རིགས་གཉིས་པའི་ལེའུ།

    སྤེལ་དུས།  2016-10-18 19:13:03         ཀློག་ཐེངས།  

667696024570980821.jpg

        འདི་སྐད་བདག་གིས་ཐོས་པ་དུས་གཅིག་ནི། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ཡུལ་དེ་ན་ཁྱིམ་བདག་ཕྱུག་པོ་ཞིག་རིགས་མཉམ་པ་ལས་ཆུང་མ་བླངས་ནས་བུ་མེད་པས་ཤིན་ཏུ་མི་དགའ་སྟེ་ལྷ་ཀུན་ལ་གསོལ་བ་བཏབ་པ་ལས། ཕྱི་ཞིག་ན་ཆུང་མ་སེམས་ཅན་དང་ལྡན་པར་གྱུར་ཏེ། ཟླ་བ་ཚང་ནས་ཁྱེའུ་ཞིག་བཙས་སོ། །ཁྱེའུ་དེ་ཡང་མཛེས་ཤིང་སྡུག་པ་ཞིག་སྟེ། ཕ་མ་དང་གཉེན་བཤེས་ཀུན་དགཱ་ནས་བཙས་སྟོན་བྱས་ནས་ཆུ་བོ་ཞིག་གི་འགྲམ་དུ་འདུས་ཏེ་བཙས་སྟོན་ཟ་བའི་ཚེ་ཀུན་གྱིས་ཁྱེའུ་བལྟ་བའི་ཕྱིར་གཅིག་གི་པང་པར་ཁྱེའུ་བླངས་ནས་ཡང་གཅིག་གི་པང་པར་བྱིན་ཏོ། །དེ་བཞིན་དུ་གཅིག་ནས་གཅིག་ཏུ་བརྒྱུད་པའི་ཚེ་གཅིག་གིས་ལེ་ལོ་བྱས་ནས་བུ་ཤོར་ཏེ་ཆུར་ལྷུང་ནས་ཆུས་ཁྱེར་རོ། །ཁྱེའུ་བསོད་ནམས་ཀྱི་མཐུས་ལས་མ་ཟད་པས་ཚེམ་འཕོས་པར་ཉ་ཞིག་གིས་མིད་ནས་ཉའི་ལྟོ་ན་གསོན་པོར་འདུག་གོ །ཆུ་བོ་དེའི་མཇུག་ན་ཡང་གྲོང་ཞིག་ཡོད་དེ། གྲོང་དེ་ན་ཡང་ཁྱིམ་བདག་ཕྱུག་པོ་བུ་མེད་པ་ཞིག་འདུག་གོ །ཁྱིམ་བདག་དེའི་བྲན་ཞིག་ཆུ་བོའི་འགྲམ་ན་ཉ་བ་ཤོར་བ་ལས། ཉས་བུ་མིད་པ་ཟིན་ནས་ལྟོ་བཀས་པ་དང༌། ལྟོ་ནས་བུ་ཁྱེའུ་ཞིག་བྱུང་ནས་བྲན་དེས་ཁྱེར་ཏེ་ཇོ་མོ་ལ་ཕུལ་ལོ། །ཁྱིམ་བདག་གི་ཆུང་མས་ཁྱེའུ་དེ་བླངས་ཏེ་བལྟས་ན། ཁྱེའུ་མཚན་དང་ལྡན་པ་བཟང་པོ་ཞིག་སྟེ་རབ་ཏུ་དགའ་ནས་བདག་ཅག་གིས་ལྷ་ཀུན་ལ་གསོལ་བ་བཏབ་པའི་རྟགས་ནི། འདི་ཡིན་ནོ་སྙམ་ནས་མ་མ་ལ་གཏད་དེ་གསོས་སོ། །དེའི་གྲོང་ལྟག་མའི་ཁྱིམ་བདག་གིས་གྲོང་འོག་མའི་ཁྱིམ་བདག་གིས་ཉའི་ལྟོ་ནས་བུ་ཞིག་རྙེད་དོ། །ཞེས་ཐོས་ནས་དེ་ནི། གདོན་མི་ཟ་བར་བདག་གི་བུ་ཆུར་ལྷུང་པ་ཡིན་ནོ་སྙམ་སྟེ་དེའི་ཐད་དུ་སོང་ནས་འདི་ནི། ངའི་བུ་ཡིན་གྱི། ཕྱིར་བྱིན་ཅིག་ཅེས་སྨྲས་སོ། །དེས་སྨྲས་པ། འདི་ནི།ཁྱོད་ཀྱི་བུ་མ་ཡིན་ཏེ། བདག་ལ་བུ་མེད་པས་ལྷ་ཀུན་ལ་གསོལ་བ་བཏབ་ནས་ལྷས་བྱིན་པའི་བུ་ཡིན་ཏེ། ཉའི་ལྟོ་ནས་རྙེད་དོ། །ཞེས་སྨྲས་སོ། །ཁྱིམ་བདག་དེ་གཉིས་རྩོད་ནས་རྒྱལ་པོ་ཞལ་ཆེ་བར་གསོལ་ཏོ། །དེ་ལ་ཁྱེའུའི་ཕ་མས་ནི། འདི་བདག་གི་བུ་ཡིན་ཏེ། ཆུའི་འགྲམ་ནས་ཆུར་ལྷུང་བ་འདི་ཡིན་ནོ། །ཞེས་སྨྲས་སོ། །

