དགེ་ཚུལ་གྱིས་ཚུལ་ཁྲིམས་བསྲུངས་པའི་ལེའུ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-10-16 11:01:43         ཀློག་ཐེངས།  


321248353611970214.jpg

        བམ་པོ་ལྔ་པ། ཚུལ་ཁྲིམས་སྲུང་བ་དག་ནི། ལུས་དང་སྲོག་སྟོར་ཀྱང་བླའི། ནམ་དུ་ཡང་ཚུལ་ཁྲིམས་ཉམས་པར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཚུལ་ཁྲིམས་ནི། བྱང་ཆུབ་ཏུ་འཇུག་པའི་རྩ་བ། ཟག་པ་མེད་པའི་མཆོག །མྱ་ངན་ལས་འདས་པའི་བདེ་བར་འགྲོ་བའི་ལམ་མོ། །ཚུལ་ཁྲིམས་དག་པར་བསྲུངས་པའི་བསོད་ནམས་ནི། ཚད་མེད་དཔག་ཏུ་མེད་དོ། །དཔེར་ན། རྒྱ་མཚོ་ཆེན་པོ་ནི། ཚད་མེད་མཐའ་མེད་དོ། །ཚུལ་ཁྲིམས་བསྲུངས་པའི་བསོད་ནམས་ཀྱང་ཚད་མེད་མཐའ་མེད་དོ། །དཔེར་ན། རྒྱ་མཚོ་ནི། ལྷ་མ་ཡིན་དང༌། རུས་སྦལ་དང༌། ཆུ་སྲིན་དང༌། ཆུའི་རིས་སུ་གཏོགས་པའི་སེམས་ཅན་ཆེན་པོའི་གནས་སུ་གྱུར་པ་ལྟར་ཚུལ་ཁྲིམས་ཀྱང་དེ་དང་འདྲ་སྟེ། ཐེག་པ་གསུམ་ལ་གནས་པའི་སྐྱེ་བོ་ཆེན་པོ་མང་དུ་གནས་སོ། །དཔེར་ན། རྒྱ་མཚོའི་ནང་ན་གསེར་དང༌། དངུལ་དང༌། བཻཌཱུཪྻ་ལ་སོགས་ཏེ། རིན་པོ་ཆེ་མང་པོ་ཡོད་པ་བཞིན་དུ་ཚུལ་ཁྲིམས་ཀྱི་རྒྱ་མཚོ་ཡང་དེ་དང་འདྲ་སྟེ། མི་རྟག་པའི་གཞི་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང༌། བསམ་གཏན་དང༌། ཏིང་ངེ་འཛིན་ལ་སོགས་པའི་རིན་པོ་ཆེ་མང་པོ་ཡོད་དོ། །དཔེར་ན། རྒྱ་མཚོ་ཆེན་པོའི་གཏིང་ཡང་རྡོ་རྗེ་ཡིན་ལ། མཐའ་མ་ཡང་རྡོ་རྗེའི་རིས་བསྐོར་ཏེ་ཆུ་བོ་བཞི་འབབ་ཀྱང་མི་འགྲིབ་མི་ལྡུད་པ་ལྟར་ཚུལ་ཁྲིམས་ཀྱི་རྒྱ་མཚོ་ཡང་དེ་དང་འདྲ་སྟེ། འདུལ་བ་རྡོ་རྗེ་ལྟ་བུས་ནི། གཏིང་བྱས། ཆོས་མངོན་པའི་རིས་ནི། མཐའ་བསྐོར། མདོ་སྡེ་བཞི་ཆུ་བོ་ལྟ་བུར་འབབ་ཀྱང་འཕེལ་བ་ཡང་མེད། འགྲིབ་པ་ཡང་མེད་དོ། །རྒྱ་མཚོ་ཅིའི་ཕྱིར་མི་ལྡུད་ཆེ་ན། མཚམས་མེད་པའི་སེམས་ཅན་དམྱལ་བའི་མེས་རྒྱ་མཚོ་བསྐམས་པས་ན། དེའི་ཕྱིར་རྒྱ་མཚོ་མི་ལྡོད་དོ། །ཆུ་བོ་རྟག་ཏུ་འབབ་པས་ནི། མི་འགྲིབ་བོ། །ཚུལ་ཁྲིམས་ཀྱི་རྒྱ་མཚོ་ཡང་བག་མེད་པས་མི་སྐྱེ། ཡོན་ཏན་དང་ལྡན་པས་མི་འགྲིབ་བོ། །དེ་བས་ན་གང་ཚུལ་ཁྲིམས་བསྲུངས་པ་དེའི་ཡོན་ཏན་ནི། རབ་ཏུ་མང་བར་རིག་པར་བྱའོ། །བཅོམ་ལྡན་འདས་མྱ་ངན་ལས་འདས་ནས་ཡུལ་ཨནྟ་ཞེས་བྱ་བ་ན་དགེ་སློང་བསོད་སྙོམས་པ། དགོན་པ་ལ་གནས་ནས་དགའ་བ། སྤྱོད་ལམ་དང་ལྡན་པ་ཞིག་ཡོད་དོ། །དགེ་སློང་བསོད་སྙོམས་པ་ནི། སངས་རྒྱས་ཀུན་གྱིས་བསྔགས་ཀྱི། ཕལ་གྱི་ནང་ན་གནས་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་བསོད་སྙོམས་པ་ནི། འདོད་པ་ཆུང་ཞིང་ཆོག་ཤེས་པ་སྟེ། ཅི་ཡང་མི་གསོག་ཅིང་ཟས་གཅིག་པ། བླ་གབ་མེད་པ། ཆོས་གོས་གསུམ་ལ་སོགས་པ་སྤྱོད་དེ། བཙུན་པའོ། །གཙོ་བོའོ། །དགེ་འདུན་གྱི་ནང་ན་གནས་པའི་དགེ་སློང་ནི། འདོད་པ་མང་བ། ཆོག་མི་ཤེས་པ། སེར་སྣ་བྱེད་པ། ཅི་ལ་ཡང་ཆགས་པས་གྲགས་པ་ཆེན་པོ་ཐོབ་པར་མི་འགྱུར་རོ། །དགེ་སློང་བསོད་སྙོམས་པ་དེ་ཡོན་ཏན་སྤྱོད་པ་དང་ལྡན་ཏེ། དགེ་སློང་གི་འབྲས་བུ་ཐོབ་ནས་མངོན་པར་ཤེས་པ་དྲུག་དང༌། རིག་པ་གསུམ་དང༌།རྣམ་པར་ཐར་པ་བརྒྱད་ལ་གནས་ཏེ་སྤྱོད་ལམ་ཤིན་ཏུ་མཛེས་པས་ཀུན་ཏུ་གྲགས་པར་གྱུར་ཏོ། །

