བྲན་མོ་དབུལ་མོས་ཀཱ་ཏྱཱ་ཡ་ན་ལ་དབུལ་བཙོངས་པའི་ལེའུ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-10-18 19:02:16         ཀློག་ཐེངས།  

86712403740547339.jpg

        དེའི་ཚེ་ན་བཙུན་པ་ཀཱ་ཏྱཱ་ཡ་ན་ཆེན་པོ་ཡུལ་ཨ་པ་དེ་ན་འདུག་པ་ལས་ཡུལ་དེ་ན་ཁྱིམ་བདག་ལོངས་སྤྱོད་དང་ལྡན་པ་སེར་སྣ་ཅན། སྙིང་རྗེ་མེད་པ་ཞིག་ལ་བྲན་མོ་རྒན་མོ་ཞིག་ཡོད་དེ། བྲན་མོ་དེ་ངན་ལས་ཐམས་ཅད་བྱེད་ཀྱང་གོས་ནི། ལུས་ལ་མི་ཡོག །ཟས་ནི། ཁར་མི་མྱོང་སྟེ། རྟག་ཏུ་བརྡེག་འཚོག་པས་རྒན་མོ་མ་བཟོད་དེ་སྲོག་འདོར་དུ་འགྲོ་སྙམ་ནས་བུམ་པ་ཐོགས་ཏེ་ཆུ་འཆུར་སོང་བ་ལས། ཆུ་འགྲམ་དུ་སྐད་ཆེན་པོ་ཕྱུང་སྟེ་ངུས་སོ། །ཀཱ་ཏྱཱ་ཡ་ན་དེར་འོངས་ཏེ་རྒན་མོ། །ཅིའི་ཕྱིར་འདི་ལྟར་མི་དགའ་ཞེས་དྲིས་པ་དང༌། འཕགས་པ། བདག་རྒས་པའི་སྟེང་དུ་ལས་ནི། ཆེ། བགོ་བ་དང་བཟའ་བ་ནི། མེད། དབུལ་ཕོངས་པས་ཅིའི་ཕྱིར་མི་འགུམ་སྙམ་མི་དགའ་སྟེ་ངུའོ། །ཀཱ་ཏྱཱ་ཡ་ནས་སྨྲས་པ། རྒན་མོ། ཁྱོད་དབུལ་བཙོངས་ནས་ཅི་ཉེས། རྒན་མོས་སྨྲས་པ། དབུལ་ཅི་ལྟར་བཙོང༌། སུ་ཞིག་དབུལ་ཉོ་ཞེས་སྨྲས་པ་དང༌། ཀཱ་ཏྱཱ་ཡ་ནས་དབུལ་བཙོང་དུ་རུང་ངོ༌། །ཞེས་ལན་གསུམ་གྱི་བར་དུ་བསྒོ་བ་དང༌། དབུལ་འདི་ཇི་ལྟར་བཙོང་དྲིའོ་སྙམ་ནས་དབུལ་ཇི་ལྟར་བཙོང་དུ་རུང་ཞེས་དྲིས་སོ། །

