ཀ་པི་ན་ཆེན་པོའི་ལེའུ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-10-24 18:14:21         ཀློག་ཐེངས།  

321248353611970214.jpg

        བམ་པོ་བདུན་པ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་ཡུལ་དེའི་རྒྱལ་པོ་གསལ་རྒྱལ་ཞེས་བྱའོ། །དེའི་ལྷོ་ཕྱོགས་ན་ཡུལ་གསེར་གྱིས་ཞེས་བྱ་བ་ཞིག་ཡོད་དེ། རྒྱལ་པོ་ནི། ཀ་པི་ན་ཞེས་བྱའོ། །རྒྱལ་པོ་དེའི་སྲས་རྒྱལ་ཚབ་ནི། ཀ་པི་ན་ཆེན་པོ་ཞེས་བྱའོ། །རྒྱལ་པོ་ཡབ་ནོངས་ནས་སྲས་རྒྱལ་ཚབ་རྒྱལ་སར་གཤེགས་ཏེ། དེ་ཡང་རང་བཞིན་གྱིས་ཡིད་གཞུང་ལ་བློ་གསལ་ཏེ། དཔའ་ཞིང་མཐུ་རྩལ་ཆེན་པོ་དང་ལྡན་ནོ། །དེ་ལ་དམག་གི་ཚོགས་སྟོང་ཕྲག་སུམ་ཅུ་རྩ་དྲུག་ཡོད་དེ། དམག་དེ་དག་གར་བབ་ཀྱང་རླུང་ཆེན་པོ་དང་འདྲ་བར་ཕས་རྒོལ་མི་ཐུབ་པ་མེད་དེ། ཡུལ་གྱི་དབུས་ཀྱི་རྒྱལ་པོ་དང་ནི་མ་འགྲུལ་ཏོ། །ཕྱིས་ཚོང་པ་དག་ཅིག་ཡུལ་གསེར་སར་ཕྱིན་ནས་རས་འཇམ་པོ་བཟང་པོ་ཡུག་བཞི་ཞིག་རྒྱལ་པོ་དེ་ལ་ཕུལ་ལོ། །རྒྱལ་པོས་ཀྱང་བཞེས་ནས་ཚོང་པ་དེ་ལ་འདི་ལྟ་བུ་ནོར་བཟང་པོ་ག་ལས་འོངས་ཞེས་དྲིས་པ་དང༌། ཚོང་པས་ཀྱང་འདི་ཡུལ་དབུས་ནས་མཆིས་སོ། །ཞེས་གསོལ་ཏོ། །རྒྱལ་པོ་དེས་སྨྲས་པ། ཡུལ་གྱི་དབུས་ཞེས་བྱ་བ་ནི། གང༌། ཡུལ་གྱི་དབུས་ཀྱི་མིང་ནི། ཅི་ཞེས་བྱ། ཚོང་པས་གསོལ་པ། ཡུལ་གྱི་དབུས་ཀྱི་མིང་ནི། རྒྱལ་པོའི་ཁབ་ཅེས་ཀྱང་བྱ། མཉན་ཡོད་ཅེས་ཀྱང་བྱ་སྟེ། དེ་ལ་སོགས་པ་ཡུལ་གྱི་མིང་གཞན་ཡང་མང་དུ་མཆིས་སོ། །རྒྱལ་པོས་སྨྲས་པ། རྒྱལ་པོ་དེ་དག་ཅིའི་ཕྱིར་ང་ལ་ཕྱག་འཚལ་ཞིང་དཔྱ་འབུལ་དུ་མི་འོང༌། ཚོང་པས་གསོལ་པ། རྒྱལ་པོ་དེ་དག་ཀྱང་སོ་སོའི་རྒྱལ་སྲིད་འཛིན་ཅིང་ཡུལ་གྱི་ཚིས་བགྱིད་པས། འདིར་མི་མཆིའོ། །རྒྱལ་པོ་དེས་བསམ་པ། ངའི་མཐུ་དང་བྱིན་གྱིས་ནི། གནམ་མཐའ་འོག་ཐམས་ཅད་ཀྱང་ཐུལ་ན། ཅིའི་ཕྱིར་རྒྱལ་པོ་འདི་དག་ང་ལ་ཕྱག་འཚལ་ཞིང་དཔྱ་འབུལ་དུ་མི་འོང༌། ད་ནི། ངའི་མཐུ་དང་བྱིན་གྱིས་དེ་དག་ཀྱང་དབབ་བོ་སྙམ་ནས་ཚོང་པ་དེ་ལ་སྨྲས་པ། ཡུལ་དབུས་ཀྱི་རྒྱལ་པོའི་ནང་ན་རྒྱལ་པོ་གང་ཆེ། ཚོང་པས་སྨྲ་པ། མཉན་ཡོད་ཀྱི་རྒྱལ་པོ་ཆེའོ། །

        དེ་ནས་རྒྱལ་པོ་དེས་མཉན་ཡོད་དུ་ཕོ་ཉ་བཏང་སྟེ་རྒྱལ་པོ་གསལ་རྒྱལ་ལ་འདི་སྐད་ཅེས་སྤྲིང་ངོ༌། །ངའི་མཐུ་དང་བྱིན་གྱིས་འཛམ་བུའི་གླིང་དུ་གཏོགས་པ་ཀུན་ལ་དབང་ན། ཁྱོད་ཅིའི་ཕྱིར་ཕོ་ཉ་ཡང་འདྲུལ་བར་མི་བྱེད། ད་ཡང་ཁྱོད་ཀྱི་སྟེང་དུ་ཕོ་ཉ་བཏང་བ་ཡིན་གྱི། ཁྱེད་ཉལ་བའི་ཚེ་ངའི་མིང་ཐོས་ན་འདུག་པའི་རིགས་སོ། །འདུག་པའི་ཚེ་ཐོས་ན་ལྡང་བའི་རིགས་སོ། །ཟས་ཟ་བའི་ཚེ་ཐོས་ན་མིད་མི་ཁོམ་པར་ཕྱིར་འདོར་བའི་རིགས་སོ། །ཁྲུས་བྱེད་པའི་འཕྲོ་ལ་ཐོས་ན་སྐྲ་ཡང་ཕྱིར་སྡུད་པའི་རིགས་སོ། །སྡོད་པའི་ཚེ་ཐོས་ན་རྒྱུག་པར་རིགས་ཀྱི། ད་སྟེ་ཞག་བདུན་ན་འདིར་ང་དང་ཕྲད་དུ་ཤོག་ཅིག །དེ་ལྟར་མ་བྱས་ན་དམག་དྲངས་ཏེ་ཁྱོད་ཀྱི་ཡུལ་མེད་པར་བྱའོ། །ཞེས་སྤྲིང་ངོ༌། །རྒྱལ་པོ་གསལ་རྒྱལ་གྱིས་དེ་སྐད་ཅེས་སྤྲིང་བ་ཐོས་ནས་མི་དགའ་ཞིང་སྡངས་ཏེ་བཅོམ་ལྡན་འདས་གང་ན་བར་སོང་ནས་དེ་བཞིན་དུ་རྒྱས་པར་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོས་ཀྱང་ཕྱིར་ཕོ་ཉ་དེ་ལ་རྒྱལ་པོའི་ནང་ན་ང་མི་ཆེ་སྟེ། ང་བས་ཀྱང་རྒྱལ་པོ་ཆེ་བ་ཞིག་ཡོད་དོ། །ཞེས་གྱིས་ཤིག །གསལ་རྒྱལ་གྱིས་ཀྱང་བཅོམ་ལྡན་འདས་ཀྱི་བཀའ་བཞིན་དུ་འཇིག་རྟེན་ན་འཕྲུལ་གྱི་རྒྱལ་པོ་ཞིག་འདི་ནས་མི་རིང་བ་ཞིག་ན་བཞུགས་ཀྱི། ཁྱོད་ཉིད་དེར་སོང་ལ་ཁྱོད་ཀྱི་རྒྱལ་པོས་སྤྲིང་པ་བཞིན་དུ་གྱིས་ཤིག་ཅེས་བསྒོས་ནས་ཕོ་ཉ་དེ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་སོང་ངོ༌། །