        ཁྱིམ་བདག་གཅིག་གིས་ཁྱེའུ་འདི་བདག་གིས་ཉ་ཟིན་པའི་ལྟོ་ནས་རྙེད་དེ། ཁྱོད་ཀྱི་བུ་མ་ཡིན་ནོ། །ཞེས་སྨྲས་ནས་རྒྱལ་པོས་དེ་གཉིས་ཀའི་ཚུལ་དང་སྦྱར་ཏེ་ཁྱེའུ་འདི་ཁྱེད་གཉིས་གས་ཐུན་མོང་དུ་གསོས་ལ། ཆེར་སྐྱེས་ནས་ཁྱེད་གཉིས་ཀྱིས་བུའི་ཆུང་མ་རེ་རེ་ལོངས་ཤིག །ཆུང་མ་གཉིས་ལས་བུ་གང་ལས་བྱུང་བ་སོ་སོར་ཁྱེར་ཅིག་ཅས་བཅད་དོ། །དེ་ནས་ཁྱིམ་བདག་གཉིས་ཀྱིས་ཀྱང་རྒྱལ་པོས་ཞལ་ཆེ་བཅད་པ་བཞིན་དུ་ཁྱེའུ་ཐུན་མོང་དུ་གསོས་ནས་ཅིས་ཀྱང་མི་བྲེལ་བར་བྱས་སོ། །དེ་ནས་ཁྱེའུ་དེ་ཆེར་སྐྱེས་ནས་ཕ་མ་གཉིས་ལ་འདི་སྐད་ཅེས་གསོལ་ཏོ། །བདག་བཙས་མ་ཐག་ཏུ་ཆུར་ལྷུང་བ་དང༌། ཉས་མིད་པ་ལ་སོགས་ཏེ། སྡུག་བསྔལ་རྣམ་པ་སྣ་ཚོགས་མྱོང་ཡང་བདག་མ་གུམ་པས་བདག་ནི། རབ་ཏུ་འབྱུང་བར་དད་ཀྱི། གནོད་ཞིག་ཅེས་སྨྲས་སོ། །ཁྱེའུ་དེའི་ཕ་མ་གཉིས་ཀ་ཡང་བུ་སྡུག་ཆེས་པས་ངོ་མཆོག་ནས་རབ་ཏུ་འབྱུང་བར་གནང་བ་དང༌། ཁྱེའུ་དེས་སངས་རྒྱས་གང་ན་བ་དེར་སོང་ནས་དེར་ཕྱིན་པ་དང༌། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བདག་སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་འབྱུང་ངོ༌། །ཞེས་གསོལ་ཏོ། །དེ་ལ་བཅོམ་ལྡན་འདས་ཀྱིས་ལེགས་པར་འོངས་སོ། །ཞེས་བཀའ་སྩལ་པས། སྒྲ་དང་ཁ་སྦུ་རང་བྱི་ནས་དགེ་སློང་དུ་གྱུར་ཏེ་མིང་ཡང་རིགས་གཉིས་པ་ཞེས་བཏགས་སོ། །དགེ་སློང་རིགས་གཉིས་པ་ལ་བཅོམ་ལྡན་འདས་ཀྱིས་དམ་པའི་ཆོས་བསྟན་ནས་སྡུག་བསྔལ་གྱི་མཐར་ཕྱིན་ཏེ། དེ་ཉིད་དུ་དགྲ་བཅོམ་པར་གྱུར་ཏོ། །

