གསེར་ལྷའི་ལེའུ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-10-18 19:07:19         ཀློག་ཐེངས།  

666520950188131254.jpg

        འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ཡུལ་དེ་ན་ཁྱིམ་བདག་རབ་ཏུ་ཕྱུག་པ། ལོངས་སྤྱོད་ཆེ་བ། ནོར་བུ་རིན་པོ་ཆེས་བང་མཛོད་གང་བ་ཞིག་ཡོད་དེ། རིགས་མཉམ་པ་ལས་ཆུང་མ་བླངས་ནས་དེའི་ཆུང་མ་ལ་བུ་ཁྱེའུ་གསེར་གྱི་མདོག་ལྟ་བུ་ཞིག་བཙས་ཏེ་མཚན་མཁན་གྱིས་བལྟས་ནས་དེའི་མིང་གསེར་ལྷ་ཞེས་བཏགས་སོ། །ཁྱེའུ་དེ་བཙས་པ་ན་ཁྱེའུ་དེའི་ཁྱིམ་དུ་ཁྲོན་པ་ཆུ་ཞེང་གབ་པ། ཆུ་ཞེང་ཁྲུ་བརྒྱད་པ། གཏིང་ཟབ་ཁྱད་ཀྱང་ཁྲུ་བརྒྱད་པ་ཞིག་རང་བྱུང་སྟེ། ཁྲོན་པ་དེའི་ཆུ་བཅུས་ན་མིའི་ཡིད་བཞིན་དུ་འབྱུང་སྟེ། གང་གོས་འདོད་པ་ལ་གོས་འབྱུང༌། བཟའ་བ་དང་བཏུང་བ་འདོད་པ་ལ་བཟའ་བ་དང་བཏུང་བ་འབྱུང༌། གསེར་དངུལ་དང་ནོར་བུ་རིན་པོ་ཆེ་འདོད་པ་ལ་གསེར་དངུལ་དང་ནོར་བུ་རིན་པོ་ཆེ་འབྱུང་སྟེ། ཅི་དང་ཅི་འདོད་པ་དེ་དག་ཐམས་ཅད་ཡིད་བཞིན་དུ་འབྱུང་ངོ༌། །ཁྱེའུ་དེ་གསོས་བསྐྱེད་དེ་ཆེར་གྱུར་པ་དང༌། རིག་པའི་གནས་ཀྱང་ལོབས་ནས་ཁྱིམ་བདག་དེ་རབ་ཏུ་དགའ་སྟེ། ཁྱེའུ་དེའི་ཆུང་མ་བཙལ་ལོ་སྙམ་བསམས་ནས་ཁྱེའུ་དེའི་ཆུང་མ་ཡང་ཁྱེའུ་དེ་དང་འདྲ་བར་གསེར་གྱི་མདོག་ཅན། བཟང་བ། མཛེས་པ། ཕལ་བས་ལྷག་པ་ཞིག་བཙལ་བར་བསམས་ཏེ་ཡུལ་ཀུན་ཏུ་མནའ་མ་ཚོལ་ལོ། །