        དེའི་ཚེ་ན་བཅོམ་ལྡན་འདས་འཁོར་ལོས་བསྒྱུར་བའི་རྒྱལ་པོར་སྤྲུལ་ཏེ་བློན་པོ་ཆེན་པོར་མཽ་གལ་སྤྲུལ་ནས་རིན་པོ་ཆེ་སྣ་བདུན་དང་ལྡན་པར་བཞུགས་སོ། །ཀུན་དགའི་ར་བ་ཡང་རིན་པོ་ཆེར་བསྒྱུར་ནས་ར་བའི་ཕྱི་རོལ་ན་རིན་པོ་ཆེའི་འོབས་རིམ་པ་བདུན་དང༌། འོབས་ཀྱི་བར་ན་རིན་པོ་ཆེ་སྣ་བདུན་གྱི་ཤིང་དཀྲིགས་ཏེ། ཁ་དོག་རྣམ་པ་སྣ་ཚོགས་ཀྱི་པདྨ་གྲངས་མེད་ལྷམ་མེ་ལྷང་ངེ་ལྷན་ནེར་འཚེར་བ་དང༌། ར་བའི་ནང་ན་རིན་པོ་ཆེ་སྣ་ཚོགས་ལས་བྱས་པའི་ཕོ་བྲང་ན་རྒྱལ་པོ་ཤིན་ཏུ་བྱིན་ཆེ་བར་བཞུགས་པར་སྤྲུལ་ཏོ། །ཕོ་ཉ་དེ་སྤྲུལ་པའི་ཕོ་བྲང་དུ་འོངས་ནས་རྒྱལ་པོ་ཆེན་པོ་མཐོང་བ་ཙམ་གྱིས་འཇིགས་སྐྲག་པར་གྱུར་ཏེ་འདི་སྐད་དུ་བདག་གི་རྒྱལ་པོའི་བྱིན་དང་བསོད་ནམས་ཀྱིས་ནི། འདི་ལ་མི་ཐུབ་ན། འོན་ཀྱང་སྤྲིང་པའི་ཡི་གེ་དབུལ་ལོ་སྙམ་ནས་ཡི་གེ་ཕུལ་ལོ། །འཕྲུལ་གྱི་རྒྱལ་པོས་ཡི་གེ་བླངས་ནས་རྡོག་པའི་འོག་ཏུ་བཅུག་སྟེ་ཕོ་ཉ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ང་ནི། རྒྱལ་པོ་ཆེན་པོ་སྟེ། གླིང་བཞི་ལ་དབང་བ་ཡིན་ན། ཁྱོད་ཀྱི་རྒྱལ་པོ་གླེན་པ་དེ་ཅིའི་ཕྱིར་བཀའ་མི་ཉན། ཁྱོད་མྱུར་དུ་ཕྱིར་སོང་ལ་ངས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཞེས་གྱིས་ཤིག །ཁྱོད་ཀྱི་ཕོ་ཉ་ཕྱིར་འོངས་ནས་ངའི་བཀའ་ཐོས་པ་ཙམ་གྱིས་གལ་ཏེ་ཉལ་བ་ལས་ཐོས་ན་ལྡང་བའི་རིགས། འདུག་པ་ལས་ཐོས་ན་འགྲེང་བའི་རིགས། འགྲོ་བ་ལས་ཐོས་ན་རྒྱུག་པའི་རིགས་ཀྱི། ད་སྟེ་ཞག་བདུན་ན་འདིར་ཕྱག་འཚལ་དུ་མ་འོངས་ཏེ་བཀའ་བཅག་པར་གྱུར་ན། ཁྲིམས་དང་སྦྱར་རོ། །ཞེས་གྱིས་ཤིག །ཕོ་ཉ་དེས་བཀའ་སྩལ་པ་བཞིན་དུ་ཕྱིར་སོང་ནས་བདག་གི་ཡུལ་དུ་ཕྱིན་པ་དང༌། གསེར་སའི་རྒྱལ་པོ་ལ་ཅི་མཐོང་བ་དང༌། ཅི་སྤྲིང་པར་རྒྱས་པར་གསོལ་ཏོ། །