        དེའི་ཚེ་ཡུལ་ཨནྟ་ཞེས་བྱ་བ་ན་དགེ་བསྙེན་དཀོན་མཆོག་གསུམ་ལ་ཤིན་ཏུ་དད་པ། སྲོག་མི་གཅོད་པ། མ་བྱིན་པར་མི་ལེན་པ། འདོད་པས་ལོག་པར་མི་གཡེམ་པ། བརྫུན་དུ་མི་སྨྲ་བ། སྨྱོ་བའི་ཁུ་བ་ཆང་མི་འཐུང་བའི་ཚུལ་ཁྲིམས་ལྔ་སྲུང་བ། ཡོན་ཏན་དང་ལྡན་པ་ཞིག་ཡུལ་དེ་ན་འདུག་པ་ལས། དགེ་བསྙེན་དེས་དགེ་སློང་བསོད་སྙོམས་པ་དེ་ཚེ་གཅིག་གི་བར་དུ་འཚོ་བ་སྦྱར་ན་འཚོ་བ་སྦྱར་བའི་བསོད་ནམས་ནི། མྱོང་བར་འགྱུར་རོ་སྙམ་ནས་གལ་ཏེ་བདག་གི་ཁྱིམ་དུ་སྤྱན་དྲངས་ན་ལམ་དུ་གྲང་བ་དང༌། ཚ་བས་ཉོན་མོངས་ཏེ་སྒོམ་པའི་བར་ཆད་དུ་ཡང་འགྱུར་ལ། ཕྱིས་རྣམ་པར་སྨིན་པ་མྱོང་བ་ན་ཡང་བདག་གིས་བསམས་ཤིང་དོན་དུ་གཉེར་དགོས་པ་ཐོབ་པར་འགྱུར་རོ། །གལ་ཏེ་འཚོ་བ་གནས་སུ་བསྐྱལ་ན། ཕྱིས་རྣམ་པར་སྨིན་པ་ཡང་དོན་དུ་གཉེར་མི་དགོས་པར་ཐོབ་པར་འགྱུར་རོ་སྙམ་བསམས་ནས་དགེ་བསྙེན་དེ་དད་པའི་སེམས་ཀྱིས་ཞལ་ཟས་རོ་བརྒྱ་དང་ལྡན་པ། དྲི་བསུང་དང་ཁ་དོག་དང་ལྡན་པ་སྣ་ཚོགས་བཤམས་ཏེ་ཉིན་གཅིག་བཞིན་དུ་སྐྱེལ་ཏོ། །དགེ་སློང་ལ་བཟང་ངན་རྣམ་པ་བཞིས་བརྟག་དཀའ་བ་ནི། ཇི་ལྟར་ཨ་མྲའི་འབྲས་བུ་སྨིན་ནམ་མ་སྨིན་པ་བརྟག་དཀའ་བ་བཞིན་ནོ། །

        དགེ་སློང་ཁ་ཅིག་སྤྱོད་ལམ་ཤིན་ཏུ་མཛེས་ཤིང་གོམ་པ་དལ་གྱིས་འགྲོ་ལ་གཉའ་ཤིང་གང་ལས་མི་ལྟ་ཡང་ནང་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་དང་བཅས་ལ། ཆོས་མ་ཡིན་པ་སྤྱོད་ཅིང་ཚུལ་ཁྲིམས་ཉམས་པ་ཡང་ཡོད་དེ། དེ་ནི། ཨ་མྲའི་འབྲས་བུ་ཕྱི་རོལ་སྨིན་ལ་ནང་མ་སྨིན་པ་དང་འདྲའོ། །དགེ་སློང་ཁ་ཅིག་ནི། ཕྱི་རོལ་གྱི་སྤྱོད་པ་རྩིང་ལ་སྤྱོད་ལམ་དང་མི་ལྡན་ན་ཡང་ནང་དགེ་སློང་གི་སྤྱོད་པ་དང་ཡོན་ཏན་དུ་ལྡན་ཏེ་བསམ་གཏན་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་དུ་ལྡན་པ་ཡོད་དེ། དེ་ནི། ཨ་མྲའི་འབྲས་བུ་ནང་སྨིན་ལ་ཕྱི་རོལ་མ་སྨིན་པ་དང་འདྲའོ། །དགེ་སློང་ཁ་ཅིག་ནི། སྤྱོད་ལམ་རྩིང་ལ་ཉེས་པ་བྱེད་ཅིང་ཚུལ་ཁྲིམས་ཀྱང་ཉམས་ལ། ནང་ཡང་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་དང༌། སེར་སྣ་དང༌། ཕྲག་དོག་ཏུ་བཅས་པ་ཡང་ཡོད་དེ། དེ་ནི། ཨ་མྲའི་འབྲས་བུ་ཕྱི་རོལ་ཀྱང་མ་སྨིན་ལ་ནང་ཡང་མ་སྨིན་པ་དང་འདྲའོ། །

