གཅན་གཟན་ཀུན་ཏས་ལུས་ཀྱི་སྦྱིན་པ་བྱས་པའི་ལེའུ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-10-16 10:38:32         ཀློག་ཐེངས།  

804051504701655099.jpg

        བམ་པོ་བཞི་པ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་རྒོད་སྤུངས་པའི་རི་ལ་བཞུགས་སོ། །དེའི་ཚེ་བཅོམ་ལྡན་འདས་ཀྱི་སྐུ་ལ་བསེར་མའི་སྙུན་གྱིས་བཟུང་ནས་སྨན་པ་འཚོ་བྱེད་ཀྱིས་སྨན་རྣམ་པ་སུམ་ཅུ་རྩ་གཉིས་དང་མར་དུ་སྦྱར་ཏེ་ཉིན་རེ་བཞིན་སྦྱར་སྨན་སྲང་སུམ་ཅུ་རྩ་གཉིས་གཉིས་གསོལ་ལོ། །ལྷ་སྦྱིན་མ་རུངས་པ་ཕྲག་དོག་གི་སེམས་སྐྱེས་ནས་སངས་རྒྱས་དང་མཉམ་མོ། །ཞེས་བསྒྲགས་ཏེ། བཅོམ་ལྡན་འདས་སྨན་གསོལ་ཞེས་ཐོས་ནས་སྨན་འདོད་ཅིང་སངས་རྒྱས་དང་འདྲ་བར་བྱ་བའི་ཕྱིར་སྨན་པ་འཚོ་བྱེད་ལ་བཅོམ་ལྡན་འདས་ལ་གསོལ་བའི་སྨན་ང་ལ་སྦྱར་ཏེ་བྱིན་ཅིག་ཅེས་བསྒོའོ། །དེ་ནས་འཚོ་བྱེད་ཀྱིས་སྨན་སྦྱར་ཏེ་ལྷ་སྦྱིན་ལ་བྱིན་ནས་ཉིན་རེ་ལ་སྲང་བཞི་བཞི་ཐོང་ཞིག་ཅེས་བསྒོ་བ་དང༌། ལྷ་སྦྱིན་གྱིས་ད་ལྟར་བཅོམ་ལྡན་འདས་ཉིན་རེ་ཞིང་སྲང་དུ་དུ་གསོལ་ཞེས་དྲིས་པ་དང༌། འཚོ་བྱེད་ཀྱིས་བཅོམ་ལྡན་འདས་ནི། ད་ལྟར་ཉིན་རེ་ཞིང་སྲང་སུམ་ཅུ་རྩ་གཉིས་གཉིས་གསོལ་ལོ། །ཞེས་སྨྲས་པ་དང༌། ལྷ་སྦྱིན་གྱིས་ཁོ་བོ་ལ་ཡང་ཉིན་རེ་ཞིང་སྲང་སུམ་ཅུ་རྩ་གཉིས་གཉིས་བྱིན་ཅིག་ཅེས་བསྒོ་བ་དང༌། འཚོ་བྱེད་ཀྱིས་སྨྲས་པ། དེ་བཞིན་གཤེགས་པའི་སྐུ་དང༌། ཁྱོད་ནི། མི་འདྲ་སྟེ། ཁྱོད་ཀྱིས་མང་དུ་ཟོས་ན་མི་ཞུ་བས་གདོན་མི་ཟ་བར་ཕྱིར་ནད་དུ་འགྱུར་རོ། །ཞེས་སྨྲས་པ་དང༌། ལྷ་སྦྱིན་གྱིས་སྨྲས་པ། ཇི་ཙམ་ཟོས་ན་ཞུ་བའི་དྲོད་ཁོ་བོ་ལ་ཡོད་དེ། ཁོ་བོ་དང༌། སངས་རྒྱས་སུ་བྱེ་བྲག་ཅི་ཡོད་ཅེས་སྨྲས་ནས་སངས་རྒྱས་དང་འདྲ་བར་ཉིན་གཅིག་ལ་སྨན་སྲང་སུམ་ཅུ་རྩ་གཉིས་གཉིས་བཏང་ནས་སྨན་མ་ཞུ་སྟེ་རྩ་ཀུན་ཏུ་ཟུག་ནས་ཉམ་ཐག་སྟེ་ཤིན་ཏུ་སྡུག་བསྔལ་བའི་སྐད་ཕྱུང་ནས་འབོད་འགྲོགས་སོ། །

