བློན་པོ་རི་དྭགས་ཀྱི་བུ་བདུན་གྱི་ལེའུ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-10-18 19:29:30         ཀློག་ཐེངས།  

804051504701655099.jpg

                    འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་རྒྱལ་པོ་གསལ་རྒྱལ་ལ་བློན་པོ་རི་དྭགས་ཞེས་བྱ་བ་ཡོད་དེ། རབ་ཏུ་ཕྱུག་པ། ལོངས་སྤྱོད་ཆེ་བ་དེ་ལ་བུ་ཕོ་བདུན་ཡོད་དོ། །བུ་ཕོ་དྲུག་ནི། ཆུང་མ་ལོན་གྱི། ནང་གི་བུ་ཐ་ཆུང་གཅིག་ཆུང་མ་མ་ལོན་ནས་ཕས་འདི་སྙམ་དུ་བསམས་སོ། །བདག་ནི། རྒས་འཁོགས་ཏེ། བུ་གཅིག་བུ་ཆུང་མ་མ་ལོན་པོ་འདི་ལ་བཟང་མོ་མཆོག་ཅིག་བཙལ་ལོ་སྙམ་བསམས་ནས་དེའི་ཚེ་ན་ཁྱིམ་བདག་དེ་ལ་བྲམ་ཟེ་མཛའ་ཞིང་བཤེས་པ་ཞིག་ཡོད་དེ། དེ་དང་ཕྲད་ནས་གཏམ་དུ་གླེང་པ། བདག་གི་བུའི་ནང་གི་ཐ་ཆུང་འདི་ད་དུང་ཆུང་མ་མ་ལོན་ཏེ་སུ་ལ་བསླང་ཡང་མི་ཤེས་ན། ཁྱོད་ནི། ཡུལ་ཀུན་ཏུ་ཕྱིན་ན། བུ་མོ་བཟང་ཞིང་མཛེས་པ། བློ་དང་ལྡན་པ། ཚེ་དང་དབང་ཐང་ཡོད་པ་ལྟ་ཅི་མཐོང༌། བདག་གི་བུ་འདིའི་ཡིད་དུ་འོང་བ་ཞིག་ཁྱོད་ཀྱིས་བཙལ་དགོས་སོ། །ཞེས་སྨྲས་པ་དང༌། བྲམ་ཟེ་དེས་ཀྱང་དེ་བཞིན་དུ་བྱའོ། །ཞེས་སྨྲས་ནས་ཀུན་ཏུ་རྒྱུ་ཞིང་ཚོལ་བ་ལས། ཡུལ་ཤི་རི་ཏི་ཏ་ཞེས་བྱ་བ་ན་བུ་མོ་ལྔ་བརྒྱ་ཞིག་འགྲོགས་ཏེ་རྩེ་བ་ལས། མེ་ཏོག་བཟང་པོ་བཏུས་ནས་སངས་རྒྱས་ལ་མཆོད་པའི་ཕྲེང་བ་བྱེད་པ་མཐོང་ངོ༌། །བྲམ་ཟེ་དེས་ཀྱང་བུ་མོ་དེ་དག་གར་སོང་བའི་ཕྱི་བཞིན་བལྟས་ན། བུ་མོ་དེ་དག་ཆུ་ཆུང་དུ་ཞིག་འབོག་པ་ལས་གཞན་ཐམས་ཅད་ནི། ལྷམ་ཕུད་ཀྱི། བུ་མོ་གཅིག་ཅིག་ལྷ་མ་མ་ཕུད་པར་ཆུ་རྒལ་ཏོ། །

        དེ་ནས་ཡང་སོང་སོང་བ་ལས་ཆུ་ཆེན་པོ་ཞིག་རྒལ་ནས་བུ་མོ་གཞན་ནི། གོས་ཕུད་ནས་ཆུར་ཞུགས། བུ་མོ་དེ་འབའ་ཞིག་གོས་ཀྱང་མ་ཕུད་པར་ཆུ་རྒལ་ཏོ། །དེ་ནས་ཚལ་ཞིག་གི་ནང་དུ་ཕྱིན་ནས་བུ་མོ་གཞན་ནི། ཤིང་ཁར་འཛེག་ཅིང་མེ་ཏོག་འཐོག་ན། བུ་མོ་དེ་འབའ་ཞིག་ས་ལ་བཏུས་ཀྱང་གཞན་པས་མང་དུ་རྙེད་དོ། །དེ་ནས་བྲམ་ཟེ་དེ་བུ་མོའི་དྲུང་དུ་སོང་སྟེ་ཁྱོད་ལ་ཐེ་ཚོམ་འདྲི་ན། ཁྱོད་ཀྱིས་ལན་ལེགས་པར་ཐོབ་ཅིག་ཅེས་སྨྲས་སོ། །བུ་མོས་ཀྱང་ཐེ་ཚོམ་མ་ཡོད་ན་དྲིས་ཤིག་ཅེས་སྨྲས་པ་དང༌། བྲམ་ཟེས་དྲིས་པ། བུ་མོ། ཆུ་རྒལ་བ་ན་བུ་མོ་གཞན་གྱིས་ནི། ལྷ་མ་ཕུད་ནས་ཆུ་རྒལ། བུ་མོ་ཁྱོད་འབའ་ཞིག་ལྷ་མ་ཡང་མ་ཕུད་པར་ཆུ་རྒལ་ན། ཁྱོད་ལ་བསམ་པ་གཞན་ཅི་ཡོད། བུ་མོས་སྨྲས་པ། ཁྱོད་ཀྱི་ཐེ་ཚོམ་ནི། ངོ་མཚར་ཆེ་བ་ཡང་མ་ཡིན་ནོ། །བདག་ས་སྐམ་པོ་ལ་འགྲོ་བའི་ཚེ་རྐང་པའི་འོག་ཏུ་ཅི་འགྲོ་བ་མིག་གིས་བལྟར་ཡོད་པས། ཚེར་མའམ། རྡོའམ། གྱོ་མོའམ། མི་བདེ་བའི་བག་ཡོད་ན་བྱོལ་ཏེ་འགྲོའོ། །ཆུའི་གཏིང་ན་ཅི་ཡོད་པ་མིག་གིས་བལྟར་མེད་དེ། གལ་ཏེ་ཚེར་མའམ། སྤྲུལ་ལམ། སྲིན་བུ་གདུག་པ་དག་བརྫིས་ན། རྐང་པ་ལ་གནོད་པར་འགྱུར་གྱིས་དོགས་པས་ལྷམ་མ་ཕུད་པ་ཡིན་ནོ། །བྲམ་ཟེས་སྨྲས་པ། འོན་ཅིའི་ཕྱིར་གོས་དང་བཅས་སུ་ཆུལ་འབོག །བུ་མོས་སྨྲས་པ། བུད་མེད་ཀྱི་ལུས་ལ་མཚན་མ་བཟང་པོ་དང༌། ངན་པ་ཡོད་པས་གོས་བརྫེས་ཏེ་ཆུར་ཞུགས་ན་གཞན་གྱིས་མཐོང་སྟེ། མཚན་མ་བཟང་ན་ནི། ཅང་མི་ཟེར་གྱི། མཚན་མ་ངན་ན་འཕྱ་བར་འགྱུར་བས། བདག་གིས་གོས་མ་བརྫེས་པ་ཡིན་ནོ། །བྲམ་ཟེས་སྨྲས་པ། འོ་ན་ཅིའི་ཕྱིར་ཁྱོད་གཅིག་པུ་ཤིང་ཁར་མི་འཛེག །བུ་མོས་སྨྲས་པ། གལ་ཏེ་ཤིང་ཁར་འཛེགས་ན། ཤིང་གི་ཡལ་ག་ཆག་གམ་ལྷུང་ན། ལུས་ལ་གནོད་པར་འགྱུར་བས་ཤིང་ཁར་མ་འཛེགས་པ་ཡིན་ནོ། །བུ་མོ་དེ་ནི། རྒྱལ་པོ་རབ་གསལ་གྱི་གཅུང་སྟོབས་ཀྱི་གྲོགས་པོ་ཞེས་བྱ་བའི་བུ་མོ་ཡིན་ཏེ། རྒྱལ་པོའི་གཅུང་དེ་སྔོན་ཉེས་པ་ཞིག་བྱུང་བས་ཡུལ་དེ་ནས་བསྐྲད་དེ་ཡུལ་འདིར་འོངས་ནས་ལྷ་མཚམས་མ་ཆུང་མར་བླངས་པ་ལས་བཙས་པའི་བུ་མོ་ཡིན་ནོ། །