        དགེ་སློང་ཁ་ཅིག་ནི། སྤྱོད་ལམ་མཛེས་ཤིང་ཚུལ་ཁྲིམས་དང་ལྡན་ལ། ནང་ཡང་དགེ་སྦྱོང་གི་ཡོན་ཏན་ཚུལ་ཁྲིམས་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་ཏུ་ལྡན་པ་ཡང་ཡོད་དེ། དེ་ནི། ཨ་མྲའི་འབྲས་བུ་ཕྱི་ནང་གཉིས་ཀ་སྨིན་པ་དང་འདྲའོ། །བསོད་སྙོམས་པའི་དགེ་སློང་དེ་ཕྱི་ནང་གཉིས་ཀ་དང་ལྡན་པ་ཡང་དེ་དང་འདྲ་སྟེ།ཡོན་ཏན་དང་སྤྱོད་པ་ཡོངས་སུ་རྫོགས་པས་ཐམས་ཅད་རིམ་གྲོ་དང༌། བཀུར་སྟི་བྱེད་དོ། །དེའི་ཚེ་ན་ཡུལ་དེ་ན་ཁྱིམ་བདག་དཀོན་མཆོག་གསུམ་ལ་ཤིན་ཏུ་དད་པ་ཞིག་ལ་བུ་ཁྱེའུ་ཞིག་ཡོད་དེ། དེས་འདི་སྙམ་དུ་བསམས་སོ། །བདག་གི་བུ་འདི་རབ་ཏུ་དབྱུང་གི །སྟོན་པ་མཁས་པ་ཞིག་ལ་བཅོལ་ཏོ། །དེ་ཅིའི་ཕྱིར་ཞེ་ན། དགེ་བའི་བཤེས་གཉེན་ལ་བསྟེན་པ་ནི། དགེ་བ་འཕེལ་བར་འགྱུར། སྡིག་པའི་གྲོགས་པོ་ལ་བསྟེན་པ་ནི། སྡིག་པའི་ཆོས་སྐྱེ་བར་འགྱུར་ཏེ། དཔེར་ན། རླུང་གི་རང་བཞིན་ནི། མི་ལྡོག་མོད་ཀྱི། ཙནྡན་གྱི་ཚལ་ལམ། ཙམ་པ་གའི་ཚལ་ལས་འོངས་ན། རླུང་དེ་ལས་དྲི་བསུང་ཞིམ་པ་བྲོའོ། །གལ་ཏེ་མནམ་ཞིང་རྩོག་པའམ། རོ་སུངས་པའི་ཕྱོགས་ནས་འོངས་ན། རླུང་དེ་ཡང་མནམ་མོ། །དཔེར་ན། གོས་གསར་པ་ཡང་སྤོས་ཀྱི་སྣོད་དུ་བཅུག་ན། གོས་དེ་ལ་ཡང་སྤོས་བྲོའོ། །གལ་ཏེ་མནམ་པ་སུངས་པའི་གནས་སུ་བཞག་ན། གོས་དེ་ཡང་མནམ་མོ། །

        དགེ་བའི་བཤེས་གཉེན་ལ་བསྟེན་ན་དགེ་བ་ཕྱིར་ཞིང་བཞིན་འཕེལ་ལ། སྡིག་པའི་གྲོགས་པོ་ལ་བསྟེན་ན། སྡིག་པ་སྐྱེ་ཞིང་འཕེལ་བར་འགྱུར་གྱི། དེ་བས་ན་བདག་གི་བུ་འདི་ཡང་དགེ་སློང་བཙུན་པ་འདི་ལ་ཕུལ་ཏེ་རབ་ཏུ་དབྱུང་ངོ་སྙམ་བསམས་ནས་དགེ་སློང་དེ་གང་ན་བ་དེར་སོང་སྟེ་འདི་སྐད་ཅེས་སྨྲས་སོ། །བདག་གི་བུ་འདི་རབ་ཏུ་འབྱུང་བར་དད་ཀྱི། བཙུན་པས་ཐུགས་བརྩེ་བར་དགོངས་ཏེ་རབ་ཏུ་དབྱུང་བར་གསོལ་ཏོ། །གལ་ཏེ་མི་གནང་ན། སླར་ཡང་ཁྱིམ་དུ་ཁྲིད་དེ་མཆིའོ། །དེ་ནས་དགེ་སློང་གིས་རྫུ་འཕྲུལ་གྱི་མིག་གིས་བརྟགས་ན། ཁྱེའུ་འདི་རབ་ཏུ་བྱུང་ན་ཚུལ་ཁྲིམས་དག་པར་སྲུང་ཞིང་སངས་རྒྱས་ཀྱི་ཆོས་འཕེལ་བར་རྟོགས་ནས་རབ་ཏུ་ཕྱུང་སྟེ་དགེ་ཚུལ་དུ་བྱས་སོ། །དེའི་ཚེ་ན་འཚོ་བ་སྦྱོར་བའི་དགེ་བསྙེན་དེ་ལ་ཁྱིམ་བདག་མཛའ་བོ་ཞིག་ཡོད་དེ། ཁྱིམ་བདག་དེས་དུས་ཀྱི་སྟོན་མོ་ཞིག་སྦྱར་ནས་དགེ་བསྙེན་དེ་དང༌། ཆུང་མ་དང༌། བུ་དང༌། བྲན་མོ་དང༌། ཁྱིམ་གང་གི་མི་ཀུན་བོས་སོ། །ཕྱི་ཉིན་མགྲོན་དུ་འགྲོ་བ་ལས་དགེ་བསྙེན་དེས་འདི་སྙམ་དུ་བསམས་སོ། །བདག་ཅག་ཀུན་མགྲོན་དུ་འགྲོ་ན། ཁྱིམ་འདི་སུས་བསྲུངས། གལ་ཏེ་ནན་གྱིས་འགའ་ཞིག་བཞག་ན། དེའི་སྒོར་ཕབ་སྟེ་སྐལ་བ་ཆད་པར་འགྱུར་གྱི། དེ་ལ་སུ་ཞིག་འདུག་པར་དགའ་ན། མགྲོན་ལས་ཕྱིར་འཁོར་མ་ཐག་ཏུ་དྲིན་གཟོ་ཞིང་ལན་བྱའོ། །ཞེས་སྨྲས་པ་དང༌།དགེ་བསྙེན་དེའི་བུ་མོ་ཞིག་ཡོད་པས། དེས་ཕ་ལ་འདི་སྐད་ཅེས་སྨྲས་སོ། །ཁྱིམ་མི་འདི་དག་ཐམས་ཅད་མགྲོན་དུ་མཆི་བར་བགྱིས་ཏེ། བདག་གིས་ཁྱིམ་བསྲུང་ངོ༌། །ཞེས་སྨྲས་ནས་ཕས་ཀྱང་ཤིན་ཏུ་ལེགས་སོ་ལེགས་སོ། །ཁྱོད་ཀྱིས་ཁྱིམ་བསྲུངས་ན། ཁྱོད་ཀྱི་མ་དང་མི་འདྲ་བ་མེད་དེ། སྟོར་བའམ། ཉེས་ལ་འབྱུང་གིས་མི་དགོས་སོ། །ཞེས་སྨྲས་ནས་ཁྱིམ་གང་གི་མི་ཀུན་མགྲོན་དུ་དོང་ངོ༌། །བུ་མོས་ཀྱང་སྒོ་རྣམས་དམ་དུ་བཅད་དེ་གཅིག་པུ་ཁྱིམ་ན་འདུག་གོ །