        རྒྱལ་པོས་དེ་སྐད་ཅེས་སྤྲིང་པ་ཐོས་ནས་འགྱོད་པར་གྱུར་ཏེ། ཅི་དབང་བའི་རྒྱལ་ཕྲན་རྣམས་དང་ཆས་ཏེ་རྒྱལ་པོའི་ཐད་དུ་འདོང་ངོ་སྙམ་སྟེ་འོན་ཀྱང་ཐལ་བྱུང་དུ་འགྲོ་བར་མི་རིགས་ཀྱི། ད་དུང་ཡང་ལན་གཅིག་བགམ་མོ་སྙམ་ནས་སྔར་ཕོ་ཉ་གཅིག་བཏང་སྟེ། རྒྱལ་པོ་ཆེན་པོ་ལ་བདག་ཕྱག་འཚལ་དུ་མཆི་ན། བདག་དབང་བའི་རྒྱལ་ཕྲན་ཁྲི་ཕྲག་སུམ་ཅུ་རྩ་དྲུག་མཆིས་ན། དེ་དག་དང་རིལ་གྱིས་མཆིའམ། ཕྱེད་དང་མཆི་བ་བཀའ་སྩོལ་ཅིག་ཅེས་མཆིའོ། །རྒྱལ་པོ་ཆེན་པོས་ཀྱང་ཕྱིར་དེ་ལ་རྒྱལ་ཕྲན་ཕྱེད་དང་ཆས་ཏེ་ཤོག་ཅེས་བསྒོ་བ་དང༌། གསེར་སའི་རྒྱལ་པོ་རྒྱལ་ཕྲན་ཁྲི་བརྒྱད་སྟོང་དང་བཅས་ཏེ་མཉན་ཡོད་དུ་རྒྱལ་པོ་སྤྲུལ་པའི་སྤྱན་སྔར་ལྷགས་ནས་ཕྱག་འཚལ་ཏེ་འདི་སྙམ་བསམས་སོ། །རྒྱལ་པོ་ཆེན་པོ་འདིའི་བྱད་གཟུགས་ནི། བདག་པས་ལྷག་ཀྱང་མཐུ་སྟོབས་ནི། བདག་ཙམ་མི་ཕོད་དོ་སྙམ་བསམས་པ་དང༌། འཕྲུལ་གྱི་རྒྱལ་པོས་བློན་པོ་རིན་པོ་ཆེ་ལ་ཁྱོད་ཀྱིས་གཞུག་སེར་སའི་རྒྱལ་པོ་ལ་བྱིན་ཅིག་ཅེས་བཀའ་སྩལ་ཏོ། །རྒྱལ་པོ་དེས་ཀྱང་བླང་ཞེས་བྱས་ན་མ་ཐེག་གོ །དེ་ནས་འཕྲུལ་གྱི་རྒྱལ་པོས་བླངས་ཏེ་མཐེའུ་ཆུང་གིས་གཞུ་བརྡུངས་ཏེ་གསེར་སའི་རྒྱལ་པོ་ལ་གཞུ་འདི་ཁོང་ཞིག་ཅེས་བཀའ་སྩལ་ནས་གསེར་སའི་རྒྱལ་པོས་བླངས་ན། གཞུ་རྒྱུད་ཀྱང་མ་བསྐུལ་ཏོ། །དེ་ནས་འཕྲུལ་གྱི་རྒྱལ་པོས་བླངས་ཏེ་དྲངས་ན། གཞུ་རྒྱུད་སྦྲེངས་པ་ཙམ་གྱིས་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱང་འགུལ་ཞིང་གཡོས་སོ། །དེ་ནས་མདའ་བླངས་ཏེ་མདའ་གཅིག་འཕངས་ན། འཕངས་མ་ཐག་ཏུ་མདའ་ལྔར་གྱུར་ཏེ། མདའ་དེ་དག་གི་རྩེ་མོ་ལས་འོད་ཟེར་གྲངས་མེད་པ་བྱུང་ནས་པདྨ་ཤིང་རྟའི་འཕང་ལོ་ཙམ་རེ་རེ་ཡང་ཡོད་པར་གྱུར་ཏེ། པདྨ་རེ་རེ་ལ་ཡང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་རིན་པོ་ཆེ་སྣ་བདུན་དང་ལྡན་པ་རེ་རེ་ཡོད་པར་གྱུར་ཏོ། །