        དེའི་ཚེ་ཡུལ་ཙམ་པ་ན་ཁྱིམ་བདག་རབ་ཏུ་ཕྱུག་པ་ཞིག་ལ་བུ་མོ་གསེར་གྱི་འོད་ཅེས་བྱ་བ་ཞིག་ཡོད་དེ། བུ་མོ་དེ་ཡང་གསེར་གྱི་མདོག་ཅན། ཤིན་ཏུ་འཚེར་བ། པགས་པ་ཤིན་ཏུ་སྲབ་པ། རུས་པ་ཕྲ་བ་ཞིག་སྟེ། ཐོག་མ་བཙས་པའི་ཚེ་ཡང་ཁྱིམ་ནས་ཁྲོན་པ་ཆུ་ཞེང་དང་གཏིང་འདྲ་བར་ཁྲུ་བརྒྱད་པ་ཞིག་རང་བྱུང་སྟེ། ཁྲོན་པ་དེ་ལས་ཀྱང་རིན་པོ་ཆེ་སྣ་ཚོགས་དང༌། གོས་དང༌། བཟའ་བ་དང༌།བཏུང་བ་ལ་སོགས་པ་ཅི་དང་ཅི་འདོད་པ་དེ་དག་ཡིད་བཞིན་དུ་རང་བྱུང་ངོ༌། །ཁྱིམ་བདག་དེས་ཀྱང་འདི་སྙམ་དུ་བདག་གི་བུ་མོ་བཟང་མོ་འདི་ནི། བུ་ཕོ་འདི་དང་འདྲ་བར་ལུས་གསེར་གྱི་མདག་ཅན། ཤིན་ཏུ་འཚེར་བ། བཟང་བ། མཛེས་པ་ཞིག་ལ་གཏང་ངོ་སྙམ་བསམ་པ་ཞིག་དང་ཕྲད་དེ་བུ་མོའི་གཏམ་ཡང་ཁྱེའུས་ཐོས། ཁྱེའུའི་གཏམ་ཡང་བུ་མོས་ཐོས་ནས་ཁྱིམ་བདག་གཉིས་གཉན་བྱ་བར་འཐམས་ཏེ། སྟོན་མོ་བྱ་བར་འཐམས་ནས་བུ་མོ་མཉན་ཡོད་དུ་ཁྲིད་དེ་མཉན་ཡོད་དུ་གསེར་ལྷའི་ཁྱིམ་དུ་ཕྱིན་ནས་གསེར་ལྷས་སངས་རྒྱས་དང༌། དགེ་འདུན་རྣམས་བཤོས་ལ་སྤྱན་དྲངས་ཏེ། བཅོམ་ལྡན་འདས་ཀྱང་དགེ་འདུན་དང་བཅས་ཏེ་བཤོས་ལ་གཤེགས་ནས་གསེར་ལྷ་ཁྱོ་ཤུག་གཉིས་ལ་དམ་པའི་ཆོས་རྒྱས་པར་བསྟན་ཏེ། གསེར་ལྷ་ཁྱོ་ཤུག་དང༌། ཁྱིམ་བདག་ཁྱོ་ཤུག་གཉིས་ཀྱིས་བཅོམ་ལྡན་འདས་ལས་ཆོས་ཐོས་ནས་བསྐལ་པ་ཁྲི་ཕྲག་གཉིས་ཤུའི་སྡིག་པ་མི་དགེ་བ་ཤིན་ཏུ་འབར་བ་ཀུན་ཞི་ནས་སེམས་རྣམ་པར་དག་པས་ཆོས་རྟོགས་ཏེ་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་གྱུར་ཏོ། །

        དེ་ནས་བཅོམ་ལྡན་འདས་སླར་གཙུག་ལག་ཁང་དུ་གཤེགས་པ་དང༌། གསེར་ལྷ་དང༌། གསེར་འོད་ཁྱོ་ཤུག་གཉིས་ཀྱང་ཕ་མ་ལ་རབ་ཏུ་འབྱུང་བར་གསོལ་ནས་ཕ་མས་ཀྱང་གནང་སྟེ་གཉི་ག་སངས་རྒྱས་གང་ན་བ་དེར་དོང་སྟེ་དེར་ཕྱིན་པ་དང༌། སངས་རྒྱས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ནས་བདག་ཅག་གཉིས་རབ་ཏུ་འབྱུང་ངོ༌། །ཞེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་ལེགས་པར་འོངས་སོ། །ཞེས་བཀའ་སྩལ་པས་སྐྲ་དང་ཁ་སྤུ་རང་བྱི་སྟེ་དུར་སྨྲིག་གྱོན་པའི་དགེ་སློང་དུ་གྱུར་ནས་གསེར་ལྷ་ནི། དགེ་སློང་གི་དགེ་འདུན་གྱི་ནང་དུ་སོང་ངོ༌། །གསེར་འོད་ནི། སྐྱེ་རྒུའི་བདག་མོ་ལ་གཏད་དོ། །གཉི་ག་རིང་པོ་མ་ལོན་པར་དགྲ་བཅོམ་པར་གྱུར་ནས་རིག་པ་གསུམ་དང༌། མངོན་པར་ཤེས་པ་དྲུག་དང༌། རྣམ་པར་ཐར་པ་བརྒྱད་ལ་སོགས་ཏེ། ཡོན་ཏན་ཐམས་ཅད་དང་ལྡན་པར་གྱུར་ཏོ། །དགེ་སློང་དག་ཐེ་ཚོམ་དུ་གྱུར་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། དགེ་སློང་གསེར་ལྷ་དང༌། གསེར་འོད་གཉིས་སྔོན་ལས་ཅི་བགྱིས་ན། ཐོག་མ་བཙས་པ་ན་འདི་ལྟར་ནོར་བུ་རིན་པོ་ཆེ་དང༌། ལོངས་སྤྱོད་ཐམས་ཅད་དང་ལྡན་ཏེ། ཁྲོན་པ་ལས་ཀྱང་ཐམས་ཅད་ཀྱི་རེ་བ་ཡོངས་སུ་སྐོང་བར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྔོན་འདས་པའི་བསྐལ་པ་དགུ་བཅུ་རྩ་གཅིག་གི་ཕ་རོལ་ན་སངས་རྒྱས་རྣམ་པར་གཟིགས་ཞེས་བྱ་བ་འཇིག་རྟེན་དུ་གཤེགས་ནས་དེ་མྱ་ངན་ལས་འདས་པའི་འོག་ཏུ་དེའི་བསྟན་པ་ལ་ཞུགས་པའི་དགེ་སློང་དག་གྲོང་ཁྱེར་དང༌། ལྗོངས་རྒྱུ་ཞིང་སེམས་ཅན་གྱི་དོན་བྱེད་དེ། དེ་དག་ལ་ཁྱིམ་བདག་རིགས་ཆེ་ཞིང་མཐོ་བ་ཀུན་གྱིས་ཆོས་གོས་དང་བསོད་སྙོམས་མི་བྲེལ་བར་བྱིན་ནོ། །

