ཤུ་དོ་ལ་གར་ནེའི་ལེའུ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-10-24 18:46:07         ཀློག་ཐེངས།  

666520950188131254.jpg

        འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན་བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་ཀ་ལནྟ་ཀ་གནས་པ་འོད་མའི་ཚལ་ན་བཞུགས་སོ། །དེའི་ཚེ་ཚེ་དང་ལྡན་པ་ཀུན་དགའ་བོ་འདུག་པ་ལས་ལངས་ནས་གོས་ཚགས་བཅོས་ཏེ་པུས་མོ་ས་ལ་བཙུགས་ནས་ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཀཽཎྜི་ནྱ་ལ་སོགས་པ་དགེ་སློང་ལྔ་པོ་འདི་ཅིའི་རྒྱུ་ཅིའི་རྐྱེན་གྱིས་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་དུ་ཆོས་ཀྱི་འཁོར་ལོ་བསྐོར་མ་ཐག་ཏུ་ཆོས་ཀྱི་བདུད་རྩི་སྔར་མྱོང་བ་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། དགེ་སློང་ལྔ་པོ་འདི་དག་སྔོན་ཡང་ངའི་ཤ་སྔར་ཟོས་ཏེ་བདེ་བར་གྱུར་པས་འདིར་ཡང་ཆོས་ཀྱི་རོ་ཐོག་མར་མྱོང་སྟེ་རྣམ་པར་གྲོལ་བར་གྱུར་ཏོ། །

        ཀུན་དགའ་བོས་བཅོམ་ལྡན་འདས་ལ་གསོལ་པ། དགེ་སློང་འདི་ལྔས་སྔོན་ཅི་བགྱིས་པ་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། སྔོན་འདས་པའི་བསྐལ་པ་ཚད་མེད་གྲངས་མེད་བསམ་གྱིས་མི་ཁྱབ་པ་འདས་པའི་སྔ་རོལ་དུ་འཛམ་བུའི་གླིང་འདིར་རྒྱལ་པོ་ཤུ་དོ་ལ་གར་ནེ་ཞེས་བྱ་བ་བྱུང་སྟེ། འཛམ་བུའི་གླིང་གི་རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་སྙེད་ལ་དབང་བྱེད་དོ། །དེའི་ཚེ་ན་ཡུལ་དེར་ལོ་བཅུ་གཉིས་ཀྱི་བར་དུ་ཆར་མི་འབབ་བོ། །ཞེས་ལྟས་མཁན་གྱིས་ལུང་བསྟན་ནས་རྒྱལ་པོས་དེ་སྐད་ཅེས་ཐོས་པ་དང༌། རབ་ཏུ་མྱ་ངན་གྱིས་ཡི་མུག་པར་གྱུར་ཏེ། འདི་ལྟར་མུ་གེ་ཆེན་པོ་བྱུང་ན་མི་མང་པོ་འདི་དག་ལ་ལོ་དེ་སྙེད་ཀྱི་ཁ་ཟས་ཇི་ལྟར་རྙེད་སྙམ་ནས་རྒྱལ་ཕྲན་དང་བློན་པོ་ཀུན་བསྡུས་ཏེ་བགྲོས་ན། བང་བ་ན་འབྲུ་ཇི་སྙེད་ཡོད་པ་དང༌། ད་ལྟར་མི་ཇི་སྙེད་ཡོད་པ་རྩིས་སུ་སྦྱར་ན། ལོ་བཅུ་གཉིས་ཀྱི་བར་དུ་མི་རེ་ལ་ཕུལ་རེའི་ཐད་དུ་བརྩིས་ན་ཡང་ལོ་བཅུ་གཉིས་སུ་མི་ཐུབ་བོ། །ཞེས་དྲིལ་བསྒྲགས་སོ། །