        བྲམ་ཟེས་སྨྲས་པ། བུ་མོ། ཁྱོད་ནི། ཤིན་ཏུ་ཡང་མཁས་ཤིང་མཛངས་མ་ཞིག་ན། ཁྱོད་ལ་ཕ་མ་ཡོད་དམ། བུ་མོས་སྨྲས་པ། ཡོད་དོ། །འོ་ན་འགྲོགས་ཏེ་ཁྱོད་ཀྱི་ཁྱིམ་དུ་འདོང་ངོ༌། །ཞེས་སྨྲས་ནས་དེའི་སྒོར་ཕྱིན་པ་དང༌། བུ་མོ་ནང་དུ་སོང་སྟེ་ཕ་མ་ལ་སྨྲས་པ། སྒོ་ན་བྲམ་ཟེ་ཞིག་ཡབ་དང་མཇལ་འཚལ་ལོ། །ཞེས་མཆིའོ། །བུ་མོའི་ཕ་སྒོར་བྱུང་ནས་གཅིག་ལ་གཅིག་བདེའམ་ཞེས་ནད་དྲིས་ཏེ། ད་གཟོད་ཀྱི་བུ་མོ་དེ་ཁྱོད་ཀྱི་བུ་མོ་ཡིན་ནམ་ཞེས་སྨྲས་སོ། །སྨྲས་པ། བདག་གི་བུ་མོ་ཡིན་ནོ། །འོ་ན་བདག་པོ་ཡོད་དམ། སྨྲས་པ། བདག་པོ་མེད་དོ། །བྲམ་ཟེས་སྨྲས་པ། མཉན་དུ་ཡོད་པ་ན་བློན་པོ་ཆེན་པོ་རི་དྭགས་ཞེས་བྱ་བ་ཁྱོད་ཀྱིས་ཤེས་སམ། སྨྲས་པ། བདག་དང་བཤེས་སོ། །བྲམ་ཟེ་དེས་སྨྲས་པ། བློན་པོ་དེའི་བུའི་ནང་གི་ཆུང་དུ་བྱད་གཟུགས་ལེགས་ཤིང་ཡིད་གཞུངས་པ་ཞིག་ཡོད་དེ། ཁྱོད་ཀྱི་བུ་མོ་ཆུང་མར་སློང་ངོ༌། །དེས་སྨྲས་པ། དེ་ནི། རིགས་ཆེ་ཞིང་མཐོ་བ་ཡིན་ཏེ། །གལ་ཏེ་བུ་མོ་དེ་འདོད་ན་ལྟ་ཁྱོད་ཀྱི་བསམ་པ་ལྟར་བྱའོ། །ཞེས་སྨྲས་ནས། །བྲམ་ཟེ་དེས་ཀྱང་གྲོགས་པོ་ཕྱིར་འགྲོ་བ་ལ་མཉན་དུ་ཡོད་པར་བྲམ་ཟེའི་ཐོག་ཏུ་ཡི་གེ་སྦྲིང་ངོ༌། །བྲམ་ཟེའི་ཐོག་ཏུ་ཡི་གེ་འོངས་ནས་བག་མ་བསུ་བའི་རྟ་དང༌། ཤིང་རྟ་ལ་སོགས་པ་བཤམས་ནས་ཡུལ་ཤི་རི་ཏི་ཏར་ཆས་སོ། །དེར་ཕྱིན་ཏུ་ཉེ་བ་དང་སྔར་མི་གཅིག་སྦྲོན་དུ་བཏང་ནས་དེས་ཀྱང་བུ་མོ་བག་མར་གཏང་བའི་སྟོན་མོ་བཤམས་ཏེ་བུ་མོ་བག་མར་བཏང་ངོ༌། །དེ་དག་གིས་བུ་མོ་ཐོབ་ནས་མཉན་ཡོད་དུ་འགྲོ་བ་ན་བུ་མོ་དེའི་མས་མི་མང་པོའི་ནང་དུ་བུ་མོ་དེ་ལ་འདི་སྐད་ཅེས། ཁྱོད་དེང་ཕྱིན་ཆད་རྟག་ཏུ་གོས་བཟང་པོ་གྱོན་ཞིང་ཁ་ཟས་ཞིམ་པོ་ཟོ་ཞིག །ཉིན་གཅིག་བཞིན་དུ་རྒྱུན་མ་ཆད་པར་མེ་ལོང་ལ་ལྟོས་ཤིག་ཅེས་བསྒོས་ནས་བུ་མོས་ཀྱང་དེ་བཞིན་དུ་བགྱིའོ། །ཞེས་སྨྲས་པ་དང༌། གྱོས་པོ་དེ་མ་རངས་ཏེ་འདི་སྙམ་དུ་བསམས་སོ། །མི་གཅིག་སྐྱེས་པ་ལ་སྐྱིད་སྡུག་ཀྱང་མི་རྟག་ན། གོས་བཟང་པོ་དང༌། ཁ་ཟས་ཞིམ་པོ་རྟག་ཏུ་ག་ལ་རྙེད། རྒྱུན་དུ་མེ་ལོང་ལ་ལྟོས་ཤིག་པ་ཡང་རིགས་པ་མ་ཡིན་ནོ་སྙམ་བསམས་ནས་སོ་སོར་ཕྱི་ཕྱག་འཚལ་ཏེ་གྱེས་སོ། །དེ་དག་ཐམས་ཅད་འགྲོགས་ཏེ་ལམ་དུ་ཞུགས་ནས་ཕྱིར་ཡུལ་དུ་དོང་བ་ལས། བར་ན་ཁང་པ་བཟང་པོ་བསིལ་བ་ཞིག་ཡོད་དེ། དེ་དག་ལས་སྔར་དོང་བ་དག་ཁང་བ་དེ་ན་བསྟི་ཞིང་འཁོད་དོ། །བག་མ་གསར་པ་ཡང་ཕྱིས་དེར་འོངས་ནས་གྱོས་པོ་ལ་འདིའི་འོག་ཏུ་བཞུགས་སུ་མི་རུང་གི །མྱུར་དུ་ཐང་ལ་བཞུད་དོ། །ཞེས་གསོལ་བ་དང་མནའ་མས་སྨྲས་པ་བཞིན་དུ་ཐང་ལ་བྱུང་ངོ༌། །གཡོག་ཁ་ཅིག་འགྲོར་མ་བཏུབ་སྟེ་ཁང་པའི་འོག་ན་འདུག་པ་ལས། རིང་པོ་མ་ལོན་པར་བ་ལང་དང༌། རྟ་དག་ཅིག་དེར་འོངས་ནས་ཀ་བ་ལ་བསྙོགས་པ་དང་ཁང་པ་རྡིབ་ནས་ཁང་པའི་འོག་ན་འདུག་པ་དག་ཁ་དག་གོ །གྱོས་པོས་བསམ་པ། བདག་སྲོག་དང་བྲལ་བ་ལས་ཐར་པར་བྱས་པ་ནི། མནའ་མ་འདི་ཡིན་ནོ་སྙམ་ནས་མནའ་མ་ལ་ལྷག་པར་བྱམས་པའི་སེམས་སྐྱེས་སོ། །

        དེ་ནས་ཡང་སོང་སོང་བ་ལས་ཆུ་ཤོད་ཅིག་ཏུ་རྩྭ་དང་ཆུར་ལྡན་པ་ཞིག་ཏུ་འདུག་པ་ལས། མནའ་མ་ཕྱིས་འོངས་ནས་ཆུ་ཤོད་འདིར་བཞུགས་སུ་མི་རུང་གི །མྱུར་དུ་སྤོས་ཤིག་ཅེས་གསོལ་པ་དང་ལོགས་ཤིག་ཏུ་སྤོས་མ་ཐག་ཏུ་གྲུ་ཆར་དྲག་པོ་བབ་ནས་སྔར་བཏབ་པའི་ཆུ་ཤོད་དུ་ཤྭ་ཆེན་པོ་བྱུང་ངོ༌། །གྱོས་པོས་བསམ་པ། བདག་སྲོག་དང་བྲལ་བ་ལས་མནའ་མ་འདིས་ལན་གཉིས་ཀྱི་བར་དུ་ཐར་པར་བྱས་སོ་སྙམ་བསམས་ནས་ཆོས་ཏེ་སོང་བ་ལས་ཡུལ་དུ་ཕྱིན་ཏོ། །དེ་ནས་གཉེན་རྣམས་ལྷགས་ཏེ་དགའ་བའི་གཏམ་བྱས་ནས་སྟོན་མོ་ཆེན་པོ་བྱས་ཏེ་ཉི་མ་གཅིག་གི་བར་དུ་དགའ་བའི་རྩེད་མོ་བྱས་སོ། །མགྲོན་ཀུན་གྱེས་པའི་འོག་ཏུ་མནའ་མ་རྣམས་བཀུག་སྟེ་འདི་སྐད་ཅེས་བསྒོའོ། །ཁོ་བོ་ནི། ན་སོ་རྒས་ཏེ་ལས་རྣམས་ཀྱིས་སྐྱོན་མནའ་མ་ཁྱེད་རྣམས་ལ་ཁྱིམ་གྱི་ལས་དང༌། ནོར་རྫས་ཀྱི་མཛོད་རྣམས་གཏད་དགོས་ན། ཁྱེད་གང་གིས་བང་མཛོད་ཀྱི་ལྡེ་མིག་བཅང་པར་བྱ་ཞེས་དྲིས་ན། མནའ་མ་ཆེན་མོ་དྲུག་ཆར་གྱིས་མི་ནུས་སོ། །ཞེས་གསོལ་ལ། ནང་གི་ཆུང་དུས་ནི། བདག་གིས་ནུས་སོ། །ཞེས་གསོལ་ཏོ། །

        དེ་ནས་ཁྱིམ་བདག་གིས་ཀྱང་བང་མཛོད་ཐམས་ཅད་ཀྱི་ལྡེ་མིག་གཏད་དེ་མནའ་མས་ཀྱང་དེ་བཞིན་དུ་ཉམས་སུ་བླངས་ནས་ནང་བར་ནི། སྔར་ལངས་ཤིང་ཁང་པའི་ནང་ཀུན་ཕྱག་དར་བྱས་ནས་ཆག་ཆག་གིས་བཏབ་བོ། །དེ་ནས་ཁ་ཟས་ཀྱི་གཡོས་བྱས་ནས་སྔར་གྱོས་རྒྱུག་ལ་སོགས་ཏེ་ཆེ་རིམ་གྱིས་ཟན་བྱིན་ནོ། །དེའི་འོག་ཏུ་བྲན་ཁོལ་དང༌། ལས་བྱེད་རྣམས་ལ་ཟན་བྱིན་ནས་སོ་སོར་ལས་ལ་བཅུད་དེ་གཟོད་བདག་ཟན་ཟའོ། །རྟག་ཏུ་དེ་འདྲ་བར་བྱེད་པས་གྱོས་པོས་ཀྱང་བདག་གི་མནའ་མ་འདི་ནི། གཞན་དང་མི་འདྲ་སྟེ་ཐ་མལ་པ་ནི། མ་ཡིན་ན། ཅིའི་ཕྱིར་བུ་མོ་བདག་གི་མས་བསྒོ་བ་ལྟར་མི་བྱེད་སྙམ་བསམས་ནས་འདི་སྐད་ཅེས་སྨྲས་སོ། །ཁྱོད་ཁྱིམ་ནས་ཆས་པའི་ཚེ་ཁྱོད་ཀྱི་མས་རྟག་ཏུ་གོས་བཟང་པོ་གྱོན་ལ་ཁ་ཟས་ཞིམ་པོ་ཟོ་ཞིག །རྟག་ཏུ་མེ་ལོང་ལ་ལྟོས་ཤིག་ཅེས་བྱ་བ་ཅིའི་ཐ་ཚིག་ཅེས་དྲིས་ན། མནའ་མས་བུས་མོས་ལ་བཙུགས་ཏེ་འདི་སྐད་ཅེས་གསོལ་ཏོ། །བདག་གི་མས་གོས་བཟང་པོ་གྱོན་ཅིག་ཅེས་བསྒོ་བ་ནི། སྟེང་དུ་གྱོན་བའི་བཞག་གོས་ལྟ་བུ་ལ་རྟག་ཏུ་བག་བྱ་ཞིང་མ་རྙིང་པར་གྱིས་ཤིག །མགྲོན་ནམ་ཕྱི་མི་དག་འོངས་ན་གོས་མ་ངན་ཞིག་ཅེས་མཆིའོ། །རྟག་ཏུ་ཁ་ཟས་ཞིམ་པོ་ཟོ་ཞིག་པ་ནི། ཁ་ཟས་ཞིམ་པོ་དང༌། བསོད་པ་ལ་བགྱི་བ་མ་ལགས་ཀྱི། སུ་བས་ཀྱང་ཕྱིས་ཟོས་ན་བཀྲེས་པས་ཁ་ཟས་ཀུན་ཏུ་ཞིམ་མོ། །ཞེས་མཆིའོ། །རྟག་ཏུ་མེ་ལོང་ལ་ལྟོས་ཤིག་ཅེས་བསྒོ་བ་ནི། འཁར་བའམ། ལྕགས་ཀྱི་མེ་ལོང་ལ་ལྟ་བ་མ་ལགས་ཀྱི། སྔར་ལོངས་ལ་ཕྱི་ནང་གི་ཕྱག་དར་བྱ་བ་དང༌། ཆག་ཆག་གདབ་པ་དང༌། ཁྲི་སྟན་གདིང་བ་ལ་སོགས་པ་ལས་སུ་བྱ་བ་རྣམས་ལེགས་པར་གྱིས་ཤིག་ཅེས་མཆི་སྟེ། བདག་གི་མས་བསྒོ་བ་ནི། འདི་ལྟ་བུ་ལགས་སོ། །ཞེས་གསོལ་པ་དང༌། མནའ་མ་དེ་ལ་ལྷག་པར་བྱམས་ཏེ་ཁྱིམ་གྱི་ལས་ཐམས་ཅད་གཏད་ནས་ཐམས་ཅད་བདེ་ཞིང་སྐྱིད་པར་གྱུར་ཏོ། །

