རབ་ཏུ་བྱུང་བའི་ཡོན་ཏན་བསྔགས་པའི་ལེའུ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-10-16 10:44:35         ཀློག་ཐེངས།  

86712403740547339.jpg

                    གང་ཞིག་རབ་ཏུ་བྱུང་ན། དེའི་བསོད་ནམས་ནི། རབ་ཏུ་མང་སྟེ། བདག་གི་བུའམ། བུ་མོའམ། བྲན་ཁོ་ལ་ལས་གང་ཡང་རུང་བ་རབ་ཏུ་འབྱུང་བར་གནང་ངམ། བདག་ཉིད་རབ་ཏུ་བྱུང་ན། ངེའི་བསོད་ནམས་ནི། དཔག་ཏུ་མེད་དོ། །གང་ཞིག་སྦྱིན་པ་བྱས་པའི་བསོད་ནམས་དེ་ནི། སྐྱེ་བ་བཅུའི་བར་དུ་ལོངས་སྤྱོད་མྱོང་བར་འགྱུར་ཏེ། གནམ་རིམ་པ་དྲུག་གི་ལྷར་ཡང་དང་ཡང་དུ་ལ་ན་སྟོང་སྐྱེས་བ་བས། མི་གཅིག་རབ་ཏུ་བྱུང་ངམ། བདག་ཉིད་རབ་ཏུ་བྱུང་ན། བསོད་ནམས་འདི་ནི། སྔ་མ་བས་མཆོག་ཏུ་ཆེའོ། །དེ་ཅིའི་ཕྱིར་ཞེ་ན། སྦྱིན་པ་བྱས་པའི་བསོད་ནམས་ནི། ཟད་པའི་མཐའ་ཡོད་ཀྱི། རབ་ཏུ་བྱུང་བའི་བསོད་ནམས་ནི། དཔག་ཏུ་མེད། མཐའ་མེད་དོ། །གཞན་ཡང་ཚུལ་ཁྲིམས་བསྲུངས་པའི་བསོད་ནམས་ཀྱིས་མངོན་པར་ཤེས་པ་ལྔ་དང་ལྡན་པའི་དྲང་སྲོང་དང༌། མཐོ་རིས་ཀྱི་ལོངས་སྤྱོད་ཚངས་པའི་འཇིག་རྟེན་གྱི་བར་དུ་མྱོང་བར་འགྱུར་གྱི། སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་བའི་བསོད་ནམས་ནི། བསམ་གྱིས་མི་ཁྱབ་སྟེ། མྱ་ངན་ལས་འདས་པའི་བར་དུ་བསོད་ནམས་ཟད་མི་ཤེས་སོ། །གལ་ཏེ་ཁ་ཅིག་གིས་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་མཆོད་རྟེན་མཐོ་ཁྱད་སུམ་ཅུ་རྩ་གསུམ་ལ་ཐུག་པར་བྱས་པའི་བསོད་ནམས་ཀྱིས་ཀྱང་རབ་ཏུ་བྱུང་བའི་བསོད་ནམས་ཙམ་ལ་མི་ཕོད་དོ། །དེ་ཅིའི་ཕྱིར་ཞེ་ན། རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་ནི། གླེན་པ་མ་རུངས་པ་དག་གིས་བཤིག་པར་འགྱུར་གྱི། རབ་ཏུ་བྱུང་བའི་བསོད་ནམས་ནི། གཞིག་ནུས་པ་མེད་དོ། །དགེ་བའི་ཆོས་འདོད་ན། སངས་རྒྱས་ཀྱི་ཆོས་མ་གཏོགས་པ་འདི་ལྷག་པའི་ཆོས་གཞན་མེད་དོ། །དཔེར་ན། ལོངས་བ་བརྒྱའི་མིག་སྨན་པ་མཁས་པ་ཞིག་གིས་ཕྱེ་སྟེ། གཅིག་ཅར་མཐོང་བར་བྱས་པ་དང༌། གཞན་ཡང་མི་བརྒྱ་ཞིག་མིག་འབྱུང་བ་ལ་ཐུག་པ་ལས། མཐུ་དང་ལྡན་པ་ཞིག་གིས་མིག་དབྱུང་བ་དེ་དག་གི་ལས་ཐར་པར་བྱས་པ་དང༌། མི་འདི་གཉིས་ཀྱི་བསོད་ནམས་ནི། དེ་པག་ཏུ་མེད་མོད་ཀྱི། འོན་ཏེ་གཞན་རབ་ཏུ་ཕྱུང་ངམ། བདག་རབ་ཏུ་བྱུང་བའི་བསོད་ནམས་ཙམ་མི་ཕོད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་གཉིས་ཀྱིས་དེ་དག་གི་མིག་ཕྱིན་པ་ནི། འཇིག་རྟེན་གྱི་ཕན་པ་དང་བདེ་བ་ཙམ་ཐོབ་པར་ཟད་ལ། ཤའི་མིག་གི་རང་བཞིན་ནི། འཇིག་པའི་རང་བཞིན་ནོ། །

        གཞན་རབ་ཏུ་ཕྱུང་ངམ། བདག་རབ་ཏུ་བྱུང་ན་གཅིག་གིས་གཅིག་བསྟན་ཅིང་དྲངས་པས། སེམས་ཅན་གྱི་ཁམས་བསྐལ་པའི་མཐར་བླ་ན་མེད་པའི་ཤེས་རབ་ཀྱི་མིག་ཏུ་འགྱུར་ཏེ། ཤེས་རབ་ཀྱི་མིག་གི་རང་བཞིན་ནི། བསྐལ་པའི་བར་དུ་འཇིག་པར་མི་འགྱུར་རོ། །དེའི་བསོད་ནམས་ཀྱིས་ལྷ་དང་མིའི་ནང་ན་བདེ་བའི་ལོངས་སྤྱོད་ཟད་མི་ཤེས་པ་མཐར་ཐུག་པ་མེད་པ་ཡིད་བཞིན་དུ་མྱོང་ཞིང་མཐར་ཡང་མངོན་པར་འཚང་རྒྱའོ། །དེ་ཅིའི་ཕྱིར་ཞེ་ན། རབ་ཏུ་བྱུང་བའི་ཆོས་ནི། བདུད་ཀྱི་འཁོར་མེད་པར་བྱེད་ཅིང་སངས་རྒྱས་ཀྱི་གདུང་འཚོང་པར་བྱེད་དོ། །སྡིག་པ་མི་དགེ་བའི་ཆོས་མེད་པར་བྱེད་ཅིང་དགེ་བའི་ཆོས་སྐྱེས་པར་བྱེད་དོ། །ཁ་ན་མ་ཐོབ་པའི་དྲི་མ་མེད་པར་བྱེད་ཅིང་བླ་ན་མེད་པའི་བསོད་ནམས་ཀྱི་ལས་སྐྱེད་པར་བྱེད་དོ། །དེ་བས་ན་བཅོམ་ལྡན་འདས་ཀྱིས་རབ་ཏུ་བྱུང་བའི་བསོད་ནམས་ནི། རི་རབ་ལྷུན་པོ་བས་འཕང་མཐོའོ། །རྒྱ་མཚོ་བས་གཏིང་ཟབ་བོ། །ནམ་མཁའ་བས་རྒྱ་ཆེའོ། །ཞེས་གསུངས་སོ། །

        གལ་ཏེ་སུ་ཞིག་རབ་ཏུ་བྱུང་བའི་བགེགས་དང་བར་ཆད་བྱས་ཏེ་བསམ་པ་ལྟར་མ་གྲུབ་ན། དེའི་ཁ་ན་མ་ཐོ་བའི་ལས་ཤིན་ཏུ་ལྕི་བ་ནི།དཔེར་ན། མི་ཞིག་མུན་ཁྲོད་དུ་སོང་ན་ཅི་ཡང་མི་མཐོང་བ་དང་འདྲ་བར་དེའི་སྡིག་པའི་རྣམས་པར་སྨིན་པ་ཡང་དེ་དང་འདྲ་སྟེ། ཤིན་ཏུ་མི་སྣང་བའི་མུན་པ་ནག་པོའི་སེམས་ཅན་དམྱལ་བར་ལྟུང་ངོ༌། །དཔེར་ན། རྒྱ་མཚོའི་ནང་དུ་ཆུ་བོ་དང༌། ཆུ་བྲན་ཐམས་ཅད་འབབ་པ་ལྟར། མི་དེའི་སྡིག་པའི་རྣམ་པར་སྨིན་པ་ཡང་དེ་དང་འདྲ་སྟེ། ཉེས་པ་ཐམས་ཅད་དེའི་ལུས་ལ་པ་ཡང་དེ་དང་འདྲ་སྟེ། ཉེས་པ་ཐམས་ཅད་དེའི་ལུས་ལ་འདུའོ། །དཔེར་ན། རི་རབ་ལྷུན་པོ་ནི། བསྐལ་པའི་མེ་བྱུང་ན། ལྷག་མ་མ་ལུས་པར་ཚིག་པ་དང་འདྲ་བར་དེ་ཡང་སེམས་ཅན་དམྱལ་བའི་སེམས་ཚིགས་ནས་ལྷག་མ་མི་ལུས་ལ་ཡང་དེ་དང་འདྲའོ། །གཞན་རབ་ཏུ་བྱུང་བར་གནང་ངམ། གལ་ཏེ་བདག་རབ་ཏུ་བྱུང་ན། དེའི་བསོད་ནམས་ནི། རབ་ཏུ་བྱུང་བ་ནི། མདོ་སྡེའི་ཆུ་ཡོངས་སུ་དག་པས་ཀུན་ནས་ཉོན་མོངས་པའི་དྲི་མ་ཐམས་ཅད་བཀྲུས་ཏེ་འཁོར་བའི་སྡུག་བསྔལ་ཡོངས་སུ་བསལ་ནས་མྱ་ངན་ལས་འདས་པའི་རྒྱུར་འགྱུར་རོ། །འདུལ་བའི་རྐང་པས་ཚུལ་ཁྲིམས་ཡོངས་སུ་དག་པའི་ས་ལ་འཆག་ཅིང་ཆོས་མངོན་པའི་མིག་གིས་འཇིག་རྟེན་གྱི་དགེ་བ་དང༌། སྡིག་པ་ལ་ལྟ་ཞིང་ཡིད་བཞིན་དུ་འཕགས་པའི་ལམ་ཡན་ལག་བརྒྱད་ལ་འགྲོ་སྟེ་།མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་ཕྱིན་པ་བྱེད་དོ། །དེ་བས་ན་རྒན་པོའམ། གཞོན་ནུ་རབ་ཏུ་བྱུང་ངམ། རབ་ཏུ་བྱུང་བར་གནང་ངམ། བདག་རབ་ཏུ་བྱུང་ན། དེའི་བསོད་ནམས་མཆོག་ཏུ་ཆེའོ། །དེའི་ཚེ་བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་ཀ་ལནྟ་ཀ་གནས་པ་འོད་མའི་ཚལ་ན་བཞུགས་སོ། །