        དེ་ལ་བཅོམ་ལྡན་འདས་ཐུགས་བརྩེ་བར་དགོངས་ཏེ་རྒྱང་མ་ནས་ཕྱག་བརྐྱངས་ནས་ལྷ་སྦྱིན་གྱི་མགོ་ལ་བྱུགས་པས་མོད་ལ་སྨན་ཀུན་ཞུ་ནས་ཚ་བའི་སྡུག་བསྔལ་དང་བྲལ་བར་གྱུར་ཏེ། ལྷ་སྦྱིན་གྱིས་བཅོམ་ལྡན་འདས་ཀྱི་ཕྱག་ཡིན་པར་ཤེས་ནས་འདི་སྐད་ཅེས་སྨྲས་སོ། །རྒྱལ་བུ་དོན་གྲུབ་ཀྱིས་ཤེས་པའི་རྩལ་དུ་སྨན་ཡང་བསླབས་ཏེ། སྨན་པ་ཡང་མཁས་པ་ལྟ་སྟེ་མི་འདོད་དོ་ཞེས་སྨྲས་སོ། །དེའི་ཚེ་ན་ཀུན་དགའ་བོས་དེ་སྐད་ཅེས་སྨྲས་བ་ཐོས་ནས་ཤིན་ཏུ་མི་དགའ་སྟེ་བུས་མོ་ས་ལ་བཙུགས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ལྷ་སྦྱིན་འདི་ནི། བཀའ་དྲིན་མི་འཚལ་ཏེ། བཅོམ་ལྡན་འདས་ཀྱིས་ད་ལ་ཐུགས་བརྩེ་བར་དགོངས་ནས་དེའི་ནད་ཡོངས་སུ་བསལ་ཀྱང་སླར་མི་དགེ་བའི་སེམས་ཀྱིས་ཚིག་མི་དགོས་པ་སྨྲས་ཏེ། རྟག་ཏུ་བཅོམ་ལྡན་འདས་ལ་བསྔོའོ། །བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། ལྷ་སྦྱིན་གྱིས་ད་ལྟར་འདི་འབའ་ཞིག་ཏུ་ང་ལ་མི་དགེ་བའི་སེམས་བསྐྱེད་ནས་ང་ལ་གནོད་པར་བྱེད་པར་མ་ཟད་ཀྱི། སྔོན་འདས་པའི་དུས་ན་ཡང་ང་ལ་སྡིག་པའི་སེམས་བསྐྱེད་དེ་ང་བསད་པར་གྱུར་ཏོ། །ཀུན་དགའ་བོས་བཅོམ་ལྡན་འདས་ལ་གསོལ་པ། འདས་པའི་དུས་ན་ལྷ་སྦྱིན་གྱིས་ཇི་ལྟར་བགྱིས་པ་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྔོན་འདས་པའི་དུས་བསྐལ་པ་གྲངས་མེད་དཔག་ཏུ་མེད་པའི་ཕ་རོལ་ན་འཛམ་བུའི་གླིང་འདིར་ཡུལ་ཝཱ་ར་ཎཱ་སི་ཞེས་བྱ་བ་ན་རྒྱལ་པོ་ཚངས་སྦྱིན་ཞེས་བྱ་བ་ཁྲོ་ཞིང་གཏུམ་ལ་སྙིང་རྗེ་མེད། འདོད་ཆགས་དང་ཞེ་སྡང་ཆེ་བ། སྡིག་པའི་ལས་ཀྱིས་གཙེས་ཤིང་གསོང་པ་ལ་དགའ་བ་ཞིག་བྱུང་ངོ༌། །