        དེའི་ཚེ་ན་བྱ་དག་ཅིག་རྒྱ་མཚོའི་གླིང་ནས་འབྲས་ཟ་བ་ལས་འབྲས་ཀྱི་སྙེ་མ་ཁྱེར་ཏེ་འཕུར་བ་ལས་རྒྱལ་པོའི་ཕོ་བྲང་གི་ཐད་ཀར་ཕྱིན་ནས་འབྲས་ཀྱི་སྙེ་མ་དག་ཅིག་ཤོར་ཏེ་ཕོ་བྲང་གི་ཐད་ཀར་ལྷུང་ངོ༌། །འབྲས་ཀྱི་སྙེ་མ་དེ་གཅིག་གིས་རྒྱལ་པོ་ལ་ཕུལ་ནས་རྒྱལ་པོས་ཀྱང་འབྲས་བཟང་པོ་འདི་ལྟ་བུ་ནི། སྨན་དུ་རུང་དུ་ངེས་ཀྱི། ས་བོན་དུ་བྱའོ་སྙམ་ནས་བློན་པོ་ཀུན་ལ་ཤས་ཤས་སུ་བགོས་ཏེ་རྨོས་ཤིག་ཅེས་བསྒོའོ། །དེའི་ཚེ་ཁྱིམ་བདག་དེས་ཀྱང་ཉུང་དུ་ཞིག་ཐོབ་ནས་ཕྱིར་ཁྱིམ་དུ་འོངས་ཏེ་མནའ་མ་ལ་འབྲས་འདི་རྨོས་ཤིག་ཅེས་བསྒོའོ། །མནའ་མ་དེས་ཀྱང་བསྒོ་བ་དེ་བཞིན་དུ་བྲན་ཁོལ་ལ་གཞེན་བཏབ་ནས་ཞིང་གཤིན་པར་རྨོས་ན། དེ་བཞིན་དུ་ལེགས་པར་སྐྱེས་ཏེ་འབྲས་མང་ཞིག་བྱུང་ངོ༌། །གཞན་གྱིས་རྨོས་པ་ནི། ལས་སུ་ལེགས་པར་མ་བྱས་པས་གཅིག་ཀྱང་མ་སྐྱེས་སོ། །དེའི་ཚེ་ན་རྒྱལ་པོའི་བཙུན་མོ་ནད་ཀྱིས་བཏབ་པ་ལས་སྨན་པས་དཔྱད་བྱས་ནས་ན་བ་འདི་ལ་རྒྱ་མཚོའི་གླིང་གི་འབྲས་བྱིན་ན་འཚོའོ། །ཞེས་དཔྱད་བྱས་སོ། །རྒྱལ་པོས་ཀྱང་རྒྱ་མཚོའི་གླིང་གི་འབྲས་ཤིག་སོ་སོ་ནས་རྨེད་དུ་བཅུག་པ་དྲན་ནས་རྒྱ་མཚོའི་གླིང་གི་འབྲས་ཤིག་རྨེད་དུ་བཅུག་པ་ཡོད་དམ་མེད་ཅེས་དྲིས་ན། བློན་པོ་ཁ་ཅིག་གིས་ནི། འབྲས་རྨོས་པ་མ་སྐྱེས་སོ། །ཞེས་མཆིའོ། །ཁ་ཅིག་གིས་ནི། འབྲས་ཀུན་བྱི་བས་འཚལ་ཏེ་མ་མཆིས་སོ། །ཞེས་མཆིའོ། །དེའི་ཚེ་ན་ཁྱིམ་བདག་དེ་ཡང་ཕྱིར་ཁྱིམ་དུ་སོང་ནས་མནའ་མ་དེ་ལ་སྔོན་འབྲས་ཤིག་རྨོར་བཅུག་པ་སྐྱེས་སམ་མ་སྐྱེས། རྒྱལ་པོའི་བཙུན་མོ་ནད་ཀྱིས་བཏབ་སྟེ་སྨན་དུ་དགོས་སོ། །མནའ་མས་གསོལ་པ། འབྲས་རྨོས་པ་རབ་ཏུ་ལེགས་ཏེ་མི་གཅིག་གི་སྨན་དུ་མ་བས་ཀྱི། ཡུལ་གཅིག་གི་མི་ཡང་སོས་པ་ཙམ་མཆིས་སོ། །ཁྱིམ་བདག་དེས་འབྲས་དེ་ལས་ཤས་ཤིག་རྒྱལ་པོ་ལ་ཕུལ་ནས་རྒྱལ་པོས་ཀྱང་འབྲས་དེས་བཙུན་མོའི་སྨན་བྱས་ཏེ་བཙུན་མོ་ཡང་སོས་ཏེ་རྒྱལ་པོ་རབ་ཏུ་དགའ་ནས་བྱ་དགའ་མང་དུ་བྱིན་ནོ། །དེའི་ཚེ་ཤི་རི་ཏི་ཏའི་རྒྱལ་པོ་དང༌། ཡུལ་མཉན་ཡོད་ཀྱི་རྒྱལ་པོ་གཉིས་གཅིག་ལ་གཅིག་མི་དགའ་བས་རྟག་ཏུ་མི་འདུམ་མོ། །

        དེའི་ཚེ་ན་ཤི་རི་ཏི་ཏའི་རྒྱལ་པོས་མཉན་ཡོད་ཀྱི་རྒྱལ་པོ་དེ་ལ་བློན་པོ་མཁས་པ་མཛངས་ཤིང་བློ་དང་ལྡན་པ་ཡོད་དམ་མེད་བག་མ་མོ་སྙམ་ནས་ཕོ་ཉ་ཞིག་ཡུལ་མཉན་ཡྡོ་དུ་བཏང་སེ་ཕོ་ཉ་དེ་ལ་རྒོད་མ་མ་སྨད་མ་དང་བུ་འདྲ་བ། སྤུ་མདོག་གཅིག་པ། བྱེ་བྲག་མི་ཕྱེད་པ་གཉིས་བསྒྲིགས་ཏེ་མ་ནི། གང༌། བུ་ནི། གང་ཡིན་བྱེ་བྲག་ཕྱེ་ཞིག་ཅེས་སྤྲིང་ངོ༌། རྒྱལ་པོ་དང་བློན་པོ་རྣམས་ཀྱིས་བལྟས་ན། གཅིག་གིས་ཀྱང་བྱེ་བྲག་མ་བྱེད་ངོ༌། །དེ་ནས་ཁྱིམ་བདག་དེ་ཁྱིམ་དུ་འོངས་པ་དང༌། མནའ་མས་གཏམ་ཅི་གསན་ཞེས་ཞུས་པ་དང༌། གཏམ་འདི་ལྟ་བུ་དག་གྲག་གོ །ཞེས་མནའ་མ་ལ་རྒྱས་པར་གཏམ་བྱས་སོ། །མནའ་མས་གསོལ་པ། འདི་ནི། ཤིན་ཏུ་ཡང་རིག་པར་སླའོ། །རྒོད་མ་མ་སྨད་གཉིས་ཐོགས་ལ་ལྷན་ཅིག་ཏུ་རྩྭ་བཟང་པོ་ཞིག་བྱིན་ཅིག་དང༌། མ་གང་ཡིན་པ་དེ་ནི། རྩྭ་མཆུས་ཕུལ་ཏེ་བུ་ལ་སྟོབས་སོ། །ཁྱིམ་བདག་གིས་མནའ་མས་སྨྲས་པ་བཞིན་དུ་རྒྱལ་པོ་ལ་གསོལ་ནས་རྒྱལ་པོས་ཀྱང་རྩྭ་བྱིན་ཏེ་བལྟས་ན། དེ་བཞིན་དུ་གྱུར་ཏེ་མ་དང་བུ་ཡང་རྟོགས་ནས་ཕོ་ཉ་དེ་ལ་མ་ནི། འདིའོ། །བུ་ནི། འདིའོ། །ཞེས་སྨྲས་པས་དེ་བཞིན་དུ་སྨྲས་པ་བདེན་ཏེ། མ་ནོར་རོ། །ཞེས་མཆིའོ། །དེ་ནས་ཕོ་ཉ་དེ་རང་ཡུལ་དུ་སོང་ནས་རྒྱལ་པོ་ལ་དེ་བཞིན་དུ་རྒྱས་པར་གསོལ་ཏོ། །དེ་ནས་ཡང་ཕོ་ཉ་གཅིག་བཏང་སྟེ། སྦྲུལ་སྦོམ་ཕྲ་དང་རིང་ཐུང་མཉམ་ལ་འདྲ་བ་གཉིས་ཤིག་བསྐུར་ནས་སྦྲུལ་འདི་གཉིས་ལས་ཕོ་གང་ཡིན་པ་དང༌། མོ་གང་ཡིན་པ་བྱེ་བྲག་ཕྱེ་ཞིག་ཅེས་བསྒོའོ། །

