ལུས་ལ་མི་སྡུག་པ་མྱོང་བར་གྱུར་གྱི། ད་ནི། བསོད་ནམས་ཀྱི་ཞིང་ལ་ཕུལ་ནས་ལམ་དང་ཉེ་བར་སོང་སྟེ་རྩྭ་ཁྲོད་དུ་ལུས་སྤས་ལ་མི་དག་འོངས་ནས་འབོད་དོ་སྙམ་སྟེ།དེའི་ཚེ་སྦྲུལ་གདུག་པ་དེས་མི་གཅིག་ལམ་ནས་འོང་བ་མཐོང་ནས་སྦྲུལ་གྱིས་མི་དེ་ལ་བོས་པ་དང༌། མི་དེས་བོས་པའི་དགྲ་ཐོས་ནས་ཕན་ཚུན་བལྟས་ན་ཅང་མི་སྣང་བས་ལམ་དུ་ཞུགས་ཏེ་སོང་སོང་བ་ལས། སྦྲུལ་གྱིས་ཡང་བོས་ཏེ། ཀྱེ་ཁོ་བོའི་དྲུང་དུ་སྙེན་ཅིག་ཅེས་སྨྲས་སོ། །མི་དེས་སྨྲས་པ། ཁྱོད་ཀྱིས་ཁོ་བོ་བོས་ཏེ་ཅི་ཞིག་བྱ། ཁྱོད་ནི། ཤིན་ཏུ་གདུག་པ་ཅན་ཡིན་པས། ཁོ་བོ་གསད་དུ་འོང་ངོ༌། །སྦྲུལ་གྱིས་སྨྲས་པ། ཁོ་བོས་གནོད་པ་བྱ་ན། ཁྱོད་དྲུང་དུ་མ་འོངས་ཀྱང་གནོད་པ་བྱ་ནུས་སོ། །ཞེས་སྨྲས་པ་དང༌། མི་དེ་སྐྲག་ནས་སྤྲུལ་གྱི་དྲུང་དུ་བསྙེན་ཏོ། །སྦྲུལ་གྱིས་སྨྲས་པ། ཁོ་བོ་ལ་འདི་ན་གསེར་གྱི་བུམ་པ་ཞིག་ཡོད་ཀྱི། ཁྱོད་ལ་བསོད་ནམས་ཤིག་བྱ་བར་བཅོལ་ན་ནུས་སམ། ཅི་སྟེ་མ་བྱས་ན་ཁྱོད་ལ་གནོད་པ་བྱའོ། །མི་དེས་ཁོ་བོས་ནུས་སོ། །ཞེས་སྨྲས་པ་དང༌། སྦྲུལ་གྱིས་མི་དེ་གསེར་གྱི་བུམ་པའི་དྲུང་དུ་ཁྲིད་དེ། གསེར་གྱི་བུམ་པ་གཅིག་བསྐུར་ཏེ་འདི་སྐད་ཅེས་སྨྲས་སོ། །ཁྱོད་གསེར་འདི་ཁྱེར་ལ་དགེ་འདུན་རྣམས་ལ་མཆོད་སྟོན་ཞིག་གསོལ་ཅིག །མཆོད་སྟོན་གསོལ་བའི་ཉིན་པར་ཁོ་བོས་ཀྱང་འོང་གི །བསུས་ཤིག་ཅེས་བསྒོའོ། །