        དེའི་ཉིན་བར་དགེ་བསྙེན་དེ་བྲེལ་བས། བསོད་སྙོམས་བསྐྱལ་བ་བརྗེད་ནས་དེའི་ཚེ་ན་དགེ་སློང་དེ་འདི་སྙམ་དུ་ཉི་མ་ཡང་ཡོལ་ལ་ཁད་ན། །ཁྱིམ་པ་ལ་དོན་མང་བྱས་བརྗེད་པ་སྲིད་དམ། ཟན་མི་ཟ་བའི་མི་རིགས་ཀྱི། ལེན་དུ་གཏང་ངོ་སྙམ་བསམས་ནས་དགེ་ཚུལ་དེ་ལ་བསྒོ་བ། ཁྱོད་སྤྱོད་ལམ་ཤིན་ཏུ་བསྡམས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་གྲོང་ནས་བསོད་སྙོམས་ལོངས་ཤིག །ཇི་ལྟར་བུང་བ་རྣམས་མེ་ཏོག་གི་ཁ་ཏོག་དང༌། བསུང་ལ་མི་གནོད་པ་བཞིན་ཆགས་པར་མ་བྱེད་པར་ཁྱིམ་ནས་བསོད་སྙོམས་ལོངས་ཤིག །གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱ་ལ་མ་ཆགས་པར་དབང་པོ་རྣམས་སྲུང་ཤིག །གལ་ཏེ་ཚུལ་ཁྲིམས་བསྲུངས་ན། གདོན་མི་ཟ་བར་འབྲས་བུ་ཐོབ་པར་འགྱུར་གྱི། ལྷ་སྦྱིན་ལྟ་བུ་མདོ་སྡེ་མང་དུ་ཁ་ཏོན་ཤེས་ཀྱང་ཉེས་པ་བྱས་ཏེ་ཚུལ་ཁྲིམས་ཉམས་པས། མཚམས་མེད་པའི་སེམས་ཅན་དམྱལ་བར་སྐྱེས་སོ། །ཀོ་ཀ་ལི་ཀ་ལྟ་བུ་སྐུར་པ་འདེབས་ཤིང་ཚུལ་ཁྲིམས་ཉམས་པས། དེ་ཡང་སེམས་ཅན་དམྱལ་བར་སྐྱེས་སོ། །ཙུའུ་པནྟ་ལྟ་བུ་ཚིགས་སུ་བཅད་པ་གཅིག་ལས་མི་ཤེས་མོད་ཀྱི། ཚུལ་ཁྲིམས་བསྲུངས་པས་དགྲ་བཅོམ་པར་གྱུར་ཏོ། །ཚུལ་ཁྲིམས་ནི། མྱ་ངན་ལས་འདའ་བའི་སྒོར་འཇུག་ཅིང༌། ཤིན་ཏུ་བདེ་བའི་རྒྱུར་འགྱུར་ཏེ། དཔེར་ན། བྲམ་ཟེའི་ཆོས་ཀྱིས་ཟླ་བ་གསུམ་མམ། ཟླ་བ་བཞིའི་བར་དུ་མཆོད་སྟོན་བྱེད་དེ། དེ་ཡང་བྲམ་ཟེ་མཁས་པ་རིག་པ་དང་ལྡན་པ། ཚུལ་ཁྲིམས་སྲུང་བ། ཚངས་པར་སྤྱོད་པ་དག་འབོད་ཀྱི། ཐམས་ཅད་ནི། མ་ཡིན་ནོ། །གང་སྟོན་མོ་ལ་འོངས་པ་ལག་པའི་མཁྲིག་མ་ལ་ཀེའུ་ལེའི་རྒྱས་འདེབས་སོ། །བྲམ་ཟེ་གཅིག་ཅིག་ཡོན་ཏན་དང་ལྡན་ཡང་རང་བཞིན་གྱིས་སྲེད་པ་ཅན་ཞིག་ཡིན་པས། སྦྲང་རྩི་དང་མངར་བ་ལ་ཆགས་པས་མཁྲིག་མ་ལ་རྒྱས་བཏབ་པ་བལྡགས་ཏེ་མི་སྣང་བར་བྱས་སོ། །