        དེའི་ཚེ་རྒྱལ་པོའི་ཁབ་ན་ཁྱིམ་བདག་དཔལ་སྐྱེས་ཞེས་བྱ་བ་ལ་བརྒྱ་ལོན་པ་ཞིག་གིས་རབ་ཏུ་འབྱུང་བའི་ཡོན་ཏན་འདི་ལྟར་ཚད་མེད་དོ། །ཞེས་ཐོས་ནས་འདི་སྙམ་དུ་བདག་ཅིའི་ཕྱིར་སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་མ་བྱུང་སྙམ་བསམ་ནས་ཆུང་མ་དང༌། བུ་དང༌། བྲན་ཁོལ་ལ་ང་ནི། རབ་ཏུ་འབྱུང་ངོ༌། །ཞེས་བྱས་སོ། །མི་དེ་རྒས་འཁོགས་པས་ཁྱིམ་གང་གིས་མི་ཐམས་ཅད་སྐྱོ་སྟེ་དགོས་པ་མེད་དོ་སྙམ་ནས་རབ་ཏུ་འབྱུང་ངོ༌། །ཞེས་ཐོས་པ་དང༌། དེ་དག་དགའ་སྟེ་མྱུར་དུ་འགྲོ་བའི་རིགས་ཀྱི། དུས་ལ་བབ་བོ། །ཞེས་སྨྲས་སོ། །དེ་ནས་ཁྱིམ་བདག་དེ་ཁྱིམ་ནས་བྱུང་སྟེ་འོད་མའི་ཚལ་དུ་བཅོམ་ལྡན་འདས་ལ་རབ་ཏུ་འབྱུང་བར་གསོལ་དུ་སོང་ནས་འོད་མའི་ཚལ་དུ་ཕྱིན་པ་དང༌། དགེ་སློང་རྣམས་ལ་སངས་རྒྱས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་ལྷ་དང་མི་ལ་ཕན་པའི་དོན་རྒྱས་པར་མཛད་པ་ག་ལ་བཞུགས་ཞེས་དྲིས་སོ། །དགེ་སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། འགྲོ་བ་མང་པོ་ལ་ཕན་པའི་དོན་དུ་རྒྱུ་ཞིང་གཞན་དུ་གཤེགས་སོ། །ཞེས་སྨྲས་སོ། །ཁྱིམ་བདག་དེས་ཡང་དགེ་སློང་རྣམས་ལ་སངས་རྒྱས་སྟོན་པ་ཆེན་པོའི་མཁས་པ་དང༌། ཤེས་རབ་ཏུ་ལྡན་པའི་མཆོག་སུ་ཡིན་ཞེས་དྲིས་པ་དང༌།དགེ་སློང་རྣམས་ཀྱིས་བཙུན་པ་ཤཱ་རིའི་བུ་ཡིན་ནོ། །ཞེས་བསྟན་ཏོ། །རྒན་པོ་དེ་འཁར་པ་ལ་བརྟེན་ཏེ་ཤཱ་རིའི་བུ་གང་ན་བ་དེར་སོང་སྟེ་ཕྱིན་པ་དང༌། འཁར་བ་བོར་ནས་ཕྱག་འཚལ་ཏེ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་རབ་ཏུ་བྱུང་བར་གནོད་ཞིག །བཙུན་པ་ཤཱ་རིའི་བུས་བརྟགས་ན། ཁྱིམ་བདག་འདི་རྒས་པས། སློབ་པ་དང༌། བསམ་གཏན་དང༌། དགེ་འདུན་གྱི་ལས་བྱ་བ་རྣམ་པ་གསུམ་ལས་ཉམས་ཏེ་མི་ནུས་སོ་སྙམ་བསམ་ནས་འདི་སྐད་ཅེས་སྨྲས་སོ། །ཁྱོད་ཕྱིར་སོང་ཞིག །ཁྱོད་ནི། རྒས་འཁོགས་ཏེ་དུས་ལས་ཡོལ་གྱི། རབ་ཏུ་འབྱུང་བར་མི་རུང་ངོ༌། །ཞེས་བསྒོའོ། །

        དེ་ནས་མཐར་གྱིས་འོད་སྲུང་ཆེན་པོ་དང༌། ཨུ་པ་ལི་དང༌། མ་འགགས་པ་ལ་སོགས་ཏེ། དགྲ་བཅོམ་པ་ཆེན་པོ་དེ་དག་ཀུན་གྱི་དྲུང་དུ་སོང་ནས་གསོལ་བ་བཏབ་པ་ལས། དེ་དག་ཀུན་གྱིས་ཁྱོད་སྔར་སུ་ལ་ཡང་གསོལ་བ་མ་བཏབ་པ་མ་ཞེས་དྲིས་ན། བདག་གིས་སྔར་བཙུན་པ་ཤཱ་རིའི་བུ་ལ་གསོལ་བ་བཏབ་བོ། །འོ་ན་ཇི་སྐད་ཟེར། དེ་ན་རེ། ཁྱོད་རྒས་འཁོགས་ཏེ་དུས་ལས་ཡོལ་བས་འབྱུང་དུ་མི་རུང་ངོ༌། །ཞེས་མཆིའོ། །དགེ་སློང་དེ་དག་གིས་སྨྲས་པ། ཤཱ་རིའི་བུ་ལྟ་བུ་མཁས་པ་དང༌། ཤེས་རབ་ཀྱི་མཆོག་དེས་ཀྱང་མ་གནང་ན། བདག་ཅག་ཀྱང་དེ་དང་འདྲ་སྟེ་གནང་བ་མེད་དོ། །དཔེར་ན། སྨན་པ་མཁས་པ་སྨན་དཔྱད་ལ་མཁས་པས་ནད་པ་བརྟགས་ཏེ་སྨན་དཔྱད་མི་བྱེད་པར་སྤོང་ན། སྨན་པ་ཆུང་དུ་གཞན་དག་ཀྱང་གསོ་བར་མི་བྱེད་དེ། དེ་ལ་ངེས་པར་འཆི་བའི་མཚན་མ་ཡོད་པར་རྟོགས་པའི་ཕྱིར་རོ། །ཤཱ་རིའི་བུ་བློ་དང་ལྡན་པས་ཀྱང་མ་གནང་ན། དགེ་སློང་གཞན་ཡང་དེ་དང་འདྲ་སྟེ། གནང་བ་མེད་དོ། །ཞེས་བསྒོའོ། །ཁྱིམ་བདག་དེ་དགེ་སློང་རྣམས་ཀྱིས་རབ་ཏུ་འབྱུང་བར་མ་གནང་བས། འོད་མའི་ཚལ་ནས་ཕྱིར་བྱུང་སྟེ་སྒོའི་ཐེམ་པ་ལ་འདུག་ནས་སྐད་ཆེན་པོ་ཕྱུང་སྟེ་སྨྲེ་སྔགས་འདོན་ཅིང་དུས་སོ། །བདག་ཐོག་མ་སྐྱེས་ནས་ཉེས་པ་ཆེན་པོ་ནི་མ་བྱས་ན། ཅིའི་ཕྱིར་བདག་རབ་ཏུ་འབྱུང་བར་མི་གནང༌། ཨུ་པ་ལི་ལྟ་བུ་འབྲེག་མཁན་ལས་བྱུང་བ་དང༌། མི་དེ་ལྟ་བུ་ཕྱག་དར་བ་ངན་སྐྱུག་འདོར་བ་དང༌།སོར་ཕྲེང་ཅན་ལྟ་བུ་མི་གྲངས་མེད་པ་བསད་པ་དང༌། ཨ་སི་ཀ་ལྟ་བུ་མི་རྒོད་མ་རུངས་པ་དེ་དག་ལ་སོགས་པ་ཡང་རབ་ཏུ་བྱུང་ན། བདག་ལ་ཉེས་པ་ཅི་ཞིག་ཡོད་དེ་རབ་ཏུ་འབྱུང་དུ་མ་གནང་ཞེས་སྨྲས་པ་དང༌། བཅོམ་ལྡན་འདས་དེའི་དྲུང་དུ་གཤེགས་ཏེ་སྐུ་མངོན་པར་བསྟན་ནས་འོད་ཟེར་གྱིས་ལྷང་ངེ་ལྷམ་མེར་གསལ་ཏེ་མཚན་དང་དཔེ་བྱད་ཀྱིས་བརྒྱན་ནས་བརྒྱ་བྱིན་ལྷའི་དབང་པོ་རིན་པོ་ཆེ་སྣ་བདུན་གྱི་རྒྱལ་མཚན་ལྟར་མངོན་དུ་གཤེགས་ཏེ། ཁྱིམ་བདག་དཔལ་སྐྱེས་ལ་ཁྱོད་ཅིའི་ཕྱིར་དུ་ཞེས་བཀའ་སྩལ་ཏོ། །དེའི་ཚེ་ཁྱིམ་བདག་དེས་སངས་རྒྱས་ཀྱི་གསུང་ཚངས་པའི་དབྱངས་ལྟ་བུར་ཐོས་ནས་རབ་ཏུ་དགའ་མགུ་རངས་པ་ནི། བྱིས་པ་ཕ་མ་མཐོང་བ་ཙམ་དུ་དགའ་སྟེ་ལུས་སྨད་ལྔས་ལ་གཏུགས་ནས་སངས་རྒྱས་ལ་ཕྱག་འཚལ་ཏེ་འདི་སྐད་ཅེས་གསོལ་ཏོ། །སེམས་ཅན་གྱི་ནང་ན་མི་འགུམ་པ་དང༌། མི་རྒོད་བགྱིད་པ་དང༌། བརྫུན་དུ་སྨྲ་བ་དང༌། སྐུར་གླང་འདེབས་པའི་མ་རབས་དག་ཀྱང་རབ་ཏུ་བྱུང་ན། བདག་འབའ་ཞིག་དངོས་སྡིག་ཅི་མཆིས་ན། སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་འབྱུང་བར་མ་གནང༌། བདག་གི་ཁྱིམ་གང་གི་མི་ཡང་བདག་རྒས་འཁོགས་པས་སྐྱོ་བར་གྱུར་ཏེ་དགོས་པ་མེད་དེ། །ཞེས་མཆི་བས། གལ་ཏེ་སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་འབྱུང་བར་མ་གནང་ན། སླར་ཁྱིམ་དུ་མཆིས་ཀྱང་གདོན་མི་འཚལ་བར་བདག་ཁྱིམ་དུ་འཇུག་ཏུ་མི་སྟེར་བས་གང་དུ་ཡང་མཆི་བའི་གནས་མ་མཆིས་ཏེ། འདི་ཉིད་དུ་ངེས་པར་སྲོག་དང་འབྲལ་བར་འགྱུར་རོ། །

        དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་དཔལ་སྐྱེས་ལ་བཀའ་སྩལ་པ། ནམ་མཁའ་ལ་ལག་པ་བཏེག་པ་ལ་འདི་ནི།རབ་ཏུ་འབྱུང་ངོ༌། །འདི་ནི། རབ་ཏུ་མི་འབྱུང་ངོ༌། །ཞེས་ངེས་བར་སུ་ཞིག་སྨྲ། ཁྱིམ་བདག་གིས་གསོལ་པ། བཅོམ་ལྡན་འདས་ཀྱི་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་འཁོར་མཁས་པའི་མཆོག །སངས་རྒྱས་ཀྱི་འོག་ཏུ་ཆེ་བ། འཇིག་རྟེན་གྱི་དེད་དཔོན་ཤཱ་རིའི་བུས་བདག་བསྟན་པ་ལ་རབ་ཏུ་འབྱུང་བར་མ་གནང་ངོ༌། །དེ་ནས་བཅོམ་ལྡན་འདས་ཀྱི་ཐུགས་ཆེན་པོས་ཇི་ལྟར་བུ་སྲི་ཞུ་ཆེ་བ་ལ་ཕ་མས་ཚིག་སྙན་པར་སྨྲ་བ་བཞིན་དུ་ཁྱིམ་བདག་དཔལ་སྐྱེས་དེ་ལ་སྤྲོ་བ་བསྐྱེད་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཁྱོད་མྱ་ངན་མ་བྱེད་ཅིག །ངས་ཁྱོད་རབ་ཏུ་དབྱུང་ངོ༌། །ཤཱ་རིའི་བུས་ནི། བསྐལ་པ་གྲངས་མེད་པ་གསུམ་གྱི་བར་དུ་བརྩོན་འགྲུས་དཀའ་བ་སྤྱོད་ཅིང་བསྐལ་པ་བརྒྱར་བསོད་ནམས་བྱས་པ་མ་ཡིན། ཤཱ་རིའི་བུས་སྐྱེ་བ་ཐམས་ཅད་དུ་ཤིན་ཏུ་སྤྱོད་དཀའ་བ་མགོ་བཅད་པ་དང༌། མིག་ཕྱུང་བ་དང༌། རུས་པ་དང༌། རྐང་དང་ཤ་དང༌། ཁྲག་དང༌། པགས་པ་དང༌། རྐང་པ་དང༌། ལག་པ་དང༌། རྣ་བ་དང༌། སྣ་བཅད་དེ་སྦྱིན་པ་བྱིན་པ་མ་ཡིན། ཤཱ་རིའི་བུས་ནི། སྟག་མོ་ལ་ལུས་སྦྱིན་པ་དང༌། མེ་དོང་དུ་མཆོང་པ་དང༌། ལྕགས་གཟེར་སྟོང་ལུས་ལ་བཏབ་པ་དང༌། ལུས་ལ་མར་མེ་སྟོང་བཙུགས་པ་མ་ཡིན། ཤཱ་རིའི་བུས་ནི། ཡུལ་དང༌། གྲོང་ཁྱེར་དང༌། ཆུང་མ་དང༌། བུ་དང༌། བྲན་ཕོ་དང༌། བྲན་མོ་དང༌། གླང་པོ་ཆེ་དང༌། རྟ་དང༌། རིན་པོ་ཆེ་སྣ་བདུན་གྱི་སྦྱིན་པ་བྱིན་པ་མ་ཡིན། ཤཱ་རིའི་བུས་ནི། བསྐལ་པ་གྲངས་མེད་པ་ཐོག་མ་ལ་སངས་རྒྱས་བརྒྱད་ཁྲི་བརྒྱད་སྟོང་ལ་བསྙེན་བཀུར་བྱས་པ་དང༌། བསྐལ་པ་བར་མ་གྲངས་མེད་པ་ལ་སངས་རྒྱས་དགུ་ཁྲི་དགུ་སྟོང་ལ་བསྙེན་བཀུར་བྱས་པ་དང༌། བསྐལ་པ་ཐ་མ་གྲངས་མེད་པ་ལ་སངས་རྒྱས་ཁྲི་ཕྲག་བཅུ་ལ་བསྙེན་བཀུར་བྱས་ཤིང་རབ་ཏུ་བྱུང་ནས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱས་པ་མ་ཡིན། ཤཱ་རིའི་བུ་ནི། ཆོས་ལ་དབང་དུ་གྱུར་པ་མ་ཡིན་ན། ཅིའི་ཕྱིར་འདི་ནི། རབ་ཏུ་དབྱུང་གི །འདི་ནི། རབ་ཏུ་དབྱུང་བའི་མི་རིགས་སོ། །ཞེས་སྨྲ། ང་འབའ་ཞིག་ནི། ཆོས་ལ་དབང་མཛད་དེ། ཕ་རོལ་ཏུ་ཕྱིན་པ་དྲུག་གིས་བཏེག་ཅིང་བཟོད་པའི་གོ་ཆ་བགོས་ཏེ་བྱང་ཆུབ་ཀྱི་ཤིང་དྲུང་དུ་རྡོ་རྗེའི་གདན་ལ་བཞུགས་ནས་བདུད་ཀྱི་སྡེ་རྣམས་བཏུལ་ཏེ་མངོན་པར་སངས་རྒྱས་པས་ང་དང་མཉམ་པ་མེད་དོ། །དེ་བས་ན་ཁྱོད་ངའི་ཕྱི་བཞིན་དུ་ཤོག་ཅིག །རབ་ཏུ་དབྱུང་ངོ༌། །ཞེས་དེ་ལྟར་བཅོམ་ལྡན་འདས་ཀྱིས་ཐབས་རྣམ་པ་སྣ་ཚོགས་ཀྱིས་སྤྲོ་བ་བསྐྱེད་པས་མྱ་ངན་ཀུན་ཞི་ནས་རབ་ཏུ་དགའ་བའི་སེམས་བསྐྱེད་དེ་སངས་རྒྱས་ཀྱི་ཕྱི་བཞིན་དུ་གཙུག་ལག་ཁང་གི་ནང་དུ་སོང་ངོ༌། །

        དེ་ནས་བཅོམ་ལྡན་འདས་ཀྱིས་མཽ་གལ་ཡ་ན་ཆེན་པོ་ལ་ཁྱིམ་བདག་འདི་རབ་ཏུ་ཕྱུང་ཞིག་ཅེས་བཀའ་སྩལ་ཏོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་ནི།ལས་གང་དང་མཐུན་པ་དེས་འདུལ་བར་འགྱུར་ཏེ། གང་སངས་རྒྱས་དང་ལས་མཐུན་པ་ལ་ནི། གཞན་གྱིས་འདུལ་བར་མི་འགྱུར་རོ། །གང་གཞན་དང་ལས་མཐུན་པ་དེ་ལ་ཡང་སངས་རྒྱས་ཀྱིས་འདུལ་བར་མི་འགྱུར་ཏེ། གང་ཞིག་ཤཱ་རིའི་བུ་དང་ལས་མཐུན་པ་ནི། མཽ་གལ་དང༌། འོད་སྲུང་དང༌། མ་འགགས་པ་དང༌། ན་བུན་ལ་སོགས་པ་ཉེ་གནས་གཞན་ཐམས་ཅད་ཀྱིས་འདུལ་བར་མི་འགྱུར་རོ། །དེ་བཞིན་དུ་གང་དང་གང་ལས་མཐུན་པ་དེ་ལ་གཞན་གྱིས་འདུལ་བར་མི་འགྱུར་རོ། །དེའི་ཚེ་མཽ་ག་ལ་ཡ་ནས་ཀྱང་ཁྱིམ་བདག་འདི་རྒས་འཁོགས་ཏེ་ཁ་ཏོན་སློབ་པ་དང༌། བསམ་གཏན་དང༌། དགེ་འདུན་གྱི་ལས་བྱེད་མི་ནུས་ཏེ་ལས་བྱ་བ་གསུམ་ལས་ཉམས་སོ་སྙམ་བསམས་ཀྱང་ཆོས་ཀྱི་རྒྱལ་པོ་བཅོམ་ལྡན་འདས་ཀྱིས་རབ་ཏུ་ཕྱུང་ཞིག་ཅེས་བཀའ་སྩལ་པས། ཚུལ་གྱིས་བཟློག་ཏུ་མི་རུང་ངོ་སྙམ་བསམས་ནས་རབ་ཏུ་ཕྱུང་སྟེ་བསྙེན་པར་རྫོགས་སོ། །མི་འདིས་ཚེ་རབས་སྔ་མ་ལ་ཐར་པར་འགྱུར་བའི་རྒྱུ་ཡང་བསྐྱེད། ཆོས་ཀྱི་ལྕགས་ཀྱུས་ཟིན་པ་ནི། ཇི་ལྟར་ཉ་མཆིལ་པ་ལ་ཐོགས་ན་གདོན་མི་ཟ་བར་ཕྱིར་འབྱུང་བ་ལྟར་ཐར་པའི་རྒྱུ་ཡང་བསྐྱེད། དགེ་བའི་ཚོགས་ཀྱང་བསགས་པས་ཉིན་མཚན་དུ་བརྩོན་འགྲུས་བསྐྱེད་དེ་ཀློག་པ་དང་འདོན་པ་ལ་གོམས་ཤིང༌། མདོ་སྡེ་དང༌། འདུལ་བ་དང༌། ཆོས་མངོན་པ་རྒྱས་པར་ཁོང་དུ་ཆུད་ཅིང་རྟོགས་པར་གྱུར་ན། རྒས་འཁོགས་པས་ཚུལ་བཞིན་དུ་རིམ་གྲོ་དང༌། བསྟི་སྟང་དང༌། བསུ་སྐྱེལ་དང༌། བླ་མ་ལ་གསོང་བོར་སྨྲ་བ་དང༌། ཕྱག་འཚལ་བ་ནི། མི་ནུས་སོ། །དེ་ལ་དགེ་སློང་གཞོན་ནུ་སྔར་རབ་ཏུ་བྱུང་བ་གྲལ་མཐོ་བ་དག་འདི་སྐད་དུ། དགེ་སློང་རྒན་པོ་འདི་འདོན་པ་དང༌། ཀློག་པ་དང༌། སློབ་པ་ལ་སྙེམས་ཏེ་བདག་ཅག་ལ་བཀུར་སྟི་ཡང་མི་བྱེད་དོ་སྙམ་ནས་རྟག་ཏུ་འཚོ་བར་གྱུར་ཏོ། །དེ་ནས་དགེ་སློང་རྒན་པོ་དེས་འདི་སྙམ་དུ་བསམས་སོ། །བདག་ཁྱིམ་ན་འདུག་པའི་ཚེ་ན་ཆུང་མ་དང་བུས་གཙེས། ད་རབ་ཏུ་བྱུང་ནས་འདི་ལྟ་བུའི་བག་མེད་པར་འགྱུར་སྙམ་ན། ད་ཡང་དགེ་སློང་གཞོན་ནུ་འདི་དག་གིས་གཙེ་ན། སྔོན་ཉེས་པ་ཅི་ཞིག་བྱས་ན་འདི་འདྲ་བའི་སྡུག་བསྔལ་གྱིས་གདུངས་པས་བདག་ད་ཤི་ཡང་རུང་སྙམ་བསམས་ནས་ཚལ་དེའི་འགྲམ་ན་ཆུ་ཆེན་པོ་ཞིག་འབབ་པའི་འགྲམ་དུ་སོང་ནས་ཆོས་གོས་ཕུད་དེ་ཤིང་གི་ཡལ་ག་ལ་བཀལ་ནས་པུས་མོ་ས་ལ་བཙུགས་ཏེ་མཆི་མ་བླགས་ནས་འདི་སྙམ་དུ་ཡི་དམ་བཅས་སོ། །