        དེ་ནས་མི་དེ་གསེར་ཁུར་དུ་ཁྱེར་ཏེ་དགེ་འདུན་གྱི་གནས་སུ་སོང་ནས་དགེ་སློང་གི་གཙང་སྦྱོར་ལ་གསེར་ཕུལ་ཏེ། འདི་ནི། སྦྲུལ་གདུག་པ་ཞིག་གི་གསེར་ལགས་ཀྱི། གསེར་འདིས་དགེ་འདུན་ལ་མཆོད་སྟོན་གསོལ་ཅིག་ཅེས་མཆིའོ། །གསེར་འདིས་མཆོད་སྟོན་སྦྱར་ཏེ་མཆོད་སྟོན་ནམ་གསོལ་བཞག་དུས་བརྩིས་ནས་དེའི་ཉིན་པར་མི་དེ་གཟེབ་ཅིག་ཐོགས་ཏེ་སྦྲུལ་གདུག་པ་དེ་གང་ན་འདུག་པ་དེར་སོང་ངོ༌། །སྦྲུལ་གདུག་པ་དེས་ཀྱང་མི་དེ་འོང་བ་མཐོང་ནས་རབ་ཏུ་དགའ་བར་གྱུར་ཏེ་མི་དེས་སྦྲུལ་གཟེབ་ཀྱི་ནང་དུ་བཅུག་ནས་ཁྱེར་ཏེ་སོང་བ་ལས། ལམ་དུ་མི་ཞིག་དང་ཕྲད་དེ། མི་དེས་ཁྱོད་གང་ནས་འོངས་ཞེས་ལན་གསུམ་གྱི་བར་དུ་དྲིས་ཀྱང་སྦྲུལ་ཐོགས་པ་དེས་ཅང་མ་སྨྲས་པས། སྦྲུལ་དེ་ཁྲོས་ནས་གདུག་པ་བྱུང་བ་ལས་ཡང་འདི་སྙམ་དུ་བསམས་སོ། །མི་འདི་ཅི་ཞིག་ཉེས་ན་ཕ་རོལ་པོས་ལན་གསུམ་གྱི་བར་དུ་དྲིས་ན། གཏམ་གྱི་ལན་ཡང་མི་སྟེར་སྙམ་སྟེ་ཕྱིར་ཡང་ཁྲོས་ནས་གདུག་པ་ཕྱུང་བ་ལས་ཕྱིར་བཀག་སྟེ་ཡང་འདི་སྙམ་དུ་བསམས་སོ། །མི་འདི་བདག་གི་ཕྱིར་བསོད་ནམས་བྱེད་ན། བྱས་པ་གཟོ་བའི་དྲིན་ཡང་དྲན་པར་བྱས་པས་གདུག་པ་མི་དབྱུང་ངོ་སྙམ་བསམས་ཏེ་མི་འདི་བདག་ལ་ཕན་ཕའི་དོན་བྱེད་ཀྱི། ཉེས་པ་ཞིག་བྱས་ན་ཡང་བཟོད་པར་བྱའོ། །ཞེས་དབེན་པར་ཕྱིན་པ་དང༌། རེ་ཞིག་ས་ལ་ཞོག་ཅིག་ཅེས་སྨྲས་ནས་མི་དེས་སྦྲུལ་དེ་ལ་སེམས་སྨད་དེ་བདག་གི་ཉེས་པ་འགྱོད་ཅིང་བཤགས་སོ། །ཞེས་སྨྲས་ནས་ཕྱིར་ཡང་ཁུར་དུ་ཁྱེར་ཏེ་དགེ་འདུན་གྱི་གནས་སུ་ཕྱིན་པ་དང༌། དགེ་འདུན་དག་ཀྱང་གདུགས་ཚོད་ཀྱི་དུས་ལ་བབ་པས། མི་དེས་དགེ་འདུན་ལ་མེ་ཏོག་བྲིམས་ཏེ་སྦྲུལ་དེ་དད་པའི་སེམས་ཀྱིས་མེ་ཏོག་འབྲིམ་པ་ལ་བལྟའོ། །

        དེ་ནས་དགེ་འདུན་དག་ཟས་ཀྱི་བྱ་བ་བྱས་ནས་ཁ་ལག་བཀྲུས་ཏེ་སྦྲུལ་དེ་ལ་ཆོས་བཤད་དོ། །སྦྲུལ་དེ་རབ་ཏུ་དགའ་ནས་གསེར་གྱི་བུམ་པ་དྲུག་ཀྱང་དགེ་འདུན་ལ་ཕུལ་ཏེ་བསོད་ནམས་ཀྱི་ལས་བྱས་ནས་དེ་ནས་ཚེ་འཕོས་སོ། །ཚེའི་དུས་བྱས་ནས་དེའི་བསོད་ནམས་ཀྱིས་སུམ་ཅུ་རྩ་གསུམ་གྱི་ལྷར་སྐྱེས་སོ། །ཀུན་དགའ་བོ། དེའི་ཚེ་ན་སྦྲུལ་གདུག་པ་ཁུར་དུ་ཁྱེར་བའི་མི་དེ་ནི། ད་ལྟར་ང་ཡིན་ནོ། །སྦྲུལ་གདུག་པ་དེ་ནི། ཤཱ་རིའི་བུ་ཡིན་ནོ། །འདས་པའི་དུས་ན་ཡང་ཁུར་དུ་སྦྲུལ་ཁྱེར་བ་ལས་སྦྲུལ་གྱིས་སྤྱོས་ཏེ། དེ་ལ་ཡང་སེམས་སྨད་པས་ད་ཡང་དགེ་སློང་རྣམས་ལ་སེམས་སྨད་པ་ཡིན་ནོ། །ཀུན་དགའ་བོ་ལ་སོགས་པ་སངས་རྒྱས་ཀྱིས་གསུངས་པ་ལ་ཡི་རང་ནས་མངོན་པར་དགའོ། །གསེར་གྱི་བུམ་པའི་ལེའུ་སྟེ་ཉི་ཤུ་བརྒྱད་པའོ།། །།

                                                                 རྩོམ་སྒྲིག་པ། མང་ར་བ།
       གསལ་འདེབས། 
            རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
            དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།