        ཀཱ་ཏྱཱ་ཡ་ནས་སྨྲས་པ། ཅི་སྟེ་དབུལ་བཙོང་ཡང་དག་ན། ངས་བསྟན་པ་བཞིན་དུ་གྱིས་ཤིག་ཅེས་བསྒོ་བ་དང༌། འཕགས་པ། དེ་བཞིན་དུ་བགྱིའོ། །ཞེས་གསོལ་ཏོ། །ཀཱ་ཏྱཱ་ཡ་ནས་སྨྲས་པ། ཁྱོད་སྔར་ཁྲུས་གྱིས་ཤིག །བཀྲུས་པའི་འོག་ཏུ་སྦྱིན་པ་གྱིས་ཤིག །རྒན་མོས་སྨྲས་པ། བདག་ལ་ལྷན་པ་ཙམ་གྱི་རྒྱུ་ཡང་མེད་ན། ཅི་ཞིག་སྦྱིན་པར་བྱ། བུམ་པ་འདི་ནི། ཇོ་མོའི་ཡིན་ཏེ། དབང་མ་མཆིས་སོ། །ཀཱ་ཏྱཱ་ཡ་ནས་སྨྲས་པ། ཁྱོད་ལྷུང་བཟེད་ཀྱི་ནང་ཆུ་གཙང་མས་ཁོངས་ལ་ང་ལ་ཕུལ་ཅིག །ངས་སྦྱིན་པའི་ཚིགས་སུ་བཅད་པ་བྱའོ། །ཀཱ་ཏྱཱ་ཡ་ནས་ཆུ་བླངས་ནས་སྦྱིན་པའི་ཚིགས་བཅད་ཀྱང་བྱས། བསླབ་ཚིགས་ཀྱང་བྱིན། སངས་རྒྱས་ཀྱི་མཚན་ནས་ཀྱང་བརྗོད་དུ་བཅུག་སྟེ་ཡོན་ཏན་རྣམ་པ་སྣ་ཚོགས་སུ་བསྔགས་ནས་རྒན་མོ་ཁྱོད་ལ་འདུག་པའི་གནས་ཡོད་དམ། རྒན་མོས་སྨྲས་པ། བདག་ལ་གནས་མ་མཆིས་ཏེ། འཐག་པ་དང༌། གཏུན་བརྡུང་བ་དང༌། ལས་བྱེད་པའི་གནས་ཉིད་ན་ཉལ་ལོ། །བར་འགའ་ནི། ལུང་ཕུང་གི་སྟེང་ནའང་ཉལ་ལོ། །ཀཱ་ཏྱཱ་ཡ་ནས་སྨྲས་པ། ཁྱོད་ངན་ལས་བྱེད་པ་ལ་འགྱོད་པ་དང༌། མི་དགའ་བ་མ་བྱེད་པར་བརྩོན་འགྲུས་སུ་ལས་བྱོས་ལ། ཇོ་མོ་བསྙལ་བའི་འོག་ཏུ་དལ་གྱིས་ཇོ་མོའི་སྒོ་ཕྱེ་སྟེ་སྒོ་ཕག་གམ། གྲ་གཙང་ཞིག་ཏུ་རྩྭ་གཙང་མ་བཏིང་བ་ལ་འདུག་ནས་གཞན་མ་སེམས་པར་སངས་རྒྱས་ཡིད་ལ་བྱོས་ལ་དྲན་པར་གྱིས་ཤིག །

        དེ་ནས་རྒན་མོས་བསྟན་པ་བཞིན་དུ་བྱས་ནས་རིང་པོ་མ་ལོན་པར་མཚན་མོ་འདུག་བཞིན་ཚེ་འཕོས་ནས་སུམ་ཅུ་རྩ་གསུམ་གྱི་ལྷར་སྐྱེས་སོ། །དེའི་ཇོ་མོ་ནང་པར་སྔར་ལངས་ནས་ཁྱིམ་གྱི་ནང་ན་བྲན་མོ་ཚེ་འཕོས་པར་མཐོང་ནས་ཁྲོས་ཏེ། རྒན་མོ་འདི་ཁྱིམ་ནང་དུ་མ་བཏང་ན་ཅིའི་ཕྱིར་འདི་ཚེ་འཕོས་ཞེས་གཤེ་ནས་རྐང་པ་ལ་རྩ་ཐག་གིས་བཏགས་ཏེ་བཤལ་ནས་དུར་ཁྲོད་དུ་བསྐྱལ་ཏོ། །དེའི་ཚེ་ན་ལྷའི་སྲས་པོ་ཞིག་ལ་ལྷའི་བུ་མོ་ལྔ་བརྒྱས་བསྐོར་ཏེ་རྩེ་དགའ་བ་ལས་ཚེ་འདས་ནས་རྒན་མོ་དེ་ལྷའི་སྲས་མོ་དེའི་ནང་དུ་སྐྱེས་སོ། །ལྷར་སྐྱེས་བདག་དབང་པོ་རྣོན་པོས་ནི། བདག་ཅིའི་རྐྱེན་གྱིས་ལྷར་སྐྱེས་པར་ཤེས་སོ། །དབང་པོ་རྟུལ་པོས་ནི། མི་ཤེས་ཏེ། རྒན་མོ་དེ་ཡང་ཅིའི་ཕྱིར་ལྷར་སྐྱེས་པ་ནི། མི་སེམས་ཀྱི། བདེ་བ་འབའ་ཞིག་ལ་ཆགས་སོ། །དེའི་ཚེ་ན་ཤཱ་རིའི་བུ་སུམ་ཅུ་རྩ་གསུམ་ན་འདུག་པ་དེས་ཁྱོད་ཅིའི་རྐྱེན་གྱིས་ལྷར་སྐྱེས་པ་ཤེས་སམ་ཞེས་དྲིས་པ་དང༌། བདག་གིས་མི་ཤེས་སོ། །ཞེས་སྨྲས་ནས་ཤཱ་རིའི་བུས་ལྷའི་མིག་གིས་བལྟས་ཏེ་ཇི་ལྟར་ལྷར་སྐྱེས་པ་མཐོང་བར་བྱས་སོ། །