        དེའི་ཚེ་ན་རྒྱལ་པོ་དེའི་རྨི་ལམ་དུ་གཅན་གཟན་ལུས་ཀྱིས་གསེར་གྱི་མདོག་ལྟར་འདུག་ལ། སྤུའི་ཐོག་མ་ལ་གསེར་ལྟ་བུའི་འོད་བྱུང་ཞིང༌། གཡས་གཡོན་ཐམས་ཅད་ཀྱང་གསེར་གྱི་མདོག་ཏུ་སྣང་བར་བྱེད་པའི་གཅན་གཟན་གཅིག་ཅིག་རྨིས་ནས་དེ་མ་ཐག་ཏུ་སད་དེ་འདི་སྙམ་དུ་བདག་གིས་རྨི་ལམ་ན་མཐོང་བ་འདི་ནི། གདོན་མི་ཟ་བར་ཡོད་ཀྱི། རྔོན་བདག་དེའི་པགས་པ་ཚོལ་དུ་གཞུག་གོ་སྙམ་བསམ་ནས་རྔོན་པ་རྣམས་བསྡུས་ཏེ་འདི་སྐད་ཅེས་བསྒོའོ། །ཁོ་བོའི་རྨི་ལམ་དུ་གཅན་གཟན་གསེར་གྱི་མདོག་ཅན་སྤུའི་ཐོག་མ་ལ་གསེར་གྱི་འོད་ལྟ་བུ་འབྱུང་བ་ཞིག་རྨིས་ཏེ། འདི་ལྟ་བུ་ཞིག་ཡུལ་འདི་ན་ཡོད་དུ་ངེས་ཀྱི། ཁྱེད་རྣམས་ཀྱིས་ཀུན་ཏུ་ཚོལ་ལ་དེའི་པགས་པ་བཤུས་ཏེ་ང་ལ་ཕུལ་ཅིག་དང༌། ཁྱོད་ཀྱི་བུ་ཚེ་རབས་བདུན་ཚུན་ཆད་སྐྱེད་ཅིང་བདེ་བར་བྱའོ། །གལ་ཏེ་སྙིང་ནས་མ་བཙལ་ལམ། ལེ་ལོ་ཞིག་བྱས་ཏེ་མ་རྙེད་ན། ཁྱེད་རྣམས་རྩ་རྒྱུད་ཚུན་ཆད་མེད་པར་བྱའོ། །ཞེས་བསྒོའོ། །དེ་ནས་རྔོན་པ་དེ་དག་ཤིན་ཏུ་མི་དགའ་སྟེ་དབེན་པའི་ཕྱོགས་ཤིན་ཏུ་ཐམས་ཅད་འདུས་ནས་འདི་སྐད་ཅེས་བགྲོས་སོ། །རྒྱལ་པོས་རྨིས་པའི་གཅན་གཟན་དེ་ནི། གནའ་ནས་མ་མཐོང་སྟེ། གལ་ཏེ་བདག་ཅག་གིས་མ་རྙེད་ན། རྒྱལ་པོའི་བཀའ་ཁྲིམས་གཉན་པས་བདག་ཅག་གསོན་པར་མི་འགྱུར་རོ། །ཞེས་བགྲོས་ནས་ལྷག་པར་མི་དགའ་བའི་སེམས་བསྐྱེད་ཏེ། ཡང་འདི་སྐད་ཅེས་སྨྲས་སོ། །ཤིང་ཁུང་འདི་ན་སྤྲུལ་གདུག་པ་དང༌། གཅན་གཟན་མ་རུངས་པ་མང་བས། ལམ་རིང་པོར་འགྲོ་ཞིང་སྲོག་མི་ཕངས་པར་དོན་སྒྲུབ་ཏུ་ནི། སྲོག་དང་བསྡོས་སུ་ཡང་མི་ནུས་པས་བདག་ཅག་གི་ནང་ན་མི་གང་གིས་ནུས་པ་གཅིག་ཅིག་ཚོལ་དུ་བཏང་ངོ༌། །གལ་ཏེ་མི་དེས་མཐོང་བར་གྱུར་ན། གདོད་བདག་ཅག་སྤྲན་པར་བྱས་ན་ལེགས་སོ། །ཞེས་སྨྲས་ནས་མི་ཞིག་ལ་འདི་སྐད་ཅེས་སྨྲས་སོ། །ཁྱོད་སྲོག་དང་བསྡོས་ཏེ་ཀུན་ཏུ་ཚོལ་དུས་སོང་ཞིག །གལ་ཏེ་རྙེད་ན་ངེད་སྤྱི་ལས་ནཽར་བཀྲལ་ཏེ་མང་དུ་སྦྱིན་ནོ། །ཅི་སྟེ་ཁྱེད་ཕྱིར་མ་འཁོར་ན་ཡང་ཁྱོད་ཀྱི་བུ་དང་ཆུང་མ་ལ་སྦྱིན་ནོ། །ཞེས་སྨྲས་ཏེ་མི་དེས་ཀྱང་འདི་སྙམ་དུ་བདག་ནི། མི་མང་པོ་འདི་དག་གི་ཕྱིར་ལུས་དང་སྲོག་ཡལ་ཡང་བླའོ་སྙམ་བསམ་ནས་འགྲོ་བའི་ཡོ་བྱད་བཤམས་ཏེ་དྲི་དང་ནགས་ཚལ་ཉམ་ང་བ་ཀུན་ཏུ་ཚོལ་དུ་སོང་སོང་བ་ལས། ཡུན་རིང་ཞིག་ལོན་པས་ཤིན་ཏུ་ཉམ་ཐག་ནས་དབྱར་ཚ་བའི་དུས་སུ་བྱེ་མ་ཚ་བ་པུས་མོ་ནུབ་ཙམ་ཞིག་ཏུ་ཕྱིན་པ་དང་ངལ་ཆད་དེ་སྐོམ་གྱིས་གདུངས་པས་སྲོག་ཆགས་ལ་ཐུག་ནས་འདི་སྐད་ཅེས་སྨྲས་སོ། །སྙིང་རྗེ་དང་ལྡན་པ་སུ་ཞིག་བདག་འདི་ལྟར་སྡུག་བསྔལ་བའི་ལུས་དང་སྲོག་གི་སྐྱབས་སུ་འགྱུར་བ་ཡོད་དམ་ཞེས་སྨྲས་པ་དང༌། དེའི་ཚེ་ན་རི་དེ་ལ་གཅན་གཟན་ཀུན་ཏ་ཞེས་བྱ་བ་ལུས་ཀྱི་སྤུ་མདོག་གསེར་གྱི་ཁ་དོག་ལྟར་འདུག་ལ། སྤུའི་ཐོག་མ་ལ་གསེར་གྱི་འོད་འབྱུང་བ་ཞིག་ཡོད་པ་དེས་རྒྱང་མ་ནས་མི་དེས་སྨྲས་པའི་ཚིག་ཐོས་ནས་ཤིན་ཏུ་སྙིང་བརྩེ་བའི་སེམས་བསྐྱེད་ཏེ། གང་ན་ཆུ་མིག་གྲང་མོ་ཡོད་པའི་ནང་དུ་ལུས་བཅུག་ནས་མི་དེའི་དྲུང་དུ་འོངས་ཏེ་མི་དེ་ལ་ཕང་པས་འཁྱུད་ནས་ཅུང་ཟད་ཅིག་ཉམས་བརྟས་པ་དང་ཆུ་འགྲམ་དུ་ཁྲིད་དེ་བཀྲུས་ནས་ཤིན་ཏོག་བཏུས་ཏེ་ཟར་བཅུག་གོ །དེ་ནས་མི་དེ་སོར་ཆུད་ནས་འདི་སྙམ་དུ་སེམས་སོ། །

        གཅན་གཟན་འདི་ནི། རྒྱལ་པོ་འདོད་པ་ཁོ་ན་ཡིན་ན། བདག་སྲོག་དང་བྲལ་བ་ལས་སྲོག་གི་སྐྱབས་བྱས་ཏེ་དྲིན་དུ་གཟོ་བ་ཅུང་ཟད་ཀྱང་མ་བྱས་པར་འདི་ལ་གསོད་པའི་སེམས་ཇི་ལྟར་ཡང་སྐྱེད། གལ་ཏེ་མ་རྙེད་ན་ནི། རྔོན་པ་དེ་དག་གཉེན་དང་བཅས་པ་ཐམས་ཅད་གྱོད་ལ་ཐོགས་པར་འགྱུར་རོ་སྙམ་བསམས་ནས་མི་དགའ་ཞིང་འདུག་པ་ལས། གཅན་གཟན་གྱིས་ཁྱོད་ཅིའི་ཕྱིར་འདི་ལྟར་མི་དགའ་ཞེས་དྲིས་ན། མཆི་མ་ལྷགས་ནས་རྒྱས་པར་སྨྲས་པ་དང༌། ཀུན་ཏས་འདི་སྐད་ཅེས་སྨྲས་སོ། །འདི་ལ་ཁྱོད་མི་དགའ་བར་མ་བྱེད་ཅིག །ངའི་པགས་པ་འདི་ཐོབ་སླ་བ་ཡིན་ཏེ། ཁོ་བོས་བསམ་ན། ཚེ་སྔ་མ་ལ་ལུས་གྲངས་མེད་པ་ཞིག་བཏང་ཡང་ལུས་ཀྱིས་བསོད་ནམས་སུ་འགྱུར་བའི་ལས་མ་བྱས་ཏེ། ལུས་ཀྱི་པགས་པ་འདིས་དེ་དག་གི་སྲོག་བསྐྱབ་བོ། །ཞེས་སྨྲས་ནས་རབ་ཏུ་དགའ་བའི་སེམས་སྐྱེས་ཏེ་ཁྱོད་ཀྱིས་ཁོ་བོའི་སྲོག་མ་བཅད་པར་པགས་པ་བཤུས་ཏེ་ཁྱེར་ཅིག །འགྱོད་པའི་སེམས་མེད་པར་ཁྱོད་ལ་སྦྱིན་ནོ། །

        དེའི་ཚེ་ན་རྔོན་པ་དེས་པགས་པ་དལ་གྱིས་བཤུས་ནས་ཀུན་ཏས་འདི་སྐད་ཅེས་སྨོན་ལམ་བཏབ་བོ། །བདག་གིས་པགས་པ་འདི་ཁྱོད་ལ་བྱིན་ཏེ་མི་མང་པོ་ཕངས་པའི་སྲོག་བསྐྱབས་པའི་བསོད་ནམས་འདི་སེམས་ཅན་ཐམས་ཅད་ལ་བསྔོས་ཏེ། བདག་བླ་ན་མེད་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་ཞིང༌། སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་ལས་བསྒྲལ་ནས་མྱ་ངན་ལས་འདས་པའི་བདེ་བ་ལ་འགོད་པར་ཤོག་ཅིག་ཅེས་སྨོན་ལམ་བཏབ་བོ། །དེའི་ཚེ་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྣམ་པ་དྲུག་ཏུ་གཡོས་ཏེ། ལྷའི་ཕོ་བྲང་ཀུན་ལྡེ་གཅིང་གཡོས་ནས་ལྷ་རྣམས་སྡངས་ཏེ་བལྟས་ན། བྱང་ཆུབ་སེམས་དཔས་ལུས་ཀྱི་པགས་པ་སྦྱིན་པར་བྱས་པ་མཐོང་ནས་ནམ་མཁའ་ལས་བབས་ཏེ་ཀུན་ཏ་གང་ན་བར་ལྷག་ནས་ལྷ་རྫས་ཀྱི་མེ་ཏོག་གིས་གཏོར་ཏེ་མཆོད་པར་བྱས་ནས་མཆི་མ་ཆར་བཞིན་དུ་ཕབ་བོ། །པགས་པ་བཤུས་ནས་སོང་བའི་འོག་ཏུ་ཤ་རློན་པ་དེ་ལ་ཁྲག་ཀུན་ནས་གཟག་ཅིང་སྦྲང་མ་དང༌། གྲོག་མ་ལ་སོགས་པ་སྟོང་ཕྲག་བརྒྱད་ཅུ་སྙེད་དེའི་ལུས་ལ་འདུས་ན་ཐམས་དད་དེའི་ལུས་ལ་ཟ་ཞིང་དེ་དག་བྲོས་སུ་དོགས་པས་ལུས་ཀྱང་མི་འགུལ་ཏེ་ལུས་ཀྱི་སྦྱིན་པ་བྱས་ནས་དེ་ཉིད་དུ་ཚེའི་དུས་བྱས་སོ། །སྦྲང་མ་དེང་སྲིན་བུ་བྱང་ཆུབ་སེམས་དཔའི་ཤ་ལ་ཟོས་པ་རྣམས་ཀྱང་ཚེ་འཕོས་ནས་ཐམས་ཅད་མཐོ་རིས་ཀྱི་ལྷར་སྐྱེས་སོ། །