        རྒྱལ་པོ་རབ་གསལ་རྒྱལ་དང༌། བློན་པོ་རྣམས་འདུས་ཏེ་དཔྱད་ན། གཅིག་གིས་ཀྱང་མ་རྟོགས་སོ། །དེ་ནས་ཁྱིམ་བདག་དེས་ཁྱིམ་དུ་མནའ་མ་ལ་དྲིས་ནས་མནའ་མས་བསྟན་པ། རས་འཇམ་པོ་ཞིག་ཐིང་ལ་སྦྲུལ་དེའི་སྟེང་དུ་ཞོག་ཅིག་དང༌། གང་མོ་ཡིན་པ་དེ་ནི། ཅང་མི་འགུལ་བར་ཉལ་ལོ། །གང་ཕོ་ཡིན་བ་དེ་ནི། མི་བཟོད་དེ་འདུག་ཏུ་མི་བཏུབ་པའི་རིགས་སོ། །ཅི་མངོན་ཞེ་ན། གང་མོར་གྱུར་པ་ནི། འཇམ་ཞིང་ཡང་བ་ལ་ཆགས་སོ། །གང་ཕོར་གྱུར་པ་ནི།རང་བཞིན་གྱིས་ཁྲོ་བས་འཇམ་པོ་ལ་མི་བཟོད་དེ། ཉལ་དུ་མི་བཏུབ་པས་དེས་རྟོགས་པར་འགྱུར་རོ། །ཁྱིམ་བདག་དེས་ཀྱང་རྒྱལ་པོ་ལ་དེ་བཞིན་དུ་གསོལ་ཏེ་མནའ་མས་སྨྲས་པ་བཞིན་དུ་བྱས་ནས་ཕོ་གང་ཡིན་པ་དང་མོ་གང་ཡིན་པ་བྱེ་བྲག་ལེགས་པར་ཕྱེད་དོ་ཕོ་ཉ་བ་དེ་ལ་འདི་ནི། ཕོ་ཡིན་ནོ། །འདི་ནི། མོ་ཡིན་ནོ། །ཞེས་བསྒོ་ནས་དེ་བཞིན་ཏེ། མ་ནོར་ཏོ། །ཞེས་མཆིའོ། །དེ་ནས་རྒྱལ་པོ་དེ་ཤིན་ཏུ་དགའ་ནས་དེ་ལ་ནོར་བུ་རིན་པོ་ཆེ་མང་དུ་བྱ་དགར་བྱིན་ནོ། །དེ་ནས་ཡང་ཤིང་འདོམ་དོ་པ་སྦྲོམ་ཕྲ་མཉམ་པ། ཁྱད་པར་མེད་པ། འཛེར་པ་དང༌། སྟ་རེ་དང༌། སྟེའུའི་རྗེས་མེད་པ་ཞིག་བསྐུར་ཏེ་ཤིང་འདིའི་མགོ་མཇུག་གང་ཡིན་པ་བྱེ་ཕྲག་ཕྱེ་ཞིག་ཅེས་བསྒོའོ། །རྒྱལ་པོ་དང༌། བློན་པོ་རྣམས་འདུས་ཏེ་དཔྱད་ན། གཅིག་གིས་ཀྱང་མ་ཤེས་ཏེ། ཁྱིམ་བདག་དེས་ཡང་མནའ་མ་ལ་དྲིས་ན། འདི་ནི། ཤིན་ཏུའང་སླ་སྟེ། ཤིང་འདིའི་མགོ་མཇུག་རྟོགས་པར་འདོད་ན། ཆུའི་ནང་དུ་ཞོག་ཅིག་དང༌། རྩ་བ་ནི། ཐུར་དུ་ནུབ་ཀྱི། མགོ་ནི། ཕྱིར་འབྱུང་བའི་རིགས་སོ། །ཁྱིམ་བདག་དེས་ཀྱང་རྒྱལ་པོ་ལ་དེ་བཞིན་དུ་གསོལ་ཏེ་མནའ་མས་སྨྲས་པ་དེ་བཞིན་དུ་བྱས་ན། མགོ་མཇུག་རྟོགས་པར་གྱུར་ཏེ། འདི་ནི། མགོའོ། །འདི་ནི། རྩྭ་བའོ། །ཞེས་བསྒོའོ། །ཕོ་ཉས་ཀྱང་དེ་བཞིན་ཏེ། བདེན་ནོ། །ཞེས་སྨྲས་སོ། །དེ་ནས་རྒྱལ་པོ་རབ་ཏུ་དགའ་ནས་དེ་ལ་བྱ་དགའ་མང་དུ་བྱིན་ནོ། །ཕོ་ཉ་དེ་ཕྱིར་ཡུལ་དུ་ཕྱིན་ནས་རྒྱལ་པོ་དེ་ལ་རྒྱས་པར་གསོལ་པ་དང༌། རྒྱལ་པོ་དེས་ཕོ་ཉ་ལ་རིན་པོ་ཆེ་མང་དུ་བསྐུར་ཏེ་རྒྱལ་པོ་ཆེན་པོ་དེ་ལ་བློན་པོ་མཛངས་པ་བློ་དང་ལྡན་པ་ཡོད་ཀྱི། འདི་དག་ཕུལ་ལ་ཕྱིན་ཆད་འདུམ་པར་བྱའོ། །ཞེས་བསྒོས་ནས་རྒྱལ་པོ་རབ་གསལ་རྒྱལ་གྱིས་དེ་ལྟ་བུར་གྱུར་པ་ལ་རབ་ཏུ་དགའ་སྟེ་ཁྱིམ་བདག་དེ་ལ་ཁྱོད་ཀྱིས་དེ་དག་ཇི་ལྟར་རྟོགས་ཤིང་ཤེས་ཞེས་བཀའ་སྩལ་ཏོ། །ཁྱིམ་བདག་གིས་གསོལ་པ། འདི་ནི། བདག་གིས་རྟོགས་པ་མ་ལགས་ཀྱི། བདག་གི་མནའ་མ་བློ་དང་ལྡན་པ་ཞིག་མཆིས་པ་དེས་རྟོགས་སོ། །རྒྱལ་པོས་དེས་སྐད་ཅེས་གསོལ་པ་གསན་ནས་རབ་ཏུ་དགའ་སྟེ་ཁྱིམ་བདག་གི་མནའ་མ་དེ་ད་ཕྱིན་ཆད་ང་དང་མིང་སྲིང་དུ་བྱའོ། །ཞེས་བཀའ་སྩལ་ཏོ། །

        ཁྱིམ་བདག་གི་མནའ་མ་དེ་ཕྱིས་སེམས་ཅན་དང་ལྡན་པར་གྱུར་ཏེ་ཟླ་བ་དགུ་ཚང་ནས་སྒོ་ང་སུམ་ཅུ་རྩ་གཉིས་བྱུང་སྟེ། སྒོ་ང་རེ་རེའི་ནང་ནས་བུ་ཁྱེའུ་མངའ་བྱད་ལེགས་བ། བལྟ་ན་སྡུག་པ། བཟང་བ་རེ་རེ་བྱུང་ངོ༌། །བུ་དེ་དག་ཆེར་སྐྱེས་ནས་དཔའ་ཁྱད་ཟླ་མེད་དེ། མི་གཅིག་གིས་ཀྱང་མི་སྟོང་ཐུབ་པར་གྱུར་ཏོ། །དེའི་ཕ་མ་ཡང་བུ་དེ་དག་ལ་རབ་ཏུ་སྡུག་པར་སེམས་ཏེ། ཡུལ་མི་ཐམས་ཅད་ཀྱང་དེ་དག་ལ་བག་བྱེད་དོ། །ཕྱིས་ཡུལ་དེ་ན་རིགས་ཆེ་ཞིང་མཐོ་བ་ལས་ཆུང་མ་ཡང་བླངས་སོ། །དེའི་ཚེ་ན་ལྷ་མཚམས་མ་དད་པའི་སེམས་དང་ལྡན་པས་སངས་རྒྱས་དང་དགེ་འདུན་སྤྱན་དྲངས་ཏེ་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པས། ཁྱིམ་གང་གི་མི་ཐམས་ཅད་ཀྱིས་རྒྱུན་དུ་ཟུགས་པའི་འབྲས་བུ་ཐོབ་པར་གྱུར་ན། ཁྱེའུ་ནང་གི་ཐ་ཆུང་འབའ་ཞིག་གིས་འབྲས་བུ་མཐོབ་སྟེ། ཁྱེའུ་དེ་གླང་པོ་ཆེ་ལ་ཞིན་ནས་གྲོང་ཁྱེར་གྱི་ཕྱི་རོལ་དུ་རྩེར་སོང་བ་ལས་གྲོང་ཁྱེར་དེའི་ཕྱི་རོལ་ན་ཆུ་ཆེན་པོ་ཞིག་འབབ་པ་ལ་ཟམ་པ་ཆེན་པོ་ཞིག་ཡོད་དེ། ཁྱེའུ་དེ་ཟམ་པའི་སྟེང་དུ་ཕྱིན་པ་དང༌། བློན་པོ་ཆེན་པོའི་བུ་ཞིག་ཀྱང་ཤིང་རྟའི་ནང་ན་འདུག་སྟེ་ཕྱི་རོལ་ནས་ནང་དུ་འོང་བ་དང་ཟམ་པའི་སྟེང་དུ་ཕྲད་པ་ལས་གཉི་ག་ཚོ་རིགས་ཀྱིས་བསྙེམས་ནས་གཅིག་གིས་གཅིག་ལ་མ་བྱོལ་ལོ། །ལྷ་མཚམས་མའི་བུ་ཁྲོས་ནས་གླང་པོ་ཆེ་ལ་ཞོན་བཞིན་དུ་བློ་ན་པོ་ཆེན་པོའི་བུ་ཤིང་རྟ་དང་བཅས་པ་ཟམ་པའི་འོག་ཏུ་བོར་རོ། །བློན་པོའི་བུ་དེ་ལུས་དང་རྐང་ལག་སྣད་ནས་དུས་ཏེ་ཕྱིར་ཁྱིམ་དུ་འོངས་ནས་ཕ་མ་ལ་འདི་སྐད་དུ་ལྷ་མཚམས་མའི་བུས་བདག་མ་ནོངས་པར་འདི་ལྟར་གནོད་པ་བགྱིས་ནས་ལུས་ཀུན་སྣད་དོ། །ཞེས་གསོལ་ཏོ། །

        བློན་པོ་ཆེན་པོ་དེ་ཤིན་ཏུ་མི་དགའ་བར་གྱུར་ནས་བུ། དེ་དག་ནི། ཤིན་ཏུ་ཡང་སྟོབས་ཆེ་བའི་སྟེང་དུ་རྒྱལ་པོ་དང་ཉེ་བས་རྩོད་པར་དཀའ་ན། འོན་ཀྱང་དེ་ལ་ནི། རྐུ་ལྟོ་ཞིག་བྱའོ་སྙམ་ནས་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་འཁར་བ་སུམ་ཅུ་རྩ་གཉིས་ཤིག་བྱས་ཏེ། འཁར་པའི་ནང་དུ་རལ་གྲི་སོ་རྣོན་པོ་རེ་རེ་བཅུག་ནས་ཁྱེའུ་སུམ་ཅུ་རྩ་གཉིས་པོ་དེ་ལ་རེ་རེ་བྱིན་ནས་འདི་སྐད་ཅེས་བསྒོའོ། །ཁྱེད་ནི། གཞོན་ཞིང་དར་ལ་བབ་པས་རྩེ་བའི་དུས་ལ་བབ་སྟེ། ཁྱེད་ཀྱི་ཕྱིར་རྩེ་བའི་རྐྱེན་དུ་འཁར་བ་འདི་དག་བྱས་ཀྱི། ཁྱེད་རྣམས་ཐོགས་ལ་རྩེས་ཤིག་ཅེས་བསྒོའོ། །ཁྱེའུ་དེ་དག་ཀྱང་ཤིན་ཏུ་དགའ་ནས་འཁར་བ་དེ་དག་བླངས་ནས་རེ་རེ་ཐོགས་སོ། །རྒྱལ་པོའི་ཁྲིམས་ཀྱིས་རྒྱལ་པོ་དང་ཕྲད་པ་ན་མཚོན་ཐོགས་སུ་མི་གནང་ངོ༌། །དེ་དག་འཁར་བ་ཐོགས་ཏེ་རྒྱལ་པོའི་ཞམ་འབྲིང་ནས་འཁོད་པ་ལས། བློན་པོ་དེས་རྒྱལ་པོ་ལ་འདི་སྐད་དུ་ཕྲ་མ་གསོལ་ཏོ། །ལྷ་མཚམས་མའི་བུ་སུམ་ཅུ་རྩ་གཉིས་པོ་དེ་ནི། གཞོན་ཞིང་དར་ལ་བབ་སྟེ། སྟོབས་ཀྱིས་མི་གཅིག་གིས་ཀྱང་སྟོང་ཐུབ་པ་དེ་དག་ནི། རྒྱལ་པོ་ལ་གནོད་པ་ཞིག་བགྱི་བར་སེམས་སོ། །ཞེས་གསོལ་ཏོ། །

        འོན་ཀྱང་རྒྱལ་པོ་དེ་དག་ལ་ཐུགས་མ་ཆེས་པ་མེད་པ་ལས། བློན་པོས་ཡང་གསོལ་པ། བདག་གིས་སྔར་གསོལ་པ་འདི་བདེན་ཏེ། རྫུན་མ་ལགས་པས་རྟག་ཏུ་གདའོ། །ཁྱེའུ་འདི་དག་གི་ལག་ན་ཐོགས་པའི་འཁར་བའི་ནང་ན་རལ་གྲི་རེ་རེ་མཆིས་པས་གནོད་པ་བགྱིད་དུ་མངོན་ནོ། །བློན་པོས་གསོལ་པ་བཞིན་དུ་ཁྱེའུ་དེ་དག་གི་མཁར་བ་བལྟས་ན། མཚོན་ཡོད་པར་གྱུར་ནས་གཅིག་ནས་ཀྱང་གཅིག་པོས་ཏེ་གྱད་ཀྱིས་བཟུང་ནས་ཀུན་བསད་དོ། །ཁྱེའུ་དེ་དག་གི་མགོ་བཅད་དེ་ཁྱེའུའི་མགོ་སུམ་ཅུ་རྩ་གཉིས་སྒྲོམ་གཅིག་གི་ནང་དུ་བཅུག་ནས་ཁ་ལེགས་པར་བཅད་དེ་སྲིང་མོའི་སྟེང་དུ་བསྐུར་རོ། །དེའི་ཚེ་ན་ཁྱེའུ་དེ་དག་གི་མས་སངས་རྒྱས་དང་དགེ་འདུན་སྤྱན་དྲངས་ཏེ་རྒྱལ་པོས་སྒྲོ་མ་བསྐུར་ཏེ་འོངས་པ་ལ། འདིའི་ནང་ན་མཆོད་པ་བྱེད་པའི་མཐུད་མ་ཞིག་ཡོད་ཡང་དག་སྙམ་ནས་སྒྲོམ་ཁ་ཕྱེ་བ་ལས། བཅོམ་ལྡན་འདས་ཀྱིས་སྒྲོམ་རེ་ཞིག་ཁ་མ་ཕྱེ་བར་ཞལ་ཟས་གསོལ་ལགས་ནས་གཟོད་ཕྱེ་ཞིག་ཅེས་བཀའ་སྩལ་ཏོ། །དེ་ནས་ཞལ་ཟས་གསོལ་ནས་བཅོམ་ལྡན་འདས་ཀྱིས་ཁྱེའུའི་མ་ལ་ཆོས་བསྟན་པ། ལུས་འདི་ནི། མི་རྟག་པ་སྟེ། སྡུག་བསྔལ་པ། སྟོང་པ། བདག་མེད་པ། སྙིང་པོ་མེད་པ། རིང་པོ་མི་ཐོགས་པ། ཀུན་ནས་ཉོན་མོངས་པས་ཅིངས་ཤིང་གླགས་པ་དང༌། སྡུག་བསྔལ་གྱིས་གཟིར་པ་སྟེ། འདོད་པ་དང་བྱེ་བྲལ་བའི་མྱ་ངན་གྱིས་ལུས་འདི་ཆུད་ཟོས་ཀྱང་ཕན་པ་མེད་དེ། གང་མཁས་པ་ཤེས་རབ་ཅན་གྱིས་ནི། དོན་འདི་རྟོགས་པར་འགྱུར་རོ། །ཞེས་བཀའ་སྩལ་པ་དང༌། ལྷ་མཚམས་མས་ཀྱང་དོན་རྟོགས་ནས་ལན་གཅིག་ཕྱིར་མི་ལྡོག་པའི་འབྲས་བུ་ཐོབ་པར་གྱུར་ཏེ། རབ་ཏུ་དགའ་དགུ་རངས་ནས་ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ལ་ཐུགས་བརྩེ་བའི་སླད་དུ་བདག་ཅག་གིས་གསོལ་པ་འདི་བཞི་ཞིག་གནང་བར་མཛད་དུ་གསོལ། བདག་ཅག་གིས་གསོལ་པ་བཞི་ལ། གཅིག་ནི། དགེ་སློང་ནད་པ་རྣམས་ལ་ནད་ཀྱི་རྐྱེན་སྨན་དང༌། བཟའ་བ་དང༌། བཏུང་བ་ཡིད་བཞིན་དུ་སྩལ་པ་དང༌། གཉིས་པ་ནི། དགེ་སློང་ནད་པའི་གཡོག་བགྱི་བའི་བཟའ་བ་དང༌། བཏུང་བ་ཡིད་བཞིན་དུ་སྦྱར་བ་དང༌། གསུམ་པ་ནི། དགེ་སློང་མགྲོན་པོའི་ཡི་བྱད་སྦྱར་བ་དང༌། བཞི་པ་ནི། དགེ་སློང་མགྲོན་དུ་འགྲོ་བའི་རྒྱགས་དང༌། ཡོ་བྱད་སྦྱར་བར་འཚལ་ལོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་ནད་པ་དག་ནི། ནད་ཀྱི་རྐྱེན་སྨན་དང༌། བཟའ་བ་དང༌། བཏུང་བ་མི་ལྡན་ན། ནད་འཚོ་དཀའ་སྟེ། གལ་ཏེ་ན་ཚེའི་བར་ཆད་དུ་ཡང་འགྱུར་རོ། །དགེ་སློང་ནད་གཡོག་ཀྱང་ཁ་ཟས་མེད་པའི་རྐྱེན་གྱིས་བསོད་སྙོམས་བགྱིད་དོ། །བསོད་སྙོམས་ལ་དུས་མ་མཆིས་ཏེ། གལ་ཏེ་འཕྱིས་སམ། འདོད་པ་མ་རྙེད་ན། ནད་པ་ཞེ་སྡང་སྐྱེས་ཏེ་ནད་འཚོ་བར་དཀའ་བས། དེ་ལ་ཡང་ཁ་ཟས་དབུལ་བར་འཚལ་ལོ། །ཤུལ་རིང་པོ་ནས་མཆིས་པའི་དགེ་སློང་ཡུལ་མ་འདྲིས་ཏེ་བཤེས་མ་མཆིས་པས་བསོད་སྙོམས་བགྱིད་དོ། །བསོད་སྙོམས་བགྱིད་པ་ན་ཁྱིའམ་མ་རུངས་པས་གཙེས་ཏེ་ཞེ་སྡང་སྐྱེས་ན། བཟོད་པ་ཉམས་པར་འགྱུར་བས། དེ་ལ་ཡང་ཁ་ཟས་དབུལ་བར་འཚལ་ལོ། དགེ་སློང་མགྲོན་དུ་མཆི་བ་གྲོགས་དང་ལྡན་པ་ཡང་ལམ་རྒྱགས་མ་མཆིས་པས་གྲོགས་དང་བྲལ་བན། ཤུལ་དུ་གཅན་གཟན་མང་པོའམ། མི་རྒོད་མ་རུངས་པ་མཆིས་ཏེ། གཅིག་པུ་སོང་ན་དེ་ཡང་ལུས་ཀྱི་བར་ཆད་དུ་འགྱུར་བས། དེས་དགོས་པ་ཡང་སྦྱར་པར་འཚལ་ལོ། །