        འོད་ཟེར་དེ་དག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱང་སྣང་བར་བྱས་ནས་ལམ་རྒྱུད་ལྔའི་སེམས་ཅན་ཐམས་ཅད་ལ་ཕན་པའི་དོན་དུ་མ་གྱུར་པ་མེད་དོ། །ལྷ་རྣམས་ཀྱི་གནས་སུ་འོད་ཟེར་དེ་མཐོང་སྟེ་ཆོས་སྟོན་པའི་གསུང་ཡང་གྲགས་པར་གྱུར་ནས་དེ་དག་གི་ལུས་དང་སེམས་ཡོངས་སུ་དག་སྟེ། ཁ་ཅིག་ནི། རྒྱུན་དུ་ཞུགས་པ་ནས་དགྲ་བཅོམ་པའི་བར་དུ་ཐོབ་པར་གྱུར་ཏོ། །ཁ་ཅིག་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། ཁ་ཅིག་ནི། ཕྱིར་མི་ལྡོག་པའི་ས་ལ་གནས་པར་གྱུར་ཏོ། །མིའི་རྒྱུད་དུ་གཏོགས་པའི་སེམས་ཅན་སངས་རྒྱས་ཀྱི་འོད་ཟེར་མཐོང་ཞིང་ཆོས་བསྟན་པ་ཐོས་པ་རྣམས་རབ་ཏུ་དགའ་མགུ་རངས་ཏེ། ཁ་ཅིག་ནི། རྒྱུན་དུ་ཞུགས་པ་ནས་ལན་གཅིག་ཕྱིར་ལྡོག་པ་དང༌། རབ་ཏུ་བྱུང་ཞིང་དགྲ་བཅོམ་པའི་བར་དུ་ཐོབ་པར་གྱུར་ཏོ། །སེམས་ཅན་གྲངས་མེད་པ་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། ཕྱིར་མི་ལྡོག་པའི་ས་ལ་གནས་པར་གྱུར་ཏོ། །ཡི་དྭགས་ཀྱི་རྒྱུད་དུ་གཏོགས་པ་དག་ནི། སངས་རྒྱས་ཀྱི་འོད་ཟེར་གྱིས་རེག་ཅིང་ཆོས་ཐོས་པས་ཐམས་ཅད་ཁ་ཟས་ཀྱིས་འགྲངས་བར་གྱུར་ཏེ། ལུས་དང་སེམས་ལ་གདུང་བ་མེད་ཅིང་སིམ་པར་གྱུར་ནས་ཐམས་ཅད་སྙིང་རྗེའི་སེམས་སྐྱེས་ཏེ། སངས་རྒྱས་ལ་བསྙེན་བཀུར་བྱས་པས་ཡི་དྭགས་ལས་རྣམ་པར་གྲོལ་ནས་ལྷ་དང་མིར་སྐྱེས་སོ། །དུད་འགྲོའི་སྐྱེ་གནས་སུ་གཏོགས་པའི་སེམས་ཅན་རྣམས་ནི། སངས་རྒྱས་ཀྱི་འོད་ཟེར་མཐོང་བས་འདོད་ཆགས་དང་ཞེ་སྡང་གི་སེམས་ཞི་སྟེ་གཏི་མུག་གིས་ལྡོངས་པ་ཡང་སད་པར་གྱུར་ནས་ཐམས་ཅད་སངས་རྒྱས་ལ་དགའ་ཞིང་དད་པས་དུད་འགྲོ་ལས་རྣམ་པར་གྲོལ་ཏེ་ལྷ་དང་མིར་སྐྱེས་སོ། །སེམས་ཅན་དམྱལ་བའི་སེམས་ཅན་ལ་སངས་རྒྱས་ཀྱི་འོད་ཟེར་གྱིས་རེག་པས་གྲང་བ་ནི། དྲོ་བར་གྱུར། ཚ་བ་ནི། གྲང་བར་གྱུར། སྡུག་བསྔལ་གྱིས་གདུངས་པ་ཡང་རྒྱུན་ཆད་པར་གྱུར་ཏེ། ལུས་དང་སེམས་རབ་ཏུ་དགའ་བས་སངས་རྒྱས་ལ་དད་པར་གྱུར་ཏེ་སེམས་ཅན་དམྱལ་བ་ལས་ཐར་ནས་ལྷ་དང་མིར་སྐྱེས་སོ། །དེའི་ཚེ་ན་རྒྱལ་པོ་ཀ་པི་ན་ཆེན་པོ་དང༌། གསེར་སའི་རྒྱལ་ཕྲན་རྣམས་ཀྱིས་རྫུ་འཕྲུལ་འདི་ལྟ་བུ་དག་མཐོང་བས། ཤིན་ཏུ་དད་པའི་སེམས་ཀྱིས་བབས་ཤིང་དད་པས་རྡུལ་དང་བྲལ། དྲི་མ་དང་བྲལ་ཏེ་ཆོས་ལ་ཆོས་ཀྱི་མིག་རྣམ་པར་དག་པར་གྱུར་ཏོ། །

        རྒྱལ་ཕྲན་ཁྲི་བརྒྱད་སྟོང་རྣམས་ཀྱང་སེམས་ཚིམ་པར་གྱུར་ཏོ། །དེ་མ་ཐག་ཏུ་སངས་རྒྱས་ཀྱི་རྫུ་འཕྲུལ་བསྡུས་ཏེ་ཕྱིར་ཡང་སངས་རྒྱས་ཀྱི་སྐུར་དགེ་སློང་གི་དགེ་འདུན་གྱིས་མདུན་དང་རྒྱབ་ཏུ་བསྐོར་ཏེ་བཞུགས་པར་བསྟན་ཏོ། །དེ་ནས་གསེར་སའི་རྒྱལ་པོ་དེ་ཡང་བཅོམ་ལྡན་འདས་ལ་རབ་ཏུ་འབྱུང་བར་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་ལེགས་པར་འོངས་སོ། །ཞེས་བཀའ་སྩལ་པས། སྐྲ་དང་ཁ་སྤུ་རང་བྱི་སྟེ་ངུར་སྨྲིག་གྱོན་པའི་དགེ་སློང་དུ་གྱུར་ནས་ཆོས་ཡིད་ལ་བྱས་པས་ཟག་བཟད་དེ་དགྲ་བཅོམ་པར་གྱུར་ཏོ། །དེ་ནས་ཀུན་དགའ་བོས་བཅོམ་ལྡན་འདས་ལ་གསོལ་པ། གསེར་སའི་རྒྱལ་པོ་འདིས་སྔོན་བསོད་ནམས་ཅི་ཞིག་བགྱིས་ན། འདི་ལྟར་རིགས་ཆེ་ཞིང་མཐོ་ལ་ཡོན་ཏན་འཕགས་པར་ཆེ་ཞིང་སངས་རྒྱས་བཅོམ་ལྡན་འདས་དང་ཕྲད་ནས་དེ་མ་ཐག་ཏུ་ཟག་པ་ཟད་པར་གྱུར། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། སེམས་ཅན་དག་ནི། སྤྱོད་པ་བཞིན་དུ་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པར་འགྱུར་རོ། །སྔོན་འདས་པའི་དུས་ན་སངས་རྒྱས་འོད་སྲུང་འཇིག་རྟེན་དུ་གཤེགས་ཏེ། སངས་རྒྱས་དེ་མྱ་ངན་ལས་འདས་ནས་ཁྱིམ་བདག་ཅིག་གིས་མཆོད་རྟེན་བརྩིགས་ཏེ་དགེ་འདུན་གྱི་གནས་ཁང་བྱས་ནས་འཚོ་བའི་ཡོ་བྱད་རྣམས་པ་བཞི་ཡང་སྦྱར་ཏེ་ཡུན་རིང་པོ་ཞིག་ལོན་པ་དང༌། མཆོད་རྟེན་དེ་ཡང་ཞིག །འཆོ་བའི་ཡོ་བྱད་ཁྲི་སྟན་དང༌། གོས་དང༌། ཁ་ཟས་ཀྱང་རྒྱུན་ཆད་པར་གྱུར་ཏོ། །

        དེ་ནས་ཁྱིམ་བདག་དེ་ལ་བུ་དགེ་སློང་ཞིག་ཡོད་པ་དེས་མི་མང་པོ་ལ་ཆོས་བཤད་དེ། ཕྱིར་ཡང་མཆོད་རྟེན་གསོས་ནས་གོས་དང༌། མལ་ཆ་དང༌། བཟའ་བ་དང༌། བཏུང་བ་དང༌། ཁྲི་སྟན་ལ་སོགས་པ་འཚོ་བའི་ཡོ་བྱད་སྦྱར་ཏོ། །མི་དེ་དག་ཀྱང་སེམས་ཡིད་མཐུན་པར་འཚོ་བའི་ཡོ་བྱད་སྦྱར་ཏེ་འདི་སྐད་དུ་སྨོན་ལམ་བཏབ་བོ། །བདག་ཅག་ཀྱང་མ་འོངས་པའི་དུས་སུ་བཙན་ཞིང་ཕྱུག་པ་དང༌། ཚེ་རིང་བ་དང༌། །སངས་རྒྱས་འཇིག་རྟེན་དུ་གཤེགས་པ་དང་ཕྲད་དེ་ཆོས་ཐོས་ནས་འབྲས་བུ་ཡང་མ་ལུས་པར་ཐོབ་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། །ཀུན་དགའ་བོ། དེའི་ཚེ་དེའི་དུས་ན་ཁྱིམ་བདག་གི་བུ་དགེ་སློང་དེ་ནི། ཡུལ་གསེར་སའི་རྒྱལ་པོ་ཀ་བི་ན་ཆེན་པོ་ཡིན་ནོ། །དེས་ཆོས་བསྟན་ཏེ་མཆོད་རྟེན་གསོས་པ་དང༌། འཚོ་བའི་ཡོ་བྱད་བསྟབས་པ་ནི། རྒྱལ་ཕྲན་ཁྲི་བརྒྱད་སྟོང་སྙེད་པོ་འདི་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་འཁོར་མང་པོ་རྣམས་ཕྱིར་མི་ལྡོག་པའི་སེམས་བསྐྱེད་དེ་ཡི་རང་ནས་མངོན་པར་དགའོ། །ཀ་པི་ན་ཆེན་པོའི་ལེའུ་སྟེ་ཉི་ཤུ་བཞི་པའོ།། །།
                                                                            རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས། 
             རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
             དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།