        བདག་ནི། སངས་རྒྱས་དང༌། ཆོས་དང༌། དགེ་འདུན་ཡོངས་སུ་སྤོང་བ་མ་ཡིན་གྱི། ལུས་འདི་འབའ་ཞིག་གཏོང་ངོ༌། །བདག་གིས་སྦྱིན་པ་བགྱིས་པ་དང༌། ཚུལ་ཁྲིམས་བསྲུངས་པ་དང༌། བརྩོན་འགྲུས་བརྩམས་པ་དང༌། མདོ་སྡེ་ཁ་ཏོན་བྱས་པའི་བསོད་ནམས་ཀྱིས་བདག་གི་ལུས་འདི་དང་བྲལ་ནས་བཙན་ཞིང་ཕྱུག་ལ་ལོངས་སྤྱོད་དང་ལྡན་པ་འཁོར་འདུམ་པའི་རིགས་སུ་སྐྱེས་ཏེ་བདག་དགེ་བའི་ཆོས་ལ་འཇུག་པའི་བགེགས་མི་བྱེད་པ་དང༌། རྟག་ཏུ་དཀོན་མཆོག་གསུམ་དང་ཕྲད་པ་དང༌། རབ་ཏུ་འབྱུང་ཞིང་ཆོས་ལ་ནན་ཏན་བྱེད་པ་དང༌། སློབ་དཔོན་མཁས་པ་དང་ཕྲད་དེ་མྱ་ངན་ལས་འདའ་བ་ཡང་སྟོན་པར་ཤོག་ཅིག །ཅེས་དམ་བཅས་ནས་གང་ན་ཆུ་དྲག་པོ་འབབ་ཅིང་ཟབ་པ། ཀློང་འཁྱིལ་བ་དང་དཔའ་རྒོད་པར་མཆོད་པར་གཟས་སོ། །དེའི་ཚེ་མཽ་གལ་གྱི་བུས་ལྷའི་མིག་གིས་བདག་གི་ཉེ་གནས་རྒན་པོ་དེ་ད་ལྟར་ཅི་ཞིག་བྱེད་སྙམ་བལྟས་ན། བདག་གི་ཉེ་གནས་དེ་ཆུ་ལ་མཆོང་བར་མཐོང་ནས་ཆུར་མ་ཕྱིན་པར་རྫུ་འཕྲུལ་གྱི་མཐུས་བླངས་ནས་ཆུའི་འགྲམ་དུ་བཞག་སྟེ་ཆོས་ཀྱི་སྲས་ཁྱོད་ཅི་ཞིག་བྱེད་ཅེས་དྲིས་པ་དང༌། རྒན་པོ་དེ་ངོ་ཚ་ཞིང་སྐྱེངས་ནས་ཇི་སྐད་དུ་ལན་གདབ་བསམས་ནས་གལ་ཏེ་བདག་གིས་བརྫུན་བྱས་ཏེ་སློབ་དཔོན་བསླུས་ན། སློབ་དཔོན་བསླུས་པས་སྐྱེ་བ་ཐམས་ཅད་དུ་ལྕེའི་དབང་པོ་མེད་པའི་ཁ་ན་མ་ཐོ་བ་དང་བཅས་པར་འགྱུར་རོ། །ཅི་སྟེ་བདག་གིས་བརྫུན་དུ་སྨྲས་ན་ཡང་སློབ་དཔོན་ལ་མངོན་པར་ཤེས་པ་མངའ་བས་རྟོགས་པར་འགྱུར་རོ། །གང་འཇིག་རྟེན་མཁས་པའི་ཤེས་རབ་དང་ལྡན་ལ་རང་བཞིན་གྱི་དྲང་ཞིང་གཡོ་སྒྱུ་མེད་ན། ལྷ་རྣམས་ཀྱིས་བཀུར་བར་འགྱུར་རོ། །མཁས་པའི་ཤེས་རབ་དང་ལྡན་པ་གཡོ་སྒྱུ་ཞིག་ཡོད་ན་ཡང་གཞན་གྱི་སློབ་དཔོན་དུ་མི་རུང་སྟེ། མི་བཀུར་བར་འགྱུར་རོ། །གལ་ཏེ་ཤེས་པ་མེད་ཀྱང་གཡོ་སྒྱུ་ཡང་མེད་དེ་དྲང་ན། གཞན་གྱི་དོན་བྱེད་མི་ནུས་ཀྱང་བདག་གི་དོན་བྱེད་པར་འགྱུར་རོ། །གལ་ཏེ་གླེན་པ་གཏི་མུག་ཅན་ཡང་ཡིན་ལ་གཡོ་སྒྱུ་ཡོད་ན། ཐམས་ཅད་ཀྱི་དགྲ་མ་རུང་བ་ཡིན་ཏེ། ཅི་སྨྲས་ཀྱང་འདི་ནི། བརྫུན་དུ་སྨྲ་བ་སྟེ། སླུ་བ་ཡིན་ནོ། །ཞེས་ཟེར་རོ། །གལ་ཏེ་ཚིག་བདེན་པ་ཞིག་སྨྲས་ན་ཡང་ཀུན་གྱིས་ཡིད་མི་ཆེས་ཏེ། དེ་བས་ན་བདག་གིས་སློབ་དཔོན་ལ་བརྫུན་དུ་སྨྲས་ཏེ་བསླུས་ན། མི་རིགས་མི་བཤའི། གང་བདེན་པ་སྨྲའོ་སྙམ་བསམས་ནས་སློབ་དཔོན་ལ་འདི་སྐད་ཅེས་སྨྲས་སོ། །བདག་ཁྱིམ་གྱིས་སྐྱོ་སྟེ་ཁྱིམ་མ་ཡིན་པར་རབ་ཏུ་བྱུང་ནས་དབེན་པ་ཞི་བར་འཚལ་ན། ད་ཡང་མི་བདེ་བར་གྱུར་ནས་བདག་འགུམ་སྙམ་མོ། །

        མཽ་གལ་གྱི་བུས་དེ་སྐད་ཅེས་སྨྲས་པ་ཐོས་ནས་འདི་ལ་ནི། སྐྱེ་བ་དང༌། འཆི་བའི་འཇིག་པ་ཞིག་གིས་མ་བསྡིགས་ན། རབ་ཏུ་བྱུང་བའི་དོན་མེད་པར་འགྱུར་རོ་སྙམ་བསམས་ནས་དེ་ལ་ངའི་ཆོས་གོས་ཀྱི་མཐའ་མ་འདི་ལ་དམ་དུ་ཟུངས་ལ་མ་བཏང་ཞིག་ཅེས་སྨྲས་ནས་སྟེང་གི་ནམ་མཁའ་ལ་འཕགས་པ་ནི། རླུང་གིས་སྦུར་མ་བུས་པ་ལྟར་རྫུ་འཕྲུལ་གྱིས་ལག་ན་སྤུ་ཉག་མ་གཅིག་ཙམ་ཁྱེར་བ་དང་འདྲ་བར་ཡིད་བཞིན་དུ་ཕྱིན་ཏོ། །གཞན་ཡང་བྱ་ཁྲས་བྱེའུ་ཕྲུག་ཁྱེར་བ་ལྟར་མཽ་གལ་གྱི་བུ་རྫུ་འཕྲུལ་གྱིས་ནམ་མཁའ་ལ་འཕགས་ནས་སྐྱེས་བུས་ལག་ངར་བསྐུམ་པ་ལས་བརྐྱང་བ་ཙམ་གྱི་རྒྱ་མཚོའི་འགྲམ་དུ་ཕྱིན་ཏེ། །རྒྱ་མཚོའི་འགྲམ་དེ་ན་བུད་མེད་ཚེ་འཕོས་མ་ཐག་པའི་རོ་ཤིན་ཏུ་མཛེས་པ། བཟང་བ། མངའ་བྱད་ལེགས་པ། མཚན་དང་ལྡན་པ་ལ་སྦྲུལ་ཞིག་ཁའི་ནང་དུ་ཞུགས་ནས་སྣའི་ནང་ནས་བྱུང༌། མིག་གི་ནང་ནས་ཞུགས་ནས་རྣ་བའི་ནང་དུ་བྱུར་བ་མཽ་གལ་གྱི་བུས་རབ་ཏུ་བརྟགས་སོ། །དེ་ནས་དགེ་སློང་དཔལ་སྐྱེས་ཀྱིས་བུད་མེད་འདི་ལྟ་བུ་མཚན་དང་ལྡན་པ་སུ་ཡིན་ཞེས་ཞུས་ན། ནམ་དུས་ལ་བབ་ན་བསྟན་ཏོ། །ཞེས་སྨྲས་ཏེ་ཡང་སོང་བ་དང༌། བུད་མེད་ཅིག་ཟངས་པོ་ཆེ་ཞིག་བཙུགས་ཏེ་ཟངས་ཀྱི་ནང་དུ་ཆུ་བླུགས་ནས་འོག་ཏུ་མེ་པོ་ཆེ་བུས་ཏེ་ཆུ་ཁོལ་བ་དང་གོས་ཕུད་ནས་ནང་དུ་ཞུགས་ཏེ་དེ་མ་ཐག་ཏུ་སྐྲ་དང་སྤུ་ཀུན་བྱི་ནས་ཤ་ཡང་ཚོས་ཏེ་རུས་པ་ཡང་བྱེ་ནས་ཆུ་ལུས་པས་རུས་པ་རྣམས་ཕྱིར་བྱུང་ངོ༌། །རུས་པ་དེ་དག་རླུང་གིས་བུས་པས་དེ་མ་ཐག་ཏུ་མི་ཞིག་ཏུ་གྱུར་ནས་ཟངས་ཀྱི་ནང་ནས་ཤ་ཕྱུང་སྟེ་ཟ་བ་ཞིག་མཐོང་ངོ༌། །དགེ་སློང་དཔལ་སྐྱེས་སྐྲག་སྟེ་བ་སྤུ་ཡང་ལངས་ནས་སློབ་དཔོན་ལ་ཤ་ཟ་བ་འདི་སུ་ཡིན་ཞེས་ཞུས་ན། མཽ་གལ་གྱི་བུས་དུས་ལ་བབ་ན་བསྟན་ཏོ། །ཞེས་སྨྲས་པ་དང༌། ཡང་སོང་སོང་བ་ལས་ཤིང་ཆེན་པོ་ཞིག་ལོ་མ་དང་ཡལ་གའི་བར་དུ་ཁབ་ཀྱི་རྩེ་མོ་ཙམ་གཟུགས་པའི་ས་སྟོང་ཙམ་ཡང་མེད་པར་སྲིན་བུ་མང་པོས་ཟ་བ་ལ་སྐད་ཆེན་པོར་དུ་ཞིང་འབོད་པའི་སྒྲ་ཀུན་ཏུ་གྲགས་པ་སེམས་ཅན་དམྱལ་བའི་སྒྲ་འདྲ་བ་ཞིག་ཐོས་ནས་འདི་ལྟ་བུའི་སྒྲ་མི་སྙན་པ་སུའི་ལགས་ཞེས་ཞུས་ན། མཽ་གལ་གྱི་བུས་དུས་ལ་བབ་ན་བསྟན་ཏོ། །ཞེས་སྨྲས་སོ། །