        དེའི་ཚེ་བཅོམ་ལྡན་འདས་ཀྱིས་ལྷ་མཚམས་མས་གསོལ་བ་བཞི་པོ་གསན་ནས་ཤིན་ཏུ་ལེགས་སོ། །ཞེས་བསྔགས་ཏེ། ཁྱོད་ཀྱིས་གསོལ་བ་བཞི་པོ་འདིའི་བསོད་ནམས་རྒྱ་ཆེན་པོ་ནི། སངས་རྒྱས་ལ་མཆོད་པ་བྱས་པ་དང་ཐ་མི་དད་དོ། །ཞེས་བཀའ་སྩལ་ནས་དགེ་འདུན་དང་བཅས་ཏེ་སླར་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་གཤེགས་སོ། །བཅོམ་ལྡན་འདས་སླར་གཤེགས་པའི་འོག་ཏུ་སྒྲོམ་ཕྱེ་བ་བལྟས་ན། བུའི་མགོ་སུམ་ཅུ་རྩ་གཉིས་ཡོད་པ་མཐོང་ནས་འདོད་པ་དང་བྲལ་བའི་ཕྱིར་མི་དགའ་བས་གདུངས་པར་ནི། མ་གྱུར་གྱི། འདི་སྐད་དུ་ཀྱེ་མ་མི་གཅིག་སྐྱེས་པ་ལ་ཚེ་ཟད་པ་ཡོད་དེ། དེ་རིང་པོར་མ་ཐོགས་སོ། །ད་ཡང་རྒྱུད་ལྔ་གང་ན་སྡུག་བསྔལ་མྱོང་བར་གྱུར་ཅེས་སྨྲས་སོ། །ཁྱེའུ་སུམ་ཅུ་རྩ་གཉིས་ཀྱི་མའི་རིགས་སུ་ཉེ་བ་རྣམས་དེ་ལྟར་གྱུར་པ་ཐོས་ནས་ཤིན་ཏུ་མི་དགའ་སྟེ་ཞེ་སྡང་སྐྱེས་ནས་འདི་སྐད་དུ་རྒྱལ་པོ་ཆེན་པོ་ནི། འདི་ལྟར་མི་མཉེས་པ་ཀུན་བསད་ཀྱི། དམག་བསགས་ལ་དགྲ་བྱ་བར་འདོང་ངོ༌། །ཞེས་སྨྲས་ནས་དམག་གི་དཔུང་བསགས་ཏེ་རྒྱལ་པོའི་ཕོ་བྲང་བསྐོར་ཏོ། །དེའི་ཚེ་ན་རྒྱལ་པོ་དེ་སྒྲག་ནས་སངས་རྒྱས་གང་ན་བ་དེར་བྲོས་སོ། །དེ་དག་གིས་དེ་སྐད་ཅེས་ཐོས་ནས་དམག་གི་དཔུང་གིས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཡང་བསྐོར་ཏོ། །དེའི་ཚེ་ཀུན་དགའ་བོས་རྒྱལ་པོ་རབ་གསལ་རྒྱལ་གྱིས་ལྷ་མཚམས་མའི་བུ་སུམ་ཅུ་རྩ་གཉིས་བསད་དེ་མའི་རིགས་སུ་གཏོགས་པ་རྣམས་ཀྱིས་ཤ་གཉེར་དུ་འོངས་སོ། །ཞེས་ཐོས་ནས་པུས་མོ་ས་ལ་བཙུགས་ཏེ་ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །

        བཅོམ་ལྡན་འདས། ཅིའི་རྒྱུ་ཅིའི་རྐྱེན་གྱིས་མི་སུམ་ཅུ་རྩ་གཉིས་རྒྱལ་པོས་གཅིག་ཅར་དུ་བཀུམ་པར་གྱུར། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། ལྷ་མཚམས་མའི་བུ་སུམ་ཅུ་རྩ་གཉིས་པོ་འདི་དང་འབའ་ཞིག་ཏུ་རྒྱལ་པོས་གཅིག་ཅར་དུ་བསད་པར་མ་ཟད་དོ། །མི་སུམ་ཅུ་རྩ་གཉིས་པོ་ཅིའི་ཕྱིར་གཅིག་ཅར་ཚེ་འཕོས་པ་ཁྱོད་ལ་རྒྱས་པར་བསྟན་གྱི། ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག་ཅེས་བཀའ་སྩལ་ནས་ཀུན་དགའ་བོས་ཀྱང་དེ་བཞིན་དུ་བགྱིའོ། །ཐོས་པར་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། སྔོན་འདས་པའི་དུས་ན་མི་སུམ་ཅུ་རྩ་གཉིས་པོ་འདི་གཅིག་པ་གཅིག་དགའ་ཞིང་བཤེས་པ་དང༌། །ཡིད་གཅུགས་པར་གྱུར་ནས་དེ་དག་གྲོས་མཐུན་པར་ཕ་རོལ་གཞན་གྱི་བ་ལང་ཞིག་བརྐུས་སོ། །དེའི་ཚེ་ཡུལ་དེ་ན་རྒན་མོ་དབུལ་མོ་བུ་ཚ་ཡང་མེད་པ་ཞིག་ཡོད་དོ། །བ་གླང་རྐུ་བའི་མི་རྣམས་རྒན་མོ་དེའི་ཁྱིམ་དུ་ཁྲིད་དེ་འོངས་ནས་གསད་པར་བྱས་པ་དང༌། རྒན་མོ་ཡང་དགའ་རངས་ནས་ཤིང་ལ་སོགས་ཏེ་ཤ་འཚེད་པའི་ཡོ་བྱད་སྦྱར་ཏོ། །མི་དེ་དག་གིས་དེར་བ་ལང་གསོད་པ་ན་བ་ལང་དེ་ཡང་གསོད་པར་ཤེས་ནས་མདུད་པར་བཟུང་སྟེ་ཁྱེད་ཀྱིས་ང་ལྟ་ང་བསམ་པས་ན། མ་འོངས་པའི་དུས་སུ་ཡང་ཅི་སྟེ་འབྲས་བུ་ཐོབ་ན་ཡང་མི་གཏང་སྟེ། གསོད་པར་ཤོག་ཅིག་ཅེས་དམ་བཅས་མ་ཐག་ཏུ་བ་ལང་དེ་མི་རྣམས་ཀྱིས་བསད་ནས་ཁ་ཅིག་ནི། བཙོས། ཁ་ཅིག་ནི། བསྲེགས་ཏེ་ཟོས། རྒན་མོ་ཡང་བ་ལང་གི་ཤས་འགྲངས་ནས་རབ་ཏུ་དགའ་སྟེ་སྔོན་ཆད་ཀྱང་དེ་ལྟ་བུའི་མགྲོན་ཞིག་འོངས་ན། དེང་ལས་ཕན་ཐོགས་པ་ནི། མེད་དོ། །ཞེས་སྨྲས་སོ། །དེའི་ཚེ་དེའི་དུས་ན་བ་ལང་དེ་ནི། རྒྱལ་པོ་རབ་གསལ་རྒྱལ་ཡིན་ནོ། །དེའི་དུས་ན་བ་ལང་རྐུ་བ་རྣམས་ནི། ལྷ་མཚམས་མའི་བུ་སུམ་ཅུ་རྩ་གཉིས་པོ་འདི་དག་ཡིན་ནོ། །དེའི་ཚེ་ན་རྒན་མོ་ཁྱིམ་བདག་མོ་དེ་ནི། དེ་དག་གི་མ་ཡིན་ཏེ། རྣམ་པར་སྨིན་པའི་འབྲས་བུ་ཚེ་རབས་ལྔ་བརྒྱའི་བར་དུ་རྟག་ཏུ་བསད་པར་གྱུར་ཏེ། དེའི་དུས་ན་རྒན་མོ་དེ་རྗེས་སུ་ཡི་རང་ཞིང་དགའ་བ་ཙམ་གྱིས་རྟག་ཏེ་དེ་དག་གི་མ་བྱས་ནས་མྱ་ངན་གྱིས་རབ་ཏུ་གདུངས་པར་གྱུར་ཏེ། དེ་འདི་རང་དང་ཕྲད་ནས་འབྲས་བུ་ཐོབ་པར་གྱུར་ཏོ། །