        དེ་ལ་དགེ་སློང་དག་ཐེ་ཚོམ་སྐྱེས་ཏེ་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དགེ་སློང་རིགས་གཉིས་པ་འདི། སྔོན་དགེ་བའི་རྩ་བ་ཅི་བསྐྲུན་ན། ཆབ་ཏུ་ལྷུང་སྟེ་ཉའི་ལྟོར་མཆིས་ཀྱང་གུམ་པར་མ་གྱུར། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། ཁྱོད་རྟག་པར་ཉོན་ཅིག །སྔོན་སངས་རྒྱས་རྣམ་པར་གཟིགས་ཞེས་བྱ་བ་འཇིག་རྟེན་དུ་གཤེགས་ཏེ་སྐྱེ་བོ་མང་པོ་ལ་ཆོས་སྟོན་ཏོ། །དེའི་ཚེ་ཁྱིམ་བདག་ཁ་ཅིག་ཀྱང་འཁོར་དེར་འོངས་ཏེ་བཅོམ་ལྡན་འདས་ཀྱིས་སྦྱིན་པ་བྱིན་པའི་བསོད་ནམས་དང༌། ཚུལ་ཁྲིམས་བསྲུངས་པའི་ཡོན་ཏན་ལ་སོགས་བ་རྒྱ་ཚར་བསྟན་པ་ཐོས་ནས་ཤིན་ཏུ་དགའ་མགུ་རངས་ཏེ་བསམ་པ་དག་པའི་དད་པ་སྐྱེས་ནས་སངས་རྒྱས་དེ་ལས་སྲོག་མི་གཅོད་པ་ལ་སོགས་པའི་བསླབ་ཚིགས་གསུམ་མནོས་ནས་དོང་ཚེ་གཅིག་ཕུལ་ལོ། །དེའི་དབང་གིས་གང་ནས་གང་དུ་སྐྱེས་ཀྱང་ལོངས་སྤྱོད་དང་རིན་པོ་ཆེར་ལྡན་ཏེ་ཕོངས་པ་མེད་པར་གྱུར་ཏོ། །

        ཀུན་དགའ་བོ། དེའི་ཚེ་དེའི་དུས་ན་ཁྱིམ་བདག་དེ་ནི། དགེ་སློང་རིགས་གཉིས་པ་འདི་ཡིན་ཏེ། སངས་རྒྱས་ལ་དོང་ཚེ་གཅིག་ཕུལ་བས། བསྐལ་པ་དགུ་བཅུ་རྩ་གཅིག་གི་བར་དུ་ལོངས་སྤྱོད་ཆེན་པོ་དང་ལྡན་པར་གྱུར། ད་ལྟར་གྱི་ཚེ་འདི་ལ་ཡང་ཕ་མ་གཉིས་ཀྱི་ཁྱིམ་ན་ལོངས་སྤྱོད་བདོག་པ་དབང་བར་གྱུར་ཏེ། སྲོག་མི་གཅོད་པའི་བསླབ་ཚིགས་མནོས་པས་ཆུར་ལྟུང་ཏེ་ཉའི་ལྟོར་སོང་ཡང་མ་ཤིའོ། །དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བས་ང་དང་ཕྲད་ནས་དགྲ་བཅོམ་པར་གྱུར་ཏོ། །དེའི་ཚེ་ཀུན་དགའ་བོ་དང༌། འཁོར་མང་པོ་རྣམས་ཀྱིས་བསྟན་པ་ལ་རྗེས་སུ་ཡི་རང་ནས་མངོན་པར་དགའོ། །རིགས་གཉིས་པའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།། །།
                                                                                                                        རྩོམ་སྒྲིག་པ། མང་ར་བ།
            གསལ་འདེབས། 
                    རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།