        དེ་ནས་ཡང་མིའི་ལུས་ལ་གཅན་གཟན་གྱི་མགོ་ཅན་དུ་འདུག་པའི་ཡི་དྭགས་མང་པོས་མི་ཞིག་ལ་འཁོར་བར་བསྐོར་ཏེ་ལག་ན་མདའ་གཞུ་ཐོགས་ཤིང་མདའ་ལ་མེ་འབར་བཞིན་དུ་ཀུན་གྱིས་མི་དེ་ལ་མདའ་འཕངས་ནས་གཅིག་ཏུ་འབར་བར་མཐོང་སྟེ། འདི་ལྟ་བུའི་སྡུག་བསྔལ་མི་བཟད་པ་མྱོང་བ་ཡང་འབྲོས་པའི་གནས་མེད་པ་འདི་སུ་ལགས་ཞེས་ཞུས་ན། སློབ་དཔོན་གྱིས་རེ་ཞིག་སྡོད་ཅིག །དུས་ལ་བབ་ན་བསྟན་ཏོ། །ཞེས་བསྒོའོ། དེ་ནས་ཡང་སོང་སོང་བ་ལས་རིང་ཞིག་ལོན་པ་དང༌། རི་ཆེན་པོ་ཞིག་གི་དྲུང་ན་རལ་གྲི་དང་མཚོན་རྣོན་པོ་སོ་གྱེན་དུ་གཏམས་ཏེ་བཙུགས་པ་ལ་མི་ཞིག་རིའི་རྩེ་མོ་ནས་ཐུར་དུ་རྒྱུགས་ཏེ་རལ་གྲི་དང༌། མཚོན་གྱིས་ཟུག་ཅིང་རལ་ནས་ཕྱིར་ཡང་རལ་གྲི་དང་མཚོན་ས་ལ་བཙུགས་ཏེ། དེ་བཞིན་དུ་མི་དལ་བར་རྒྱུག་པ་མཐོང་ནས་འདི་ལྟ་བུ་སུ་ལགས་ཞེས་ཞུས་ན། སློབ་དཔོན་གྱིས་དུས་ལ་བབ་ན་བསྟན་ཏོ། །ཞེས་བསྒོའོ། །དེ་ནས་ཡང་སོང་སོང་བ་ལས་རུས་པའི་རི་ཆེན་པོ་མཐོ་ཁྱད་དཔག་ཚད་བདུན་བརྒྱ་པ། ཉི་མ་ཡང་སྒྲིབ་ཅིང་རྒྱ་མཚོ་ཡང་གྲིབ་མས་མུན་པར་གྱུར་པ་དེ་ལ་མཽ་གལ་འཛེགས་ཏེ་རྩིབ་རུས་གཅིག་གི་སྟེང་ནས་ཕན་ཚུན་དུ་འགྲོ་བའི་ཕྱི་བཞིན་དུ་བདག་ཀྱང་སོང་བ་མཐོང་ནས་འདི་སྙམ་དུ་བསམས་སོ། །བདག་ནི། སློབ་དཔོན་དང་དེའུ་རེ་བྲལ་གྱི། སྔར་མཐོང་བའི་དངོས་པོ་དེ་དག་ཞུའོ་སྙམ་བསམས་ནས་སློབ་དཔོན་ལ་བདག་གིས་སྔར་མཐོང་བའི་དངོས་པོ་དེ་དག་བསྟན་དུ་གསོལ་ཞེས་ཞུས་པ་དང༌། མཽ་གལ་གྱིས་ཀྱང་ད་དུས་ལ་བབ་ཀྱི། ཁྱོད་ལ་བསྟན་པར་བྱའོ། །སྔར་མཐོང་བའི་བུད་མེད་དེ་ཤེས་པར་འདོད་ན། དེ་ནི། རྒྱལ་པོའི་ཁབ་ན་སར་ཕག་ཆེན་པོ་ཞེས་བྱ་བའི་ཆུང་མ་ཡིན་ཏེ། བྱད་བཞིན་བཟང་བས་ཁྱིམ་ཐབ་ཀྱང་ལྷག་པར་བྱམས་སོ། །དེའི་ཚེ་ན་སར་ཕག་དེ་རྒྱ་མཚོར་འཇུག་པ་ལས་ཆུང་མ་གཏོང་མ་ཕོད་ནས་ཆུང་མ་ཡང་ཁྲིད་དེ་ཚོང་པ་ལྔ་བརྒྱ་ཙམ་དང་རྒྱ་མཚོར་ཞུགས་ནས་དེའི་ཆུང་མ་རྟག་ཏུ་ཤིང་གསུམ་མགོ་བསྡུས་ཏེ་མདུང་ཁྱིམ་ལྟར་བྱས་ནས་དེ་ལ་མེ་ལོང་བཞག་སྟེ་མེ་ལོང་ལས་བལྟས་ན། བདག་གི་བྱད་བཞིན་བཟང་བར་མཐོང་ནས་ཤིན་ཏུ་ཆགས་པ་སྐྱེས་སོ། །དེའི་ཚེ་ན་རྒྱ་མཚོའི་ནང་ནས་རུས་སྦལ་ཆེན་པོ་ཞིག་གིས་གྲུ་བརྫིས་ནས་གྲུ་ཞིག་སྟེ་ཚོང་པ་ལྔ་བརྒྱ་ཙམ་ཐམས་ཅད་ཚེའི་དུས་བྱས་སོ། །རྒྱ་མཚོའི་ཆོས་ཉིད་ཀྱིས་རོ་ཞག་ཏུ་ལོན་པར་མི་གནས་པས་ཆུས་ཕུལ་ཏེ་རྒྱ་མཚོའི་འགྲམ་དུ་ཕྱིན་ཏོ། །

        སེམས་ཅན་དག་ནི། ཚེའི་དུས་བྱེད་པ་ན་ཅི་ལ་ཆགས་པ་དེར་སྐྱེ་བར་འགྱུར་རོ། །འོ་ན་སུ་ཞིག་སེམས་ཅན་དམྱལ་བར་སྐྱེ་བར་དགའ་ན། སེམས་ཅན་དམྱལ་བར་མང་དུ་སྐྱེས་པར་འགྱུར། སྨྲས་པ། སེམས་ཅན་གང་དཀོན་མཆོག་གསུམ་གྱི་ནོར་བརྐུས་སམ། ཕ་མའི་ལོངས་སྤྱོད་བརྐུས་སམ། མིའི་སྲོག་བཅོད་པའི་ཁ་ན་མ་ཐོ་བ་ཆེན་པོ་བྱས་ན། ཤིན་ཏུ་འབར་བའི་སེམས་ཅན་དམྱལ་བ་ཆེན་པོར་ལྟུང་བར་འགྱུར་ཏེ། མི་དེ་རླུང་ངམ་གྲང་ནད་ཀྱིས་གཟིར་བས་ཡིད་ལ་མེ་འདོད་པར་བསམ་མོ། །མེའི་ནང་དུ་འགྲོ་བར་བསམ་མ་ཐག་ཏུ་ཚེའི་དུས་བྱས་ནས་ཤིན་ཏུ་འབར་བའི་སེམས་ཅན་དམྱལ་བར་འགྲོའོ། །དེ་ལ་གང་སངས་རྒྱས་ལ་ཕུལ་བའི་མར་མེའམ། རིན་པོ་ཆེ་བརྐུས་སམ། དགེ་འདུན་གྱི་སྒྲོན་མའམ། ཤིང་བརྐུས་སམ། དགེ་འདུན་གྱི་གནས་ཁང་བཤིག་གམ། ཆོས་འཆད་པའི་འདུན་ཁང་བཤིག་གམ། དགུན་གྲང་བའི་དུས་སུ་ཕ་རོལ་པོའི་གོས་འཕྲོགས་སམ། མཐུ་ཡོད་པས་ལྷགས་པའི་ནང་དུ་བྲན་མོའམ། བྲན་མོའམ། མི་གཞན་གྱི་གོས་འཕྲོག་སྟེ་ཆུ་བླུགས་སམ། གཞན་གྱི་གོས་བཤུས་ཤིང་འཕྲོག་ན། ཁ་ན་མ་ཐོ་བའི་ལས་ཀྱི་སྡིག་པ་འདིས་ཆབ་དྲོན་གྱི་སེམས་ཅན་དམྱལ་བར་ལྟུང་སྟེ། མི་དེ་ཚ་བའི་ནད་ཀྱིས་གཟིར་བས་རྟག་ཏུ་བསིལ་ཞིང་གྲང་བའི་གནས་སེམས་ཏེ་གྲང་བར་འདོད་པས་དུས་བྱས་མ་ཐག་ཏུ་སེམས་ཅན་དམྱལ་བ་དེར་སྐྱེས་ཏེ། ཨུཏྤ་ལ་དང༌། པདྨོ་དང༌། ཀུ་མུ་ཏ་དང་། པུཎྜ་རཱི་གའི་སེམས་ཅན་དམྱལ་བ་ཡང་དེ་དང་འདྲའོ། །གྲང་བའི་སེམས་ཅན་དམྱལ་བ་ན་སྡུག་བསྔལ་མྱོང་བ་ན་ལུས་ཀྱི་ཤ་ཀུན་ཁམ་ཚད་ཁམ་ཚད་དུ་ཡོས་རྔོ་བ་ལྟར་ཆད་ཅིང་གས་ནས་མགོ་དང་རུས་པ་ཡང་དུམ་བུ་བརྒྱ་སྟོང་དུ་ཆད་ཅིང་གས་པར་འགྱུར་རོ། །

        སེམས་ཅན་གང་སེར་སྣ་བྱེད་ཅིང་གཞན་གྱི་འཚོ་བ་བཅད་དེ་ལྟོགས་སུ་བོར་བ་དང༌། ཁ་ཟས་དུས་བཞིན་དུ་མི་སྟེར་ན། ཡི་དྭགས་ཀྱི་ཁམས་སུ་ལྟུང་སྟེ། མི་དེ་ཁ་ཟས་མི་ཆུད་ཅིང་སྐྱུག་དྲོ་བའི་ནད་ཀྱིས་བཏབ་ན། ནང་གཡོག་གམ་བཤེས་གཉེན་གྱི་ཁ་ཟས་རྣམ་པ་མང་པོ་དང་སྦྱར་ཏེ་འདི་ནི། མངར་རོ། །འདི་ནི། སྐྱུར་རོ། །འདི་ནི། བསོད་པའོ། །འདི་ནི། འཇུ་སླ་བའོ། །ཞེས་ནན་ཏན་གྱིས་བསྟབས་ན། ནད་པ་དེ་ཁྲོས་ཏེ་བདག་ཁ་ཟས་འདི་མིག་གིས་མི་མཐོང་བའི་དུས་ཡོད་དམ་སྙམ་བསམ་ནས་དེ་ཚེའི་དུས་བྱས་མ་ཐག་ཏུ་ཡི་དྭགས་ཀྱི་ཁམས་སུ་ལྟུང་ངོ༌། །སེམས་ཅན་གང་གླེན་པ་གཏི་མུག་ཅན། དཀོན་མཆོག་གསུམ་ལ་མ་དད་པ། འཕགས་པ་ལ་སྐུར་པ་འདེབས་པ་ནི། དུད་འགྲོའི་སྐྱེ་གནས་སུ་སྐྱེ་སྟེ། དེ་ཡང་ནད་ཀྱིས་གཟིར་པ་ན་སྒུར་ཏེ་ཉལ་ནི། ཤེས་ཀྱི། འཕྲེས་ཏེ་ཉལ་མི་ཤེས་ལ། དགེ་བའི་ཕྱོགས་གཏམ་སྙན་པ་ཐོས་མི་འདོད་ན། ནད་གཡོག་གིས་ཀྱང་གདོན་མི་ཟ་བར་ཚེ་འཕོ་བར་ཤེས་པས་ན། ནད་གཡོག་གིས་ཀྱང་ཁྱོད་ཆོས་ཉོན་ཅིག །ཚུལ་ཁྲིམས་ཀྱང་ནོས་ཤིག །སྐུ་གཟུགས་དང་དགེ་སློང་དག་ཀྱང་མཐོང་བར་བྱོས་ལ། དེ་ལ་སྦྱིན་པ་ཡང་བྱོས་ཤིག་ཅེས་བསྐུལ་ན། དེ་ལ་མི་དད་མི་དགའ་སྟེ། ནན་གྱིས་བསྐུལ་མ་བཏབ་པ་དང༌། དེ་ཁྲོས་ནས་བདག་དཀོན་མཆོག་གསུམ་དང༌། དགེ་བའི་མིང་ཡང་མི་ཐོས་པ་ཞིག་ཏུ་སོང་ན་ཅི་མ་རུང་ཞེས་སྨྲས་ནས་ཚེའི་དུས་བྱས་མ་ཐག་ཏུ་དུད་འགྲོའི་སྐྱེ་གནས་སུ་སྐྱེའོ། །དེ་ལ་གང་ལྷ་དང་མིའི་རྒྱུར་གྱུར་པའི་དགེ་བའི་ཕྱོགས་ལ་བརྩོན་པ་དེ་ནི། ནད་ཀྱིས་ཀྱང་ཤིན་ཏུ་གདུངས་པར་མི་འགྱུར་ཏེ། ཚེའི་དུས་བྱེད་པ་ན་སེམས་ཀྱང་མི་འཁྲུག་གི །ནད་གཡོག་དང་བཤེས་གཉེན་དག་གིས་འཆི་བར་རྟོགས་ནས་ཁྱོད་དམ་པའི་ཆོས་ཐོས་པར་འདོད་དམ། སྐུ་གཟུགས་མཐོང་བར་འདོད་དམ། དགེ་སློང་དག་ལས་མདོ་སྡེ་དང་ཚིགས་སུ་བཅད་པ་དག་ཉན་པར་འདོད་དམ། ཁྱོད་ཚུལ་ཁྲིམས་མནོད་པར་དགའམ། སངས་རྒྱས་དང་དགེ་འདུན་ལ་ལོངས་སྤྱོད་འབུལ་པར་དད་དམ་ཞེས་བསྐུལ་ན། དེ་དག་ཀུན་ལ་དད་དོ། །ཞེས་ཟེར་རོ། །