        ཀུན་དགའ་བོས་ཡང་ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་ལ་གསོལ་པ། དེ་དག་གིས་ནི། བསོད་ནམས་ཅི་ཞིག་བགྱིས་ན། རིགས་ཆེ་ཞིང་མཐོ་བ་དང༌། ལོངས་སྤྱོད་དང་ལྡན་པ་དང༌། དཔའ་ཞིང་ཉམས་རྩལ་དང་ལྡན་པར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྔོན་འདས་པའི་དུས་ན་སངས་རྒྱས་འོད་སྲུང་འཇིག་རྟེན་དུ་གཤེགས་པའི་ཚེ་རྒན་མོ་དཀོན་མཆོག་གསུམ་ལ་ཤིན་ཏུ་དད་བ་ཞིག་ཡོད་དེ། སྤོས་མང་དུ་ཉོས་ནས་མར་དང་སྦྱར་ཏེ་རྟག་ཏུ་མཆོད་རྟེན་ལ་སྐུད་དོ། །ལམ་གཞིག་ན་མཆོད་རྟེན་ལ་སྐུད་པ་ལས། མི་སུམ་ཅུ་རྩ་གཉིས་ཤིག་དེར་ལྷགས་ནས་རྒན་མོ་མཆོད་རྟེན་ལ་སྐུད་པའི་གྲོགས་བྱས་ཏེ་རྒན་མོ་དེས་ཀྱང་མི་སུམ་ཅུ་རྩ་གཉིས་པོ་དེ་ལ་ཁྱོད་ཀྱིས་ཁོ་མོ་མཆོད་རྟེན་སྐུད་པ་ལ་བསྟངས་པའི་བསོད་ནམས་ཀྱིས་གང་ནས་གང་དུ་སྐྱེས་ཀྱང་མངའ་བྱ་ད་ལེགས་པ་དང༌། མཐུ་རྩལ་དང་ལྡན་པར་གྱུར་ཅིག་ཅེས་སྨྲས་ནས་དེ་དག་ཀྱང་རབ་ཏུ་དགའ་བཞིན་དུ་མཆོད་རྟེན་སྐུད་པའི་ལས་བྱས་ནས་འདི་སྐད་ཅེས་སྨྲས་སོ། །བདག་ཅག་ནི། རྒན་མོ་འདིའི་དབང་གིས་བསོད་ནམས་ཀྱི་ལས་བསྐྱེད་པར་གྱུར་ཏོ། །གང་ནས་གང་དུ་སྐྱེས་ཀྱང་ཆོ་རིགས་མཐོ་ཞིང་བཙན་ཕྱུག་པ་དང༌། ལོངས་སྤྱོད་དང་ལྡན་པ་དང༌།རྒན་མོ་འདི་ཡང་རྟག་ཏུ་བདག་ཅག་གི་མར་གྱུར་ཏེ། བདག་ཅག་ཀྱང་འདིའི་བུར་གྱུར་པ་དང༌། རྟག་ཏུ་སངས་རྒྱས་དང༌། ཆོས་ཐོས་པ་དང་མ་འབྲེལ་ཏེ། འབྲས་བུ་ཡང་མྱུར་དུ་ཐོབ་པར་ཤོག་ཅིག་ཅེས་སྨོན་ལམ་བཏབ་བོ། །རྒན་མོས་ཀྱང་དེ་བཞིན་དུ་གྱུར་ཅིག་ཅེས་སྨྲས་པས། ཚེ་རབས་ལྔ་བརྒྱའི་བར་དུ་ཆོ་རིགས་མཐོ་ཞིང་བཙུན་པར་གྱུར་ཏོ། །དེའི་ཚེ་དེའི་དུས་ན་རྒན་མོ་དེ་ནི། ད་ལྟར་ཁྱེའུ་དེ་དག་གི་མ་ཡིན་ནོ། །དེའི་དུས་ན་མི་སུམ་ཅུ་རྩ་གཉིས་པ་ནི། ཁྱེའུ་སུམ་ཅུ་རྩ་གཉིས་པོ་ཡིན་ནོ། དེའི་ཚེ་དམག་གི་དཔུང་རྣམས་སངས་རྒྱས་ཀྱིས་གསུངས་པ་ཐོས་ནས་ཞེ་སྡང་གི་སེམས་ཞི་སྟེ་འདི་སྐད་དུ་རྒྱལ་པོ་ཆེན་པོས་ཀྱང་མ་ཉེས་ཏེ། མི་འདི་དག་གི་སྔོན་གྱི་འབྲས་བུ་རྣམ་པར་སྨིན་པ་སྟེ། བ་ལང་གཅིག་བསད་པ་ཙམ་གྱིས་འདི་ལྟ་བུར་གྱུར་ཏོ། །རྒྱལ་པོ་རབ་གསལ་རྒྱལ་འདི་ནི། བདག་ཅག་གི་ཇོ་བོ་ཡིན་ནོ། །ཅིའི་ཕྱིར་འདི་ལ་འཁུ་ཞིང་གནོད་པར་སེམས་ཞེས་སྨྲས་ནས་མཚོན་ཆ་བོར་ཏེ་རྒྱལ་པོ་ལ་བབས་ནས་ཉེས་པ་བཤགས་པས་རྒྱལ་པོས་ཀྱང་གྱོད་མ་རྨས་པས་བཏང་ངོ༌། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་སྔོན་བྱུང་བ་འདི་དང༌། གླེང་གཞི་འདིས་འཁོར་བཞི་པོ་ལ་དམ་པའི་ཆོས་རྒྱས་པར་བསྟན་ཏོ། །དགེ་བའི་ལས་ནི། བརྩོན་འགྲུས་སུ་བྱ་བའི་རིགས་པ་དང༌། མི་དགེ་བའི་སྡིག་པའི་ཆོས་ནི། མི་བྱ་བའི་རིགས་པ་ཡང་བསྟན། འཕགས་པའི་བདེན་པ་བཞི་ཡང་རྒྱས་པར་བསྟན་པས་འཁོར་མང་པོ་རྣམས་ཀྱིས་ཐོས་ནས་ཐམས་ཅད་ཀྱིས་འབྲས་བུ་ཐོབ་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་ཡི་རང་ནས་མངོན་པར་དགའོ། །བློན་པོ་རི་དྭགས་ཀྱི་བུ་བདུན་གྱི་ལེའུ་སྟེ་ཉི་ཤུ་གསུམ་པའོ།། །།

                                                                རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས། 
             རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
             དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།