        དེའི་ཚེ་ཁྱིམ་བདག་དབུལ་པོ་ཁྱོ་ཤུག་གཉིས་ཤིག་གིས་འདི་སྙམ་དུ་བསམས་སོ། །བདག་ཅག་གཉིས་ཕ་མ་ཡོད་པའི་ཚེ་ནོར་བུ་རིན་པོ་ཆེ་དང༌། ལོངས་སྤྱོད་དུ་ལྡན་ཏེ་བང་མཛོད་ཡོངས་སུ་གང་ཡང་འཕགས་པའི་དགེ་འདུན་དང་མ་ཕྲད། ད་འདི་ལྟར་ཕོངས་བྲེལ་ཏེ་ཅི་ཡང་མི་བདོག་ནས་རྩྭ་ཕུང་གི་སྟེང་ན་ཉལ་ཞིང༌། བྲེ་གང་ཕུལ་གང་ཡང་མི་བདོག་པའི་ཚེ་འཕགས་པའི་དགེ་འདུན་གཤེགས་ནས་ཁྱིམ་བདག་ཕྱུག་པོ་དེ་ཀུན་ཆོས་གོས་དང༌། བསོད་སྙོམས་འབུལ་ན། བདག་ཅག་ནི། ཅི་ཡང་དབུལ་དུ་མེད་དོ་སྙམ་དུ་བསམས་ཏེ་རབ་ཏུ་མི་དགའ་ནས་དུས་སོ། །ཁྱིམ་ཐབ་དུས་པའི་མཆི་མ་ཆུང་མའི་ལག་པར་ལྷུང་ནས་ཆུང་མས་ཁྱིམ་ཐབ་ལ་ཁྱོད་ཅིའི་ཕྱིར་དུ་ཞེས་སྨྲས་པ་དང༌། ཁྱོད་མི་ཤེས་སམ། གྲོང་ཁྱེར་འདིར་འཕགས་པའི་དགེ་འདུན་དག་གཤེགས་ཏེ་ཁྱིམ་བདག་ཕྱུག་པོ་དེ་ཀུན་མཆོད་པ་བྱེད་ན། བདག་ཅག་འབའ་ཞིག་ཅི་ཡང་དབུལ་དུ་མེད་དེ། ད་འདིར་མ་ཕུལ་ན་སྐྱེ་བ་ཕྱི་མ་ལ་གར་འགྲོ་སྙམ་སྟེ་མི་དགའོ། །ཆུང་མས་སྨྲས་པ། ཁྱོད་སོང་ལ་བདག་ཅག་གི་མཛོད་ཁང་རྙིང་དུ་ཚོལ་ཅིག་དང༌། ལུས་བ་ཅུང་ཟད་ཡོད་ཀྱང་སྲིད་ཀྱི། གལ་ཏེ་སྣ་འགའ་ཞིག་རྙེད་ན་དབུལ་ལོ། ཞེས་སྨྲས་ནས་མཛོད་ཁང་རྙིང་དུ་བཙལ་ན། གསེར་གྱི་དོང་ཚེ་ལུས་པ་གཅིག་རྙེད་དོ། །