        གཞན་ཡང་སངས་རྒྱས་ཀྱི་སྐུ་གཟུགས་ལ་ཡོན་ཕུལ་ན་ཚངས་རྒྱ་བར་འགྱུར་རོ། །ཆོས་ལ་མཆོད་ཅིང་ལོངས་སྤྱོད་ཕུལ་ན། གང་ནས་གང་དུ་སྐྱེ་བའི་གནས་ཐམས་ཅད་དུ་ཤེས་པ་དང་ལྡན་ཏེ། ཆོས་ཀྱི་མཚན་ཉིད་ཁོང་དུ་ཆུད་ཅིང་རྟོགས་པར་འགྱུར་རོ། །དགེ་འདུན་ལ་ལོངས་སྤྱོད་ཀྱི་སྦྱིན་པ་བྱས་ན། གང་ནས་གང་དུ་སྐྱེས་ཀྱང་རིན་པོ་ཆེ་དང༌། ལོངས་སྤྱོད་ཆེན་པོ་དང་ཡིད་བཞིན་དུ་ལྡན་པར་འགྱུར་རོ། །ཞེས་ནད་པ་ལ་གཏམ་བྱས་ན། ནད་པ་རབ་ཏུ་དགའ་མགུ་རངས་ཏེ་བདག་སྐྱེ་བ་ཐམས་ཅད་དུ་དཀོན་མཆོག་གསུམ་དང་ཕྲད་ཅིང་ཆོས་ཐོས་པ་དང༌། ཆོས་ཐོས་ནས་ཁྱད་ཁོང་དུ་ཆུད་ཅིང་རྟོགས་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་ན་ཚེའི་དུས་བྱེད་དེ་མིའི་ནང་དུ་སྐྱེའོ། །གང་ཞིག་ལྷར་སྐྱེ་བའི་རྒྱུར་གྱུར་པའི་དགེ་བའི་ཕྱོགས་རྒྱ་ཆེར་བསྐྱེད་པ། སྦྱིན་པ་དང་ཚུལ་ཁྲིམས་རྣམ་པར་དག་པ། ཆོས་ཉན་པར་དགའ་བ། དགེ་བ་བཅུ་ལ་སྤྱོད་པའི་གང་ཟག་དེ་ནི། དུས་བྱེད་པ་ན་བདེ་བར་ཉལ་བཞིན་དུ་སངས་རྒྱས་ཀྱི་སྐུ་གཟུགས་དང༌། ལྷའི་ཕོ་བྲང་དང༌། ལྷའི་བུ་མོ་དག་མཐོང་ཞིང་ལྷའི་རོལ་མོ་དག་ཐོས་ཏེ་མདངས་ཀྱང་ཤིན་ཏུ་བཟང་བ་དང༌། ལག་པ་གྱེན་དུ་འདེགས་པ་ནི། ཚེའི་དུས་བྱས་ནས་མཐོ་རིས་ལྷའི་ནང་དུ་སྐྱེའོ། །ཁྱིམ་བདག་སར་ཕག་གིས་ཆུང་མ་དེ་བདག་གི་ལུས་ལ་ཆགས་པས། ཚེའི་དུས་བྱས་མ་ཐག་ཏུ་ཕྱིར་ཡང་བུད་མེད་གྱི་ལུས་དེ་ལ་སྦྲུལ་དུ་སྐྱེས་ཏེ། སྦྲུལ་དེ་ལས་ཚེའི་དུས་བྱས་ནས་སེམས་ཅན་དམྱལ་བ་ཆེན་པོའི་སྡུག་བསྔལ་དཔག་ཏུ་མེད་པ་མྱོང་བར་འགྱུར་རོ། །དགེ་སློང་དེས་ཡང་སློབ་དཔོན་ལ་གསོལ་པ། བདག་གི་ཤ་ལ་ཟ་བའི་བུད་མེད་དེ་སུ་ལགས། མཽ་གལ་གྱི་བུས་སྨྲས་པ། མཉན་དུ་ཡོད་པ་ན་དགེ་བསྙེན་མ་ཞིག་ལ་བྲན་མོ་ཞིག་ཡོད་དོ། །

        དགེ་བསྙེན་མ་དེས་ཚུལ་ཁྲིམས་རྣམ་པར་དག་པའི་དགེ་སློང་ཞིག་དབྱར་ཟླ་བ་གསུམ་མཆོད་པ་འབུལ་བར་སྤྱན་དྲངས་ཏེ་ཕྱོགས་གཅིག་ཏུ་གནས་ཁང་བྱས་ཏེ་བཞག་ནས་ཉིན་གཅིག་བཞིན་དུ་ཁ་ཟས་རོ་བརྒྱ་དང་དྲི་བསུང་དུ་ལྡན་པ་སྣ་ཚོགས་སྦྱར་ཏེ་དྲོ་ཁར་དུས་སུ་བྲན་མོ་དེ་སྐྱེལ་དུ་བཏང་ངོ༌། །བྲན་མོ་དེ་དབེན་པར་ཕྱིན་པ་དང་ཞིམ་པོ་རྣམས་ཟོས་ནས་ལྷག་མ་དགེ་སློང་དེ་ལ་ཕུལ་ལོ། །ཕྱིས་དགེ་བསྙེན་མས་བྲན་མོ་དེ་མདོག་བཟང་ཞིང་ཤ་སྐྱེས་པར་མཐོང་ནས་བྲན་མོ་ལ་ཁྱོད་དགེ་སློང་ལ་འབུལ་བའི་ཁ་ཟས་ལྷག་མར་མ་བྱས་སམ་ཞེས་དྲིས་ན། ཇོ་མོ། །བདག་ལ་ཡང་དད་པའི་ཤས་ཅུང་ཟད་ཅིག་མཆིས་ཏེ། ངན་པར་ལྟ་བ་ནི། མ་ལགས་ན། ཅིའི་སླད་དུ་དགེ་སློང་ལ་འབུལ་བའི་ཁ་ཟས་ལྷག་མར་བགྱིད། དགེ་སློང་གིས་མ་ཡོག་པའི་ལྷག་མ་བདག་ལ་སྩལ་པ་འཚལ་ཏོ། །ཅི་སྟེ་བདག་གིས་འཚལ་བར་གྱུར་ན། བདག་གར་སྐྱེས་ཀྱང་བདག་གི་ཤ་ལ་བདག་ཟ་བར་ཤོག་ཅིག་ཅེས་སྨྲས་པས། དེའི་རྒྱུ་དེའི་རྐྱེན་གྱིས་སྔར་རྣམ་པར་སྨིན་པ་མི་བཟད་པ་འདི་མྱོང་ནས་སེམས་ཅན་དམྱལ་བ་ཆེན་པོར་དཔག་ཏུ་མེད་པའི་སྡུག་བསྔལ་གདོད་མྱོང་པར་འགྱུར་རོ། །དགེ་སློང་དེས་གསོལ་པ། ཤིང་ཆེན་པོ་ལ་སྲིན་བུ་མང་པོ་ཟ་ཞིང་མི་སྙན་པའི་སྒྲ་ཆེན་པོ་གྲགས་པ་དེ་སུ་ཞིག་ལགས་སྨྲས་པ། ལི་ཏ་ཞེས་བྱ་བ་དགེ་འདུན་གྱི་ལས་བྱེད་པའི་དགེ་སློང་དེ་ཡིན་ཏེ། དགེ་འདུན་གྱི་དཀོར་ལ་སྤྱོད་ཅིང༌། མེ་ཏོག་དང༌། འབྲས་བུ་དང༌། བཟའ་བ་དང༌། བཏུང་བ་དག་ཁྱིམ་པའི་ཕྱོགས་ལ་སྦྱིན་པའི་རྣམ་པར་སྨིན་པ་མི་བཟད་པ་འདི་མྱོང་ནས་ཚེའི་དུས་བྱས་མ་ཐག་ཏུ་སེམས་ཅན་དམྱལ་བ་ཆེན་པོར་སྐྱེས་ཏེ་ཤིང་ལ་ཟ་བའི་སྲིན་བུ་དེ་དག་ནི། དགེ་སློང་གིས་བྱིན་པ་ཐོབ་པའི་མི་རྣམས་ཡིན་ནོ། །དགེ་སློང་དེས་ཡང་གསོལ་པ། མི་ཞིག་ལ་མི་མང་པོས་བསྐོར་ཏེ་མདས་བཙུགས་ནས་ལུས་གཅིག་ཏུ་འབར་བ་དེ་སུ་ལགས། མཽ་གལ་གྱིས་སྨྲས་པ། མི་ཞིག་གིས་སྔོན་རྔོན་པ་བྱེད་བྱེད་དེ་རི་དྭགས་མང་དུ་བསད་པས། སྡུག་བསྔལ་འདི་ལྟ་བུ་མྱོང་བར་གྱུར་ཏེ། དེ་ནས་ཚེ་འཕོས་ནས་སེམས་ཅན་དམྱལ་བ་ཆེན་པོར་སྐྱེས་ཏེ། དེ་ལས་ཐར་པའི་དུས་ཤིན་ཏུ་དཀའོ། །