        དེའི་ཚེ་ན་རྔོན་པ་དེས་པགས་པ་དེ་ཁྱེར་ཏེ་རྒྱལ་པོ་ལ་ཕུལ་ནས་རྒྱལ་པོ་རབ་ཏུ་དགའ་སྟེ། འདི་ལྟ་བུ་ཤིན་ཏུ་འཇམ་པ་ནི། ཟླ་མེད་དོ། །ཞེས་རྟག་ཏུ་ཉལ་བའི་སྟན་དུ་བཏིང་ནས་དེ་ལ་ཉལ་ལོ། །ཀུན་དགའ་བོ། དེ་ལྟར་རིག་པར་གྱིས་ཤིག །དེའི་ཚེ་དེའི་དུས་ན་གཅན་གཟན་ཀུན་ཏ་དེ་ནི། ད་ལ་རང་ཡིན་ནོ། །རྒྱལ་པོ་ཚངས་སྦྱིན་དེ་ནི། ལྷས་སྦྱིན་ཡིན་ནོ། །སྲིན་བུ་སྟོང་ཕྲག་བརྒྱད་ཅུ་ནི། ང་ཐོག་མར་མངོན་པར་སངས་རྒྱས་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་བ་ན་འབྲས་བུ་ཐོབ་པའི་ལྷའི་སྲས་པོ་བརྒྱད་ཁྲི་པོ་ཡིན་ནོ། །ལྷ་སྦྱིན་གྱིས་དེའི་ཚེ་ན་ཡང་ང་བསད་དེ། ད་ལྟར་གྱི་བར་དུ་ཡང་ང་ལ་སྡིག་པའི་སེམས་ཀྱིས་གསོང་པར་སེམས་སོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་གསུངས་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་དང༌། འཁོར་མང་པོ་རྣམས་དགེ་བའི་ཆོས་ལ་འདུན་ཏེ། ལ་ལ་ནི། རྒྱུན་དུ་ཞུགས་པའི་འབྲས་བུ་དང༌། ལ་ལ་ནི། ལན་གཅིག་ཕྱིར་ལྡོག་པ་དང༌།ཕྱིར་མི་ལྡོག་པ་དང༌། དགྲ་བཅོམ་པའི་འབྲས་བུ་ཐོབ་བོ། །ལ་ལ་ནི། རང་སངས་རྒྱས་ཀྱི་དགེ་བའི་རྩ་བ་བསྐྱེད། ལ་ལ་ནི། བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཕྱིར་མི་ལྡོག་པའི་ས་ལ་གནས་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་རྗེས་སུ་ཡི་རང་ནས་མངོན་པར་དགའོ། །གཅན་གཟན་ཀུན་ཏས་ལུས་ཀྱི་སྦྱིན་པ་བྱས་པའི་ལེའུ་སྟེ་བཅུ་བཞི་པའོ།། །།

                                                                        རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས།
              རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
              དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།