        དེ་ནས་ལྷའི་སྲས་མོ་ལྔ་བརྒྱ་ཙམ་དང་དུར་ཁྲོད་དུ་ལྷགས་ཏེ་རུས་བུ་ལ་ལྷའི་མེ་ཏོག་གིས་གཏོར། སྤོས་ཀྱིས་མཆོད་པ་བྱས་སོ། །ལྷའི་འོད་ཀྱིས་གྲོང་ཁྱེར་དེ་དག་སྣང་བ་ཆེན་པོས་སྣང་བར་གྱུར་ནས་དེའི་ཇོ་མོ་ལ་སོགས་པ་ཡ་མཚན་དུ་གྱུར་ཏེ། མི་མང་པོ་དང་བ་ལྟར་དོང་བ་ལས་ལྷ་མང་པོ་རྒན་མོའི་རུས་བུ་ལ་མཆོད་པ་བྱེད་པ་མཐོང་ནས་ལྷ་རྣམས་ལ་ཁྱེད་ཅིའི་ཕྱིར་རུས་བུ་འདི་ལ་མཆོད་བ་བྱེད། འདི་ནི། གསོན་པོའི་ཚེ་ཡང་རྩོག་པས་ཀུན་གྱིས་མི་འདོད་ན། ད་ཚེ་འཕོས་པའི་རུས་བུ་ལ་ལྟ་ཅི་སྨོས་ཞེས་སྨྲས་སོ། །

        དེའི་ཚེ་ན་ལྷའི་སྲས་མོ་རྣམས་ཀྱིས་ཇི་ལྟར་ལྷར་སྐྱེས་པའི་གཏམ་རྒྱས་པར་བྱས་ནས་ཀཱ་ཏྱཱ་ཡ་ན་གང་ན་བ་དེར་སོང་ངོ༌། །དེར་ཕྱིན་པ་དང་ཀཱ་ཏྱཱ་ཡ་ནས་ལྷའི་སྲས་མོ་དེ་དག་ལ་སྦྱིན་པ་དང༌། ཚུལ་ཁྲིམས་དང༌། མཐོ་རིས་སུ་སྐྱེ་བ་ལ་སོགས་ཏེ། དམ་པའི་ཆོས་ཀྱི་གཏམ་རྒྱས་པར་བྱས་ནས་མི་གཙང་བའི་ཆོས་དང༌། འབྱུང་བའི་ཆོས་བསྟན་པས། ལྷའི་སྲས་མོ་དེ་དག་རྡུལ་དང་བྲལ། དྲི་མ་དང་བྲལ་ཏེ་ཆོས་ལ་ཆོས་ཀྱི་མིག་རྣམ་པར་དག་པར་གྱུར་ནས་ཕྱིར་ལྷའི་གནས་སུ་དོང་ངོ༌། །འཁོར་མང་པོ་རྣམས་ཀྱང་ཆོས་བསྟན་པ་ཐོས་ནས་སོ་སོ་ནས་འབྲས་བུ་དང་པོ་ནས་འབྲས་བུ་བཞི་པའི་བར་དུ་ཐོབ་པར་གྱུར་ཏེ་རྗེས་སུ་ཡི་རང་ནས་མངོན་པར་དགའོ། །བྲན་མོ་དབུལ་མོས་ཀཱ་ཏྱཱ་ཡ་ན་ལ་དབུལ་བཙོངས་པའི་ལེའུ་སྟེ་བཅུ་དགུ་པའོ།། །།

                                                                                                                          རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས། 
             རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                 དྲ་བའི་སྦྲེལ་ཐགhttp://www.tb1025.cn



 

བརྒྱུད་འགོད།