        དགེ་སློང་གིས་ཡང་གསོལ་པ། རི་བོ་ཆེ་ལ་རལ་གྲི་དང༌།མཚོན་ཁར་རྒྱུག་སྟེ་འཆི་བ་དེ་སུ་ལགས། མཽ་གལ་གྱིས་སྨྲས་པ། རྒྱལ་པོའི་བློན་པོ་ཤིན་ཏུ་དཔའ་བ་ཡིན་ཏེ། རེ་ཞིག་མཚོན་རྣོན་པོ་དང༌། རལ་གྲི་དང༌། མདུང་དང༌། ཤག་ཏིའི་ཁར་རྒྱུགས་ཏེ། དེ་ནས་ཚེ་འཕོས་ནས་སེམས་ཅན་དམྱལ་བ་ཆེན་པོར་སྡུག་བསྔལ་ཡུན་རིང་པོར་མྱོང་བར་འགྱུར་རོ། །དགེ་སློང་གིས་ཡང་གསོལ་པ། རུས་པའི་རི་ཆེན་པོ་དེ་སུའི་ལགས། མཽ་གལ་གྱིས་སྨྲས་པ། ཁྱོད་ཤེས་པར་འདོད་ན། དེ་ནི། ཁྱེད་ཀྱི་ལུས་སྔ་མའི་རུས་པ་ཡིན་ནོ། །དགེ་སློང་གིས་དེ་སྐད་ཅེས་ཐོས་ནས་ཤིན་ཏུ་སྐྲག་སྟེ་བ་སྤུ་ཀུན་ལངས་ནས་རྡུལ་ཡང་བྱུང་སྟེ་སློབ་དཔོན་ལ་སྨྲས་པ། བདག་གི་སྙིང་མ་གས་པར་སྔོན་གྱི་ལས་ཀྱི་རྒྱུ་དང་རྐྱེན་བསྟན་དུ་གསོལ། མཽ་གལ་གྱིས་སྨྲས་པ། སྐྱེ་ཤི་འཁོར་བའི་མཐའ་དང་མུ་མེད། དགེ་སྡིག་གི་ལས་ཀྱང་ཞིག་ཅིང་མེད་པར་མི་འགྱུར་བས་ལས་ཅི་དང་ཅི་བྱས་པ་རྣམ་པར་སྨིན་པ་ཡང་དེ་དང་དེ་དག་གདོན་མི་ཟ་བར་མྱོང་བར་འགྱུར་རོ། །

        སྔོན་འདས་པའི་དུས་ན་འཛམ་བུའི་གླིང་འདིར་རྒྱལ་པོ་ཆོས་ཀྱིས་འཕགས་ཞེས་བྱ་བ་ཞིག་ཡོད་དེ། སྦྱིན་པ་དང་ཚུལ་ཁྲིམས་ལ་དགའ་བ། ཆོས་ཉན་པར་མོས་པ། ཤིན་ཏུ་སྙིང་རྗེའི་སེམས་དང་ལྡན་པ། རང་བཞིན་གྱིས་མི་གཏུམ་པ། སེམས་ཅན་གྱི་སྲོག་མི་གཅོད་པ། རྒྱལ་པོའི་མཚན་དང་ལྡན་པ། དམ་པའི་ཆོས་ཀྱི་སྲིད་ཀྱིས་འཚོ་བ། ལོ་ཉི་ཤུ་ཙམ་ལོན་པ་དང་དལ་བ་ཞིག་གི་སྐབས་སུ་མི་དང་མིག་མང་ཞིག་རྩེ་བ་ལས་མི་ཞིག་ལ་ཉེས་པ་ཆེན་པོ་བྱང་ནས་བློན་པོ་རྣམས་ཀྱིས་མི་ཞིག་ཁྲིམས་ལས་འགལ་བའི་ཉེས་པ་ཆེན་པོ་བགྱིད་ན། ཇི་ལྟར་བགྱི་ཞེས་གསོལ་པ། རྒྱལ་པོ་མིག་མང་ལ་ཡེངས་པས། རྒྱལ་པོའི་ཁྲིམས་བཞིན་དུ་གྱིས་ཤིག་ཅེས་བསྒོ་ནས། བློན་པོ་རྣམས་ཀྱིས་ཁྲིམས་དང་སྦྱར་ན་གསད་པ་ལ་ཐུག་བས་བསད་དོ། །རྒྱལ་པོ་མིག་མང་རྩེ་བ་ཟིན་ནས་བློན་པོ་ལ་ཉེས་པ་བྱེད་པའི་མི་དེ་ག་རེ། ཞལ་ཆེ་གཅད་དོ། །ཞེས་བྱས་ན། བློན་པོ་རྣམས་ཀྱིས་བདག་ཅག་གིས་ཁྲིམས་དང་སྦྱར་ཏེ་བཀུམ་ལགས་སོ། །ཞེས་སྨྲས་སོ། །རྒྱལ་པོས་དེ་སྐད་ཅེས་སྨྲས་པ་ཐོས་ནས་འཁམས་ཏེ་ས་ལ་འགྱེལ་པ་དང༌། བློན་པོ་རྣམས་ཀྱིས་ཆུས་བཏབ་ནས་ཕྱིར་ལངས་ནས། མཆི་མ་བླགས་ཏེ་འདི་སྐད་ཅེས་སྨྲས་སོ། །ཕོ་བྲང་གི་སླས་དང༌། གླང་པོ་ཆེ་དང༌། རྟ་དང༌། རིན་པོ་ཆེ་སྣ་བདུན་ལ་སོགས་པ་ཐམས་ཅད་ནི། འདིར་ལུས་ཀྱི། ང་འབའ་ཞིག་སེམས་ཅན་དམྱལ་བར་སྡུག་བསྔལ་མྱོང་བར་འོང་བ་ལྟ། བདག་རྒྱལ་པོ་མ་བྱས་པའི་ཚེ་ན་ཡང་ཕོ་བྲང་འདི་ན་རྒྱལ་པོའི་སྲིད་འཚོ་ཞིང་བཞུགས་བཞུགས། བདག་རིང་པོར་མི་ཐོགས་པར་ཤི་ན་ཡང་དེ་བཞིན་དུ་རྒྱལ་པོའི་སྲིད་འཚོ་བར་འགྱུར་ཏེ། བདག་ནི། མི་བསད་བས་ན་རིགས་ངན་གྱི་རྒྱལ་པོ་ཡིན་ཏེ། སྐྱེ་བ་ཐམས་ཅད་དུ་བདག་གར་འགྲོ་བར་འགྱུར། ད་ནི། རྒྱལ་པོ་ཡང་མི་འདོད་དོ་ཞེས་སྨྲས་ནས། རྒྱལ་པོའི་ཐབས་བཏང་སྟེ་རིལ་པ་བདག་སྲང་ཞིང་འདུག་པ་ལས་རྒྱལ་པོ་དེ་ཚེའི་དུས་བྱས་ནས། རྒྱ་མཚོ་ཆེན་པོར་ཆུ་སྲིན་ཞིག་ཏུ་སྐྱེས་ཏེ།ལུས་ཆེ་ཁྱད་དཔག་ཚད་བདུན་བརྒྱ་ཡོད་དོ། །རྒྱལ་པོའམ། བློན་པོ་ཡང་རུང༌། མཐུ་རྩལ་བསྙེམས་ཏེ་སེམས་ཅན་གྱི་སྲོག་གཅོད་དམ། འདོད་པ་དང་བྲེལ་བྲལ་བའི་ལས་བྱས་སམ། སེམས་ཅན་ལ་འཚེ་བའི་ལས་བྱས་ན། ཤི་མ་ཐག་ཏུ་ཕལ་ཆེར་ཆུ་སྲིན་དུ་སྐྱེད་ཏེ། དེའི་ལུས་ལ་སྲིན་བུ་མང་པོ་གནས་སོ། །དེའི་ལུས་གཡས་པས་ཤེལ་གྱི་རི་ལ་སྙོགས་ཤིང་དྲུད་བས་སྲིན་བུ་མང་པོ་ཤི་བའི་ཁྲག་གིས་རྒྱ་མཚོའི་ནང་རྒྱད་གྲགས་བརྒྱ་ཙམ་དམར་པོར་བྱས་སོ། །

        སྡིག་པའི་ལས་དས་དེ་དག་ཏུ་ཚེ་འཕོས་ནས་སེམས་ཅན་དམྱལ་བ་ཆེན་པོར་ལྟུང་བར་འགྱུར་རོ། །ཆུ་སྲིན་དེ་ལན་གཅིག་གཉིད་ཀྱིས་ལོག་ན་ལོ་བརྒྱས་ལན་གཅིག་སངས་ཏེ། བཀྲེས་པ་དང་སྐོམ་པས་ཉེན་ནས་ཁ་གདངས་པ་དང༌། རྒྱ་མཚོའི་ཆུ་བར་འགྲོ་བ་ནི། ཆུ་ཆེན་པོ་རྒྱ་མཚོར་འབབ་པ་དང་འདྲའོ། །དེའི་ཚེ་ན་ཚོང་པ་ལྔ་བརྒྱ་ཙམ་ཞིག་རྒྱ་མཚོར་ཞུགས་ཏེ་རིན་པོ་ཆེ་ལེན་དུ་སོང་བ་ལས། ཆུ་སྲིན་ཁ་གདངས་པ་དང་ཕྲད་ནས་གྲུ་ཡང་ཤིན་ཏུ་མགྱོགས་པར་ཆུ་སྲིན་གྱིས་ཟ་འདོད་པའི་ཁར་སོང་ངོ༌། །ཚོང་པ་རྣམས་སྐད་ཆེན་པོ་ཕྱུང་སྟེ་དུས་ནས་གཅིག་ལ་གཅིག་འདི་སྐད་ཅེས་སྨྲས་སོ། །བདག་ཅག་ནི། གདོན་མི་ཟ་བར་འཆི་བར་འགྱུར་གྱི། སོ་སོ་ནས་ཅི་ལ་བརྟེན་པ་དྲན་པར་གྱིས་ཤིག་ཅེས་སྨྲས་པ་དང༌། དེ་དག་ལ་ལ་ནི། སངས་རྒྱས་དང༌། ཆོས་དང༌། དགེ་འདུན་གྱི་མཚན་ནས་བརྗོད། ཁ་ཅིག་ནི། འཇིག་རྟེན་གྱི་ལྷ་དང༌། རི་དང༌། གཙང་པོ་དང༌། ལྷ་མ་སྲིན་དང༌། ཕ་མ་དང༌། ཆུང་མ་དང༌། བུ་དང༌། ཕུ་ནུ་དང༌། གཉེན་པའི་མིང་ནས་བོས་ཏེ། བདག་ཅག་གིས་ནི། དེང་མཐོང་བ་ཐ་མ་འདི་ལས་འཛམ་བུའི་གླིང་གཏན་མི་མཐོང་ངོ༌། །ཞེས་སྨྲས་སོ། །དེའི་ཚེ་དེ་དག་ཆུ་སྲིན་གྱི་ཁར་སོང་ལ་ཁད་པ་དང༌། ཐམས་ཅད་ཀྱི་དུས་གཅིག་ཏུ་སངས་རྒྱས་ལ་ཕྱག་འཚལ་ལོ། །ཞེས་བརྗོད་པ་དང༌། ཆུ་སྲིན་གྱིས་སངས་རྒྱས་ལ་ཕྱག་འཚལ་ལོ། །ཞེས་བརྗོད་པའི་སྒྲ་ཐོས་མ་ཐག་ཏུ་ཁ་བཙུམས་ཏེ་ཆུ་འབབ་པ་ཡང་ཆད་པར་གྱུར་ནས་ཚོང་པ་དེ་དག་འཆི་བ་ལས་སོས་པར་གྱུར་ཏོ། །