        ཆུང་མ་ལའང་མེ་ལོང་གཅིག་ཅིག་ཡོད་དེ། ཁྱོ་ཤུག་གཉིས་ཀྱིས་བུམ་པ་གསར་པ་གཅིག་ཅིག་ཀྱང་ཉོས་ནས་བུམ་པའི་ནང་ཆུ་གཙང་མས་བཀང་སྟེ་གསེར་གྱི་དོང་ཚེ་གཅིག་ནང་དུ་བཅུག་ནས་མེ་ལོང་གིས་ཁ་བཅད་དེ་ཆུའི་བུམ་པ་ཐོགས་པ་དགེ་འདུན་ལ་ཕུལ་ལོ། །དགེ་འདུན་གྱིས་ཀྱང་བཞེས་ནས་ཆུ་དེ་ལ་ཁ་ཅིག་གིས་ནི། འཐུངས། ཁ་ཅིག་གིས་ནི། ཁ་ལག་དང་ལྷུང་བཟེད་བཀྲུས་ཏེ། ཁྱིམ་བདག་ཁྱོ་ཤུག་གཉིས་ཀྱིས་དེ་ལྟར་དགེ་འདུན་གྱིས་སྤྱད་པ་མཐོང་ནས་རབ་ཏུ་དགའ་མགུ་རངས་ཏེ་ཕྱིར་ཁྱིམ་དུ་སོང་ངོ༌། །དེ་ནས་རིང་པོ་མ་ལོན་པར་ནད་ཀྱིས་བཏབ་ནས་ཁྱོ་ཤུག་གཉིས་ཚེ་འཕོས་ཏེ་སུམ་ཅུ་རྩ་གསུམ་གྱི་ལྷར་སྐྱེས་སོ། །ཀུན་དགའ་བོ། དེའི་ཚེ་དེའི་དུས་ན་དབུལ་པོ་ཁྱོ་ཤུག་གཉིས་ཆུའི་བུམ་པ་ཕུལ་བ་དེ་ནི། གསེར་ལྷ་ཁྱོ་ཤུག་གཉིས་ཡིན་ནོ། །སྔོན་ཆུ་བུམ་པ་གང་དང༌། གསེར་གྱི་དོང་ཚེ་དང༌། མེ་ལོང་གཅིག་ཕུལ་བས་སྐྱེ་བ་ཐམས་ཅད་དུ་བཟང་ཞིང་མཛེས་པ་དང༌། མདོག་གསེར་གྱི་ཁ་དོག་ཅན་དུ་རྟག་ཏུ་འཚེར་བར་གྱུར་ཏོ། །འདི་ལྟར་བསྐལ་པ་དགུ་བཅུ་རྩ་གཅིག་གི་བར་དུ་དེ་འདྲ་བར་གྱུར་ཏོ། །

        དེའི་ཚེ་ན་ཤིན་ཏུ་དང་བའི་སེམས་ཀྱིས་ཕུལ་བས། ད་འདིར་འཁོར་བའི་མཐར་ཕྱིན་ཏེ་དགྲ་བཅོམ་པར་གྱུར་ཏོ། །ཀུན་དགའ་བོ། དེ་བས་ན་བསོད་ནམས་ཀྱི་ཕྱོགས་སུ་འགྱུར་བའི་ལས་ནི། གང་ཡང་མི་བྱར་མི་རུང་ངོ༌། །དབུལ་པོ་དེས་སྦྱིན་པ་ཅུང་ཟད་བྱས་པས། བསོད་ནམས་ཀྱི་ཕུང་པོ་ཚད་མེད་པ་འདི་ལྟ་བུ་དག་ཐོས་པར་གྱུར་ཏོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་ཀུན་དགའ་བོ་དང༌། འཁོར་མང་པོ་རྣམས་སྦྱིན་པའི་བསོད་ནམས་ཀྱི་ཚོགས་བསག་པའི་སེམས་སྐྱེས་ཏེ་རྗེས་སུ་ཡི་རང་ནས་མངོན་པར་དགའོ། །གསེར་ལྷའི་ལེའུ་སྟེ་ཉི་ཤུ་པའོ།། །།

                                                                    རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས།
             རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
             དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།