        ཕྱི་ཉིན་སྟོན་མོ་ལ་འདུས་ནས་སྒོ་བས་རྒྱ་བལྟས་ན། ཀུན་ཏུ་རྒྱུ་དེ་ལ་རྒྱ་མེད་པར་གྱུར་ནས་སྒོ་བས་ཀྱང་ནང་དུ་མ་བཏང་ནས་ཁྱོད་ཀྱི་རྒྱ་ག་རེ་ཞེས་དྲིས་ན། མངར་བས་བལྡགས་ཏེ་མེད་པར་བྱས་སོ། །ཞེས་སྨྲས་སོ། །ཀུན་ཏུ་རྒྱུ་དེ་མངར་བ་ཅུང་ཟད་ཙམ་ལ་ཆགས་པས། ཟླ་བ་བཞིའི་སྟོན་མོ་ཁ་ཟས་ཁ་དོག་དྲང་དྲི་བསུང་དུ་ལྡན་ཞིང༌། རོ་ཞིམ་པོ་རྣམ་པ་སྣ་ཚོགས་དང༌། ཡོན་རིན་པོ་ཆེ་མང་པོ་ཡང་ཤོར་གྱི། ཁྱོད་ཀྱང་དེ་ལྟ་བུར་ཅུང་ཟད་ཙམ་ལ་ཆགས་པའི་ཕྱིར་ཚུལ་ཁྲིམས་ཀྱི་རྒྱ་ཉམས་པར་མ་བྱེད་ཅིག །ལྷ་དང་མིའི་འདོད་པ་ལྔའི་རོ་ཞིམ་པོ་དང༌། ཟག་པ་མེད་པ་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང༌། མྱ་ངན་ལས་འདས་པའི་བདེ་བ་དང༌། ཆོས་རིན་པོ་ཆེ་ཚད་མེད་པ་དག་སྟོར་བར་གྱུར་ཏ་རེ། དུས་གསུམ་གྱི་སངས་རྒྱས་ཀྱི་ཚུལ་ཁྲིམས་ཉམས་ཤིང༌། དཀོན་མཆོག་གསུམ་དང༌། སློབ་དཔོན་དང༌། དགེ་འདུན་གྱི་རིགས་སུན་པར་མ་བྱེད་ཅིག །ཅེས་བསྒོ་ནས་སློབ་དཔོན་གྱི་རྐང་པ་ལ་མགོ་བོས་ཕྱག་འཚལ་ཏེ་དེའི་ཁྱིམ་དུ་སོང་ངོ༌། །དེར་ཕྱིན་པ་དང་སྒོ་བརྡུངས་ནས་བུ་མོས་སུ་ཡིན་ཞེས་བོས་སོ། །དགེ་ཚུལ་གྱིས་བདག་སློབ་དཔོན་གྱི་བསོད་སྙོམས་ལེན་དུ་འོངས་སོ། །ཞེས་སྨྲས་པ་དང༌། བུ་མོ་དེ་རབ་ཏུ་དགའ་ནས་ད་ནི། རེ་བ་རྙེད་དོ་སྙམ་ནས་སྒོ་ཕྱེའོ། །

        དགེ་ཚུལ་ནང་དུ་འོངས་པ་དང༌། བུ་མོ་དེ་ཡང་ལོ་བཅུ་དྲུག་ལས་མ་ལོན་ཏེ། མངའ་བྱད་ལེགས་པ། བལྟ་ན་སྡུག་པ། མཛེས་པ་བཟང་བ་ཞིག་སྟེ། འདོད་ཆགས་ཀྱིས་བསླུའོ། །སྙམ་སྟེ་དགེ་ཚུལ་དེའི་མདུན་དུ་བསླུ་བ་རྣམ་པ་མང་པོ་བྱས་ཏེ་ཤིན་ཏུ་འདོད་པས་དགེ་ཚུལ་དེ་ལ་བརྟགས་སོ། །དགེ་ཚུལ་དེ་འདི་སྙམ་དུ། བུ་མོ་འདི་རླུང་ནད་ལངས་སམ། སྨྱོས་སམ། འོན་ཏེ་བུ་མོ་འདི་འདོད་ཆགས་ཀྱིས་གདུངས་ཏེ། འདོད་ཆགས་ཀྱི་མེས་ངའི་ཚུལ་ཁྲིམས་ཚིག་པར་བྱེད་དམ་སྙམ་བསམས་ནས་སྤྱོད་ལམ་ཤིན་ཏུ་བསྡམས་ཏེ་མདངས་ཀྱང་མ་གྱུར་པར་འདུག་གོ །བུ་མོ་དེས་སྨད་ལྔས་ལ་གཏུགས་ཏེ་ཕྱག་བྱས་ནས་དགེ་ཚུལ་ལ་འདི་སྐད་ཅེས་སྨྲས་སོ། །བདག་རྟག་ཏུ་རེ་བ་ཡང་དེང་གི་དུས་སུ་གྲུབ་བོ། །བདག་ཁྱོད་ལ་སྨྲ་བ་ཞིག་ཡོད་དེ། རྟག་ཏུ་དྲན་ན་སྐབས་མ་རྙེད་དོ། །ཁྱོད་ཀྱང་རྟག་ཏུ་བདག་ལ་དགོངས་པ་དྲན་ན། བདག་གི་རེ་བ་བསྐང་དུ་གསོལ། ཁྱིམ་འདིའི་ནང་ན་རིན་པོ་ཆེ་དང༌། གསེར་དང༌། དངུལ་དང༌། བང་མཛོད་མང་བ་ནི། རྣམ་ཐོས་ཀྱི་བུའི་གཏེར་དང་འདྲ་བར་ཡོད་ཀྱང་བདག་པོ་མེད་ཀྱི། ཁྱོད་ཁྱིམ་དང་བཅས་པའི་བདག་པོ་མཛད་དུ་གསོལ། བདག་ཁྱོད་ཀྱི་ཁོལ་མོ་བགྱིས་ཏེ་བཀུར་སྟི་དང༌། རིམ་གྲོ་བགྱིའོ། འདི་ལས་མི་འགལ་ཞིང་བདག་གི་རེ་བ་བསྐང་དུ་གསོལ། དགེ་ཚུལ་གྱིས་བསམ་པ། བདག་གིས་སྡིག་པའི་ལས་ཅི་ཞིག་བྱས་ན། འདི་ལྟ་བུའི་རྐྱེན་དང་ཕྲད་པར་གྱུར། བདག་ལུས་དང་སྲོག་ཡལ་ཡང་བླའི། དུས་གསུམ་གྱི་སངས་རྒྱས་ཀྱིས་བཅས་པའི་ཚུལ་ཁྲིམས་ཉམས་པར་མི་བྱའོ། །