        དེ་ནས་ཕྱི་ཕྱིར་ཡང་མུ་གེ་ཆེ་བར་གྱུར་ཏེ་ཚེ་འཕོས་པ་ཡང་མང་ནས་རྒྱལ་པོ་དེས་ཇི་ལྟར་བྱས་ན་མི་མང་པོ་འཚོ་བར་འགྱུར་སྙམ་བསམས་ཏེ་བཙུན་མོ་དང་ཕོ་བྲང་སླས་སུ་བཅས་ཏེ་སྐྱེད་མོས་ཚལ་དུ་འཆག་ཏུ་སོང་བ་ལས་བསྟི་བའི་གནས་ཤིག་ཏུ་ཕྱིན་ནས་བཙུན་མོ་དང༌། མི་མང་པོ་ཀུན་གཉིད་ཀྱིས་ལོག་པའི་འོག་ཏུ་ཉལ་བ་ལས་ལངས་ནས་ཕྱོགས་བཞིར་ཕྱག་འཚལ་ཏེ་འདི་ལྟ་བུའི་ཡི་དམ་བཅས་སོ། །ཡུལ་འདིར་མུ་གེ་བྱུང་བས་ཐམས་ཅད་བཟའ་བ་མེད་པར་གྱུར་ཏེ་ལྟོགས་ཀྱི། བདག་གི་ལུས་འདི་བཏང་སྟེ་ཚེ་འཕོས་པའི་འོག་ཏུ་ཉ་ཆེན་པོ་ཞིག་ཏུ་སྐྱེས་ནས་ཐམས་ཅད་བདག་གི་ཤ་ལ་ཟ་ཞིང་ཀུན་འགྲངས་པར་ཤོག་ཅིག་ཅེས་སྨོན་ལམ་བཏབ་ནས་ཤིང་ཞིག་ལ་འཛེགས་ཏེ་ཤིང་ཁ་ནས་ལུས་གཡང་དུ་བཏང་ངོ༌། །དེར་ཚེ་འཕོས་ནས་ཆུ་ཆེན་པོར་བརྫུས་ཏེ་སྐྱེས་བའི་ཉ་ཆེན་པོ་དཔག་ཚད་ལྔ་བརྒྱ་པ་ཞིག་ཏུ་གྱུར་ཏོ། །དེའི་ཚེ་ཡུལ་དེ་ན་ཤིང་མཁན་མི་ལྔ་ཞིག་ཆུ་འགྲམ་དུ་ཤིང་འབྱོར་དོང་པ་ལས། ཉ་ཆེན་པོ་དེ་མཐོང་ནས་ཉ་དེས་མིའི་སྐད་དུ་འདི་སྐད་ཅེས་སྨྲས་སོ། །ཁྱེད་བཀྲེས་ན་ངའི་ཤ་ལ་བཅད་དེ་ཅི་འདོད་པ་ཟོ་ཞིག །འགྲངས་ནས་ཀྱང་ཅི་ཐེག་པ་ཁྱིམ་དུ་ཁྱེར་ཅིག །ཁྱེད་ཀྱིས་སྔར་ངའི་ཤ་ཟོས་ཏེ་འགྲངས་པས་ན། ཕྱིས་མངོན་པར་སངས་རྒྱས་ནས་ཀྱང་ཐོག་མར་ཁྱོད་ཆོས་ཀྱི་ཟས་མྱོང་བར་སྐྱའོ། །ཡུལ་མི་དག་ལ་གང་བཀྲེས་པ་ཐམས་ཅད་ཀྱིས་ཀྱང་ཅི་དགའ་བར་ངའི་ཤ་ལ་ལོངས་ཤིག་ཅེས་སྒོས་ཤིག །དེའི་ཚེ་མི་ལྔ་པོས་ཤ་བཅད་དེ་ཟོས་ནས་ཡུལ་མི་ལ་སྦྲན་ཏེ། དེ་ནས་གཅིག་གིས་གཅིག་ལ་སྦྲན་པས་འཛམ་བུའི་གླིང་གི་མི་ཐམས་ཅད་འདུས་ཏེ་དེའི་ཤ་ལ་བཅད་ཅིང་ཟོས་སོ། །རྩིབ་ལོགས་ངོས་གཅིག་ཟད་ཙམ་ན། རྩིབ་ལོགས་ངོས་གཅིག་རང་བསྒྱུར་ཏེ། སྟེང་མ་ཟད་ན་འོག་མ་ཡང་དེ་བཞིན་དུ་སྐྱེའོ། །

        དེ་བཞིན་དུ་ལྟག་འོག་བསྒྱུར་ཞིང་ལོ་བཅུ་གཉིས་ཀྱི་བར་དུ་ཐམས་ཅད་ཀྱིས་ཤ་བཅད་ཅིང་ཟོས་ནས་ཐམས་ཅད་དེ་ལ་སྙིང་རྗེ་བའི་སེམས་སྐྱེས་པས། དེའི་ཤ་ཟོས་པ་དེ་དག་ཐམས་ཅད་ཚེའི་དུས་བྱས་པ་ཡང་མཐོ་རིས་ཀྱི་ལྷར་སྐྱེས་སོ། །ཀུན་དགའ་བོ། དེའི་ཚེ་དེའི་དུས་ན་རྒྱལ་པོ་ཉར་གྱུར་པ་དེ་ནི། ད་ལྟར་ང་ཡིན་ནོ། །ཤིང་མཁན་ལྔ་པོ་ཐོག་མར་ངའི་ཤ་བཅད་དེ་ཟོས་པ་ནི། དགེ་སློང་ཀཽཎྜི་ནྱ་ལ་སོགས་པ་ལྔ་པོ་ཡིན་ནོ། །སྐྱེ་བོ་མང་པོ་ཕྱིས་ངའི་ཤ་ཟོས་པ་ནི། ལྷའི་སྲས་པོ་བརྒྱད་ཁྲི་དང༌། ངའི་ཉེ་གནས་རྣམ་པར་གྲོལ་བ་རྣམས་ཡིན་ནོ། །དེའི་ཚེ་ན་སྔར་མི་ལྔ་པོ་དེ་ལ་བྱིན་ཏེ་འཚོ་བས་སྲོག་བསྐྱབས་པས་འདིར་ཡང་སྔར་ཆོས་བསྟན་ཏེ་ཆོས་ཀྱི་སྐུའི་ཡན་ལག་གིས་དུག་གསུམ་གྱི་མེ་ཞི་བར་བྱས་སོ། །ཀུན་དགའ་བོ་དང༌། འཁོར་མང་པོ་རྣམས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་རྗེས་སུ་ཡི་རང་ནས་མངོན་པར་དགའོ། །ཤུ་དོ་ལ་གར་ནེའུ་ལེའུ་སྟེ་ཉི་ཤུ་དྲུག་པའོ།། །།

                                                                       རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས།
             རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
             དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།