        ཆུ་སྲིན་དེ་ལྟོགས་ནས་དེ་ཉིད་དུ་ཚེ་འཕོས་ཏེ་རྒྱལ་པོའི་ཁབ་ཏུ་སྲིན་བུ་ཞིག་ཏུ་སྐྱེས་སོ། །ཆུ་སྲིན་གྱི་རོ་རྒྱ་མཚོའི་ངོས་སུ་ཕྱུང་ནས་ཉི་མས་གདུངས་ཆར་བས་བརླན་ཏེ་ཤ་ཟད་པར་གྱུར་པའི་རུས་པ་དེ་ནི། རི་འདི་ཡིན་ནོ། །དཔལ་སྐྱེས། འདི་ལྟར་རིག་པར་གྱིས་ཤིག །དེའི་ཚེ་དེའི་དུས་ན་རྒྱལ་པོ་ཆོས་ཀྱིས་འཕགས་པ་ནི། ཁྱོད་ཡིན་ནོ། །མི་བསད་པའི་རྐྱེན་གྱིས་རྒྱ་མཚོ་ཆེན་པོར་ཆུ་སྲིན་དུ་སྐྱེས་སོ། །ཁྱོད་ཀྱིས་དེ་ཡང་ཕྱིར་མིའི་ལུས་ཐོབ་པ་འདིས་འཁོར་བ་ལ་རྒྱབ་ཀྱིས་མ་ཕྱོགས་ན་འདི་ནས་ཚེ་འཕོས་མ་ཐག་ཏུ་སེམས་ཅན་དམྱལ་བར་ལྟུང་སྟེ། ཐར་པར་ཤིན་ཏུ་དཀའོ། །དགེ་སློང་དཔལ་སྐྱེས་བདག་གི་ལུས་རྙིད་པ་ཡང་མཐོང༌། དེ་སྐད་ཅེས་བསྟན་པ་ཡང་ཐོས་ནས་འཁོར་བས་ཤིན་ཏུ་སྐྲག་སྟེ། གང་ལ་ནན་ཏན་བྱེད་པའི་ཆོས་དེ་ལ་མཐར་གྱིས་ཡིད་ལ་བྱས་ནས་སེམས་རྩེ་གཅིག་པ་ལ་གནས་ཏེ་ལུས་རྙིང་པ་མཐོང་བས་མི་རྟག་པའི་ཆོས་ཁོང་དུ་ཆུད་དེ། འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པར་རྟོགས་ནས་ཀུན་ནས་ཉོན་མོངས་པའི་ཟག་པ་ཐམས་ཅད་དེ་དགྲ་བཅོམ་པར་གྱུར་ཏོ། །

        མཽ་གལ་ཡང་ཤིན་ཏུ་དགའ་ནས་སྨྲས་པ། ཆོས་ཀྱི་སྲས་ཁྱོད་ཀྱིས་ནི། བྱ་པ་ཐམས་ཅད་ཡིད་ལ་བྱས་ཀྱི། སྔར་འདིར་འོངས་པ་ནི། ངའི་མཐུས་འོངས་སོ། །ད་ནི། ཕྱིར་ཁྱོད་བདག་གི་མཐུས་འདོང་ངོ༌། །ཞེས་སྨྲས་ནས་དེའི་ཚེ་མཽ་གལ་སྟེང་གི་ནམ་མཁའ་ལ་འཕགས་པ་དང༌། དགེ་སློང་དཔལ་སྐྱེས་ཀྱང་སློབ་དཔོན་གྱི་ཕྱི་བཞིན་དུ་འོངས་པ་ནི། བྱའི་ཕྱི་བཞིན་དུ་ཕྲུག་གུ་འབྲང་བ་འདྲ་བར་འོད་མའི་ཚལ་གང་ན་བ་དེར་འོངས་སོ། །དེའི་ཚེ་ན་དགེ་སློང་གཞོན་ནུ་དག་དགྲ་བཅོམ་པར་མི་ཤེས་པས་སྔོན་བཞིན་དུ་དཔལ་སྐྱེས་ལ་མཐོ་བརྩམས་ཀྱང་སྤྱོད་ལམ་མ་ཉམས་ཏེ་ཅང་མི་སྨྲའོ། །བཅོམ་ལྡན་འདས་ཀྱིས་དེ་ལྟར་གྱུར་པ་མཁྱེན་ནས་དགེ་སློང་གཞོན་ནུ་རྣམས་ཀྱིས་འདིའི་ལས་མི་འབྱུང་བ་དང༌། དགེ་སློང་རྒན་པའི་ཡོན་ཏན་གྲགས་པར་བྱ་བའི་ཕྱིར་འཁོར་མང་པོའི་ནང་དུ་དགེ་སློང་དཔལ་སྐྱེས་ལ་ཚུར་ཤོག་ཅིག་ཅེས་བཀའ་སྩལ་ནས་ཁྱོད་རྒྱ་མཚོའི་ངོགས་སུ་ཕྱིན་ཏམ་ཞེས་བཀའ་སྩལ་ཏོ། །དཔལ་སྐྱེས་ཀྱིས་གསོལ་པ། བདག་རྒྱ་མཚོའི་ངོགས་སུ་མཆིས་སོ། །རྒྱ་མཚོའི་ངོགས་སུ་ཅི་དང་ཅི་མཐོང་བ་སྨྲོས་ཤིག་ཅེས་བཀའ་སྩལ་ནས་དགེ་སློང་གིས་ཅི་དང་ཅི་མཐོང་བ་རྒྱས་པར་གསོལ་བ་དང༌། བཅོམ་ལྡན་འདས་ཀྱིས་ལེགས་སོ་ལེགས་སོ། །ཞེས་བྱ་བ་གནང་ནས་དཔལ་སྐྱེས། ཁྱོད་ཀྱིས་མཐོང་བ་དེ་དག་ནི། བདེན་ནོ། །ཁྱོད་ཀྱིས་ད་ནི། འཁོར་བའི་སྡུག་བསྔལ་ཡོངས་སུ་སྤངས་ཏེ་ཡོངས་སུ་མྱ་ངན་ལས་འདས་པའི་བདེ་བ་ཐོབ་པས་ལྷ་དང་མིར་བཅས་པའི་འཇིག་རྟེན་གྱི་མཆོད་པའི་གནས་སུ་གྱུར་ཏོ། །དགེ་སློང་ཁྱོད་ཀྱི་བྱ་བ་ཐམས་ཅད་ཡོངས་སུ་རྫོགས་སོ། །ཞེས་བཀའ་སྩལ་ནས་དགེ་སློང་གཞོན་ནུ་དེ་དག་གིས་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་ཐོས་ནས་ཤིན་ཏུ་འགྱོད་ཅིང་མི་དགའ་བ་སྐྱེས་ཏེ་འདི་ལྟ་བུ་མཁས་པ་ཤེས་རབ་ཅན་འཕགས་པ་ལ་བདག་ཅག་ཤེས་རབ་མེད་པས་འཚེ་བ་དང་མཐོ་བརྩམས་པ་བགྱིས་སོ། །བདག་ཅག་ཁ་ན་མ་ཐོ་བའི་རྣམ་པར་སྨིན་པ་མྱོང་བར་འགྱུར་རོ། །ཞེས་སྨྲས་ནས། དགེ་སློང་གཞོན་ནུ་དག །དགེ་སློང་དཔལ་སྐྱེས་གང་ན་བ་དེར་སོང་ནས་ཕྱིན་པ་དང་ལུས་སྨད་ལྔ་ས་ལ་གཏུགས་ཏེ་ཕྱག་བྱས་ནས་འདི་སྐད་ཅེས་སྨྲས་སོ། །སྐྱེས་བུ་དམ་པ་དག་ནི།སྙིང་རྗེ་དང་ལྷན་ཅིག་སྐྱེས་ཏེ། བཙུན་པ་ཁྱོད་སྐྱེས་པ་ཡང་སྙིང་རྗེ་ཆེན་པོ་དང་ལྷན་ཅིག་སྐྱེས་ལགས་ན། བདག་ཅག་ལ་ཐུག་བརྩེ་བའི་སླད་དུ་བདག་ཅག་ཁྱོད་ལ་མཐོལ་ཚངས་བགྱིའོ། །ཞེས་སྨྲས་པ་དང༌། དགེ་སློང་དེས་ཀྱང་བདག་གི་ལུས་ལ་ཡང་མི་དགའ་བའི་བསམ་པ་མེད་ཀྱི། ཚངས་པར་གྱུར་ཅིག་ཅེས་སྨྲས་སོ། །དེ་ནས་དགེ་སློང་དཔལ་སྐྱེས་ཀྱིས་དགེ་སློང་གཞོན་ནུ་དེ་རྣམས་ཤིན་ཏུ་འགྱོད་ཅིང་གནོང་བཀུར་བའི་སེམས་དང་ལྡན་པར་རྟོགས་ནས་དགེ་སློང་དེ་དག་ལ་དམ་པའི་ཆོས་བསྟན་ཏོ། །

        དེ་དག་གིས་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པའི་ཆོས་ཐོས་ནས་བརྩོན་པ་དང༌། འབད་པས་ནན་ཏན་བྱས་ཏེ་ཀུན་ནས་ཉོན་མོངས་པའི་ཟག་པ་ཀུན་ཟད་ནས་དགྲ་བཅོམ་པར་གྱུར་ཏོ། །དེ་ནས་ཁྱིམ་བདག་དཔལ་སྐྱེས་རྒྱལ་པོའི་ཁབ་ཏུ་ཤིན་ཏུ་གྲགས་པར་གྱུར་ཏེ། ཀུན་གྱིས་ངོ་མཚར་ཡ་མཚན་དུ་ཁྱིམ་བདག་རྒན་པོ་ཅི་ཡང་མི་ནུས་པ་ཡང་སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་དགྲ་བཅོམ་པར་གྱུར་ཏེ། འདི་ལྟ་བུའི་དམ་པའི་ཆོས་ཀྱང་སྟན་ཏོ། །ཞེས་བརྗོད་དོ། །དེའི་ཚེ་རྒྱལ་པོའི་ཁབ་ན་གནས་པའི་མི་དག་ཕལ་ཆེར་བསམ་པ་དག་པའི་སེམས་སྐྱེས་ནས་ཁ་ཅིག་ནི། བུ་དང༌། བུ་མོ་དང༌། བྲན་ཕོ་དང༌། བྲན་མོ་ལ་སོགས་པ་རབ་ཏུ་འབྱུང་བར་གནང་ངོ༌། །ཁ་ཅིག་ནི། བདག་ཉིད་རབ་ཏུ་འབྱུང་བར་གསོལ་ནས་ཐམས་ཅད་རབ་ཏུ་དགའ་སྟེ་རྗེས་སུ་ཡི་རང་བར་གྱུར་ཏོ། །དེ་བས་ན་རབ་ཏུ་བྱུང་བའི་ཡོན་ཏན་ནི། ཚད་མེད་མཐའ་མེད་དེ། དཔལ་སྐྱེས་ལྟ་བུ་ལོ་བརྒྱ་ལོན་ཏེ་རབ་ཏུ་བྱུང་ནས་དེ་ལྟ་བུའི་ཡོན་ཏན་ཆེན་པོ་དང་ལྡན་པར་གྱུར་ན། གཞོན་ནུ་དར་ལ་བབ་པ་རབ་ཏུ་བྱུང་ན་འབྲས་བུ་ཆེན་པོ་མཆོག་དམ་པ་རྙེད་པ་ལྟ་ཅི་སྨོས་ཏེ། ཆོས་ལ་བརྩོན་པ་དག་ནི། རབ་ཏུ་འབྱུང་བར་བྱའོ། །རབ་ཏུ་བྱུང་བའི་ཡོན་ཏན་བསྔགས་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།
                                                                                                                    རྩོམ་སྒྲིག་པ། མང་ར་བ།
              གསལ་འདེབས། 
                      རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                      དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།