        སྔོན་དགེ་སློང་དག་སྨད་ཚོང་མའི་ནང་དུ་ཕྱིན་ཀྱང་མེའི་དོང་དུ་མཆོངས་ཀྱང་བླའི། ཚུལ་ཁྲིམས་ཉམས་པར་མི་བྱེད་དོ། །གཞན་ཡང་དགེ་སློང་དག་ནི། མི་རྒོད་ཀྱིས་བཅོམ་ནས་རྩྭ་ལ་བཏགས་ཏེ་རླུང་གིས་བཤུད་ཅིང་ཉི་མས་བསྲེགས་པ་དང༌། སྲིན་བུ་མང་པོ་ཟ་ཡང་ཚུལ་ཁྲིམས་བསྲུང་བའི་ཕྱིར་རྩྭ་གཅོད་ཅིང་མི་འགྲོའོ། །བྱ་གག་གིས་ནོར་བུ་མེད་པ་དགེ་སློང་གིས་མཐོང་ཡང་ཚུལ་ཁྲིམས་བསྲུང་བའི་ཕྱིར་སྡུག་བསྔལ་མྱོང་བར་བྱེད་ཀྱི་གཏམ་མི་ཟེར་རོ། །གྲུ་ཞིག་པ་ལས་དགེ་སློང་གིས་ཤིང་ལེབ་ལ་འཇུ་བ་ཡང་ཚུལ་ཁྲིམས་བསྲུང་བའི་ཕྱིར་ཤིང་ལེབ་དེ་དགེ་སློང་གྲོགས་པོ་གྲལ་མཐོ་བ་ལ་ཕུལ་ནས་རྒྱ་མཚོར་ཤི་བ་ལ་སོགས་པ་དེ་དག་འབའ་ཞིག་སངས་རྒྱས་ཀྱི་ཉེ་གནས་ཚུལ་ཁྲིམས་སྲུང་བ་ཡིན་གྱི། བདག་ཅག་གིས་བསྲུང་བ་མ་ཡིན་ནམ། དེ་བཞིན་གཤེགས་པ་ཡང་དེ་འབའ་ཞིག་གི་སྟོན་པ་ཡིན་གྱི། བདག་ཅག་གི་སྟོན་པ་མ་ཡིན་ནམ། དཔེར་ན། ཙམ་པ་ཀའི་མེ་ཏོག་ཟར་མ་དང་ལྷན་ཅིག་ཏུ་བཙིར་ན། ཙམ་པ་ཀའི་དྲི་ཞིམ་པོ་ཡང་ཟར་མའི་མར་ལ་བྲོ་བར་འགྱུར་ཏེ།བདག་ཀྱང་དེ་ལྟ་མ་ཡིན་ནམ། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་ན། ཅིའི་ཕྱིར་དེང་འདིར་སྡིག་པ་མི་དགེ་བའི་ཆོས་བྱེད་པར་འགྱུར། ལུས་དང་སྲོག་ཡལ་ཡང་བླའི། ནམ་དུ་ཡང་ཚུལ་ཁྲིམས་ཉམས་ཤིང་སངས་རྒྱས་དང༌། ཆོས་དང༌། དགེ་འདུན་དང༌། ཕ་མ་དང༌། སློབ་དཔོན་དང༌། བ་མའི་རིགས་སུན་འབྱིན་པར་མི་བྱའོ། །

        ཡང་བསམ་པ། གལ་ཏེ་བདག་བྲོས་ན་ནི། བུ་མོ་དེ་འདོད་ཆགས་ཀྱིས་གདུངས་པས་ཁྲེལ་བ་དང༌། ངོ་ཚ་བ་ཡང་མེད་དེ། ཕྱི་རོལ་ཏུ་བདག་ཟིན་ནས་བདག་ལ་སྐུར་པ་འདེབས་པར་འགྱུར་ཏེ། གྲོང་མི་དག་གིས་མཐོང་ན་རིགས་སུན་འབྱིན་པར་འགྱུར་གྱི། བདག་ནི། ངེས་པར་ཁང་པ་འདི་ཉིད་དུ་ཚེ་འཕོ་བར་བྱའོ་སྙམ་དུ་བསམས་ནས་བུ་མོ་དེ་ལ་འདི་སྐད་ཅེས་སྨྲས་སོ། །སྒོ་དག་དམ་དུ་ཆོད་ཅིག །བདག་ཁང་པ་གཅིག་གི་ནང་དུ་བྱ་བ་ཅུང་ཟད་ཅིག་ཡོད་པ་དེ་བྱས་ནས་ཁྱོད་དང་ཕྲད་པར་བྱའོ། །ཞེས་བསྒོ་ནས་བུ་མོ་ཕྱི་ཞིག་ཏུ་སོང་བའི་འོག་ཏུ་དགེ་ཚུལ་ཁང་པ་གཅིག་གི་ནང་དུ་ཞུགས་ནས་སྒོ་གཏན་དམ་དུ་བཅུག་སྟེ་ནང་ནས་སྤུ་གྲི་རྙེད་པས་རབ་ཏུ་དགའ་སྟེ་ལུས་ལ་གྱོན་པའི་གོས་རྣམས་ཀྱང་ཕུད་ནས་གདང་བུ་ལ་གཟར་ཏེ་ཐལ་མོ་སྦྱར་ནས་གྲོང་ཁྱེར་ཀུ་ཤེ་གང་ན་བར་སངས་རྒྱས་མྱ་ངན་ལས་འདས་པའི་གནས་ལོགས་སུ་པུས་མོ་ས་ལ་བཙུགས་ནས་འདི་སྐད་ཅེས་ཡི་དམ་བཅས་སོ། །བདག་ནི། སངས་རྒྱས་དང༌། ཆོས་དང༌། དགེ་འདུན་སྤོང་བ་མ་ལགས། མཁན་པོ་དང་སློབ་དཔོན་སྤོང་བ་མ་ལགས། ཚུལ་ཁྲིམས་སྤོང་བ་མ་ལགས་ཀྱི། ཚུལ་ཁྲིམས་བསྲུང་བའི་སླད་དུ་ལུས་འདི་སྤོང་ངོ༌། །བདག་གར་སྐྱེས་ཀྱང་སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་འབྱུང་བ་དང༌། ཚངས་པར་སྤྱོད་པ་རྣམ་པར་དག་པ་དང༌། ཟག་པ་ཟད་པ་དང༌། འབྲས་བུ་གྲུབ་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་ནས་རང་གི་མགུལ་བ་བཅད་དེ་ཚེ་འཕོས་སོ། །ཁྲག་གིས་ས་ཡོག་ནས་ལུས་ཀྱང་ཁྲག་གིས་དམར་པོར་གྱུར་ཏོ། །

        དེའི་ཚེ་ན་བུ་མོས་བསམ་པ། རིང་པོར་ཐོགས་སྙམ་ནས་སྒོ་དྲུང་དུ་སོང་སྟེ་བོས་ན་ཅང་མི་ཟེར་རོ། །བུ་མོས་སྒོ་ཕྱེ་སྟེ་བལྟས་ན། ཚེ་འཕོས་ཟིན་པ་མཐོང་ནས་བསམ་པ་བཞིན་དུ་མ་གྱུར་པས་འདོད་པའི་སེམས་ཀྱང་ཞི་སྟེ། བུ་མོ་དེ་ཤིན་ཏུ་མི་དགའ་བས་གདུངས་བས་སྐྲ་ཡང་བཤིག །གདོང་ཡང་སེན་མོས་བྲད་དེ་ས་ལ་འགྲེ་ཞིང་དུའོ། །བུ་མོའི་ཕ་མ་སྟོན་མོ་ལས་ཕྱིར་ལོག་ནས་སྒོ་བརྡུངས་ཏེ་བོས་ན་བུ་མོས་ཅང་མི་སྨྲ་བས། མི་ཞིག་ནང་དུ་བཏང་སྟེ་སྒོ་འབྱེད་དུ་བཅུག་ན། བུ་མོ་དེ་ལྟ་བུར་གྱུར་པ་མཐོང་བ་དང༌། བུ་མོ་ལ་སྨྲས་པ། ཁྱོད་ཅི་ཉེས། གཅིག་གིས་ཀྱལ་ཀ་བྱས་ཏེ་ཁྱོད་ཀྱི་རིགས་སུན་འབྱིན་པར་བྱས་སམ་ཞེས་དྲིས་ན། བུ་མོ་ཅང་མི་སྨྲ་བར་འདི་སྙམ་དུ་བསམས་སོ། །བདག་གིས་དྲང་པོར་སྨྲས་ན་ནི། རབ་ཏུ་ཡང་ངོ་ཚ་བ་ཞིག་ན། གལ་ཏེ་དགེ་ཚུལ་གྱིས་ཀྱལ་ཀ་བྱས་ཞེས་སྨྲས་ན་ནི། འཕགས་པ་ལ་སྐུར་པས་སེམས་ཅན་དམྱལ་བར་ལྟུང་སྟེ་སྡུག་བསྔལ་མང་པོ་མྱོང་བར་འགྱུར་གྱི། མི་སླུ་བར་དྲང་པོར་སྨྲའོ་སྙམ་དུ་བསམས་ནས་བདག་གཅིག་པུ་ཁང་པ་སྲུང་ཞིང་མཆིས་པ་ལས། དགེ་ཚུལ་དེ་སློབ་དཔོན་གྱི་བསོད་སྙོམས་ལེན་དུ་འོངས་ནས་བདག་གི་འདོད་ཆགས་ཀྱི་མེ་མཆེད་པས་དགེ་ཚུལ་ལ་སྟེགས་ན། ཚུལ་ཁྲིམས་སྲུང་བ་ཞིག་པས། སེམས་འགྱུར་དུ་མ་བཏུབ་སྟེ་དགེ་ཚུལ་དེ་ཐབས་བྱས་ནས་ཁང་པའི་ནང་དུ་ཞུགས་ཏེ་ཚེ་འཕོས་པར་གྱུར་ཏོ། །

        བདག་གི་ལུས་རྩོག་པ་འདིས་སྣོད་ཡོངས་སུ་དག་པ་མ་རུང་བར་བྱས་པའི་སྟེང་དུ་ཁ་ན་མཐོ་བའི་ཉེས་པ་བགྱིས་པས་བདག་མི་དགའོ། །དེ་སྐད་ཅེས་སྨྲས་པ་དང༌། བུ་མོའི་ཕས་ཐོས་ནས་ངོ་མཚར་དུ་གྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀུན་ནས་ཉོན་མོངས་པ་ནི། ཆོས་ཉིད་ཀྱིས་དེ་དང་འདྲ་བར་རྟོགས་པའི་ཕྱིར་རོ། །བུ་མོ་ལ་སྨྲས་པ། ཆོས་ཐམས་ཅད་མི་རྟག་པ་ཡིན་གྱི། མྱ་ངན་མ་བྱེད་ཅིག་ཅེས་བསྒོ་ནས་ཁང་པར་ཞུགས་ཏེ་བལྟས་ན། དགེ་ཚུལ་གྱི་རུས་བུ་ཙནྡན་དམར་པོ་ལྟར་ཁྲག་གིས་བསྒོས་པ་མཐོང་ནས་ཕྱག་བྱས་ཏེ་སངས་རྒྱས་ཀྱི་ཚུལ་ཁྲིམས་བསྲུང་བའི་ཕྱིར་ལུས་དང་སྲོག་ལ་ཡང་མི་ལྟ་བ་ལེགས་སོ། །ཞེས་བསྔགས་སོ། །དེའི་ཚེ་ན་རྒྱལ་པོ་དེའི་ཡུལ་ཁྲིམས་ཀྱིས་དགེ་སློང་དག་ཁྱིམ་པའི་ཁྱིམ་དུ་ཆོ་འཕོས་ན། གསེར་གྱི་དོང་ཚེ་སྟོང་བླར་འབུལ་ལོ། །དེའི་ཚེ་དགེ་བསྙེན་དེ་ཡང་གསེར་གྱི་དོང་ཚེ་སྟོང་ཁྱེར་ནས་ཕོ་བྲང་དུ་སོང་སྟེ། རྒྱལ་པོ་ཆེན་པོ། བདག་ལ་ནོངས་པ་བྱུང་གི །དོང་ཚེ་འདི་དག་བཞེས་ཤིག་ཅེས་གསོལ་པ་དང༌། རྒྱལ་པོས་དེ་ལ་བཀའ་སྩལ་པ། ཁྱོད་ནི། ཡུལ་ཕྱོགས་ན་དཀོན་མཆོག་གསུམ་ལ་དད་ཅིང་དམ་པའི་ཆོས་ལ་མོས་པས་རང་བཞིན་གྱིས་དྲང་ལ་སྤྱོད་པ་ཉམས་འོག་ཏུ་ཆུད་པ་ནི། ཁྱོད་གཅིག་པུར་ཟད་ན། ཁྱོད་ལ་ཉེས་པ་ཅི་ཞིག་བྱུང༌། དགེ་བསྙེན་གྱིས་བདག་གི་བུ་མོ་སྨད་དེ། དགེ་ཚུལ་གྱིས་ཇི་ལྟར་ཚུལ་ཁྲིམས་བསྲུངས་པའི་ཡོན་ཏན་བསྔགས་ནས་ཇི་ལྟར་གྱུར་པ་རྒྱས་པར་གསོལ་ཏོ། །རྒྱལ་པོས་བཀའ་སྩལ་པ། དགེ་ཚུལ་ཚུལ་ཁྲིམས་བསྲུང་བའི་ཕྱིར་ལུས་དང་སྲོག་ལ་ཡང་མ་བལྟས་པར་ཟད་ཀྱི།ཁྱོད་ལ་ཉེས་པ་མེད་ཀྱི། དོང་ཚེ་ཁྱེར་ལ་ཕྱིར་ཁྱིམ་དུ་སོང་ཞིག །ང་ཡང་ཁྱོད་ཀྱི་ཁྱིམ་དུ་དགེ་ཚུལ་དེ་ལ་མཆོད་པ་ཞིག་བྱེད་དུ་འོང་ངོ༌། །ཞེས་བཀའ་སྩལ་ནས་གསེར་གྱི་རྔ་བརྡུངས་ཏེ་འཁོར་ཐམས་ཅད་འདུས་ལ་ཞམ་འབྲིང་དུ་ཆོས་ཤིག །དགེ་བསྙེན་དེའི་ཁྱིམ་དུ་འདོང་ངོ༌། །ཞེས་བཀར་བཏགས་སོ། །

        དེ་ནས་རྒྱལ་པོ་དེའི་ཁྱིམ་དུ་གཤེགས་ཏེ་དགེ་ཚུལ་གྱི་རུས་བུ་ཙནྡན་དམར་པོ་ལྟར་ཁྲག་གིས་བསྒོས་པ་གཟིགས་ནས་ཕྱག་འཚལ་ཏེ་ཡོན་ཏན་བསྔགས་ནས་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པའི་ཤིང་རྟ་ལ་རུས་བུ་བཞག་ནས་གང་ན་ཐང་བདེ་བ་ཀུན་གྱིས་མཐོང་བའི་གནས་སུ་སོང་སྟེ་སྤོས་ཀྱི་ཤིང་གིས་བསྲེགས་ནས་མཆོད་པ་བྱས་སོ། །བུ་མོ་དེ་ཡང་འཇིག་རྟེན་ན་དཀོན་པར་ཤིན་ཏུ་བཟང་མོ་ཞིག་སྟེ། བུ་མོ་དེ་ཡང་གནས་མཐོ་བ་ཀུན་གྱིས་མཐོང་བ་ཞིག་ཏུ་བཞག་སྟེ་འཁོར་མང་པོ་ཐམས་ཅད་ཀྱིས་ལེགས་པར་མ་མཐོང་བར་བྱས་ཏེ་མི་མང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །

        བུ་མོ་འདི་ལྟར་གཟུགས་བྱད་ལེགས་ཤིང་ཤིན་ཏུ་བཟང་བ། མཛེས་པ་འདི་ལ་འདོད་ཆགས་དང་མ་བྲལ་བ་སུ་ཞིག་ཆགས་པར་མི་འགྱུར་ན། དགེ་ཚུལ་འདི་འབྲས་བུ་ཡང་མ་ཐོབ་སྟེ། སྐྱེ་བ་དང་འཇིག་པར་བཅས་པའི་ལུས་ཅན་འདིས་ཀྱང་ཚུལ་ཁྲིམས་ཀྱི་ཕྱིར་ལུས་དང་སྲོག་གཏོང་ཕོད་པ་ནི། ངོ་མཚར་ཡ་མཚན་ཆེའོ། །ཞེས་བསྒྲགས་ནས་དེའི་སློབ་དཔོན་ཡང་སྤྱན་དྲངས་ཏེ་འཁོར་མང་པོ་ལ་དམ་པའི་ཆོས་སྟོན་དུ་བཅུག་ནས་འཁོར་དེའི་ནང་དུ་འདུས་པ་ཐམས་ཅད་ཀྱིས་ཆོས་བསྟན་པ་ཐོས་ནས་ཁ་ཅིག་ནི། རབ་ཏུ་བྱུང་ཞིང་ཚུལ་ཁྲིམས་སྲུང་བར་གསོལ་ཏོ། ཁ་ཅིག་ནི། བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། ཐམས་ཅད་རྗེས་སུ་ཡི་རང་ནས་མངོན་པར་དགའོ། །དགེ་ཚུལ་གྱིས་ཚུལ་ཁྲིམས་བསྲུངས་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།

                                                                            རྩོམ་སྒྲིག་པ། མང་ར་བ།
       གསལ་འདེབས།
            རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
            དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།