སྟོན་པ་དྲུག་བཏུལ་བའི་ལེའུ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-10-13 19:39:32         ཀློག་ཐེངས།  

518264961552280540.jpg

        འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་ཀནད་ཀ་གནས་པ་འོད་མའི་ཚལ་ན་དགེ་སློང་གི་དགེ་འདུན་ཆེན་པོ་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་དང་ཐབས་ཅིག་ཏུ་བཞུགས་སོ། །དེའི་ཚེ་ན་རྒྱལ་པོ་གཟུགས་ཅན་སྙིང་པོ་འབྲས་བུ་དང་པོ་ཐོབ་པས་དད་པ་དང༌། བསྙེན་བཀུར་བྱ་བའི་སེམས་སྔོན་པས་ཀྱང་ལྷག་པར་གྱུར་ནས་བཅོམ་ལྡན་འདས་དང༌། དགེ་སློང་གི་དགེ་འདུན་ལ་མཆོད་པའི་ཡོ་བྱད་རྣམ་པ་བཞི་རྟག་ཏུ་འབུལ་ཏེ། སྐྱེ་བོ་མང་པ་དག་ཀྱང་མཐུན་པར་དགེ་བ་ལ་སྤྲོའོ། །ཡུལ་དེ་ན་རྫོགས་བྱེད་ལ་སོགས་པ་སྟོན་པ་དྲུག་སྔར་བྱུང་བས་ངན་པར་ལྟ་བ་ལོག་པར་སྟོན་ཏེ། འགྲོ་བ་མང་པོ་བསླུས་པས་དེ་ལ་གང་བསླད་པར་མཐོང་བ་དག་ནི། ངན་པར་ལྟ་བ་དག་ལ་ཡིད་ཆེས་པས་སྡིག་པ་ཅན་གྱི་ཕྱོགས་མང་ཞིང་རྒྱས་པར་གྱུར་ཏོ། །རྒྱལ་པོ་དེའི་གཅུང་ཞིག་ཀྱང་སྟོན་པ་དྲུག་ལ་ཡིད་ཆེས་པས་ངན་པར་ལྟ་བ་ལོ་ཞེན་ཏེ་ཐར་བའི་ལམ་ཡིན་པར་བཟུང་ནས་ལོངས་སྤྱོད་ཅི་བདོག་པ་གཏུགས་ནས་དེ་ལ་འབུལ་ཏེ། སངས་རྒྱས་བཅོམ་ལྡན་འདས་ཉི་མ་ཤར་བ་ལྟ་བུ། ཤེས་རབ་ཀྱིས་ཀུན་ཏུ་ལྷམ་མེར་མཛད་ཀྱང་ངན་པར་ལྟ་བས་གླགས་པས་དེ་ལ་མོས་པའི་སེམས་མེད་དོ། །རྒྱལ་པོ་གཟུགས་ཅན་སྙིང་པོ་དེ། དེ་ལ་ལྷག་པར་སྡུག་པར་འཛིན་པས་ཐབས་ཀྱིས་སངས་རྒྱས་ལ་བསྙེན་བཀུར་བྱ་བར་བསྐུལ་ན་ཡང་ངན་པར་ལྟ་བ་ལ་ཞེན་པས་བསྒོ་བ་བཞིན་དུ་མ་བྱས་སོ། །སངས་རྒྱས་ལ་མཆོད་པ་གྱིས་ཤིག་ཅེས་ཡང་དང་ཡང་བསྐུལ་ན། བདག་ལ་ཡང་སྟོན་པ་ཡོད་དེ། གོའུ་ཏ་མ་ལ་བསྙེན་བཀུར་མི་བྱེད་དོ། །འོན་ཀྱང་རྒྱལ་པོའི་བཀའ་ཚུལ་གྱིས་བཅག་པར་རིགས་པ་མ་ཡིན་པས་མཆོད་སྟོན་ཆེན་པོ་བཤམས་ནས་མ་བོས་པར་གང་རང་འོངས་པ་ལ་བསོད་སྙོམས་སྦྱིན་ནོ། །ཞེས་བྱས་ནས་མཆོད་པའི་ཡོ་བྱད་བཤམས་ཏེ་སྟན་བཏིང་ནས་སྟོན་པ་དྲུག་ནི། འབོད་པ་བཏང་སྟེ། དེ་མ་ཐག་ཏུ་ལྷགས་ནས་གྲལ་གྱི་ཐོག་མ་ལ་འདུག་གོ །

        སངས་རྒྱས་དང་དགེ་འདུན་རྣམས་རང་མ་བྱོན་པས་རྒྱལ་པོ་གང་ན་བ་དེར་སོང་ནས་འདི་སྐད་ཅེས་གསོལ་ཏོ། །དགེ་སྦྱོང་གོའུ་ཏ་མ་སྤྱན་དྲོངས་ཤིག་ཅེས་ཡང་དང་ཡང་དུ་བཀའ་སྩལ་ཏེ། བདག་གིས་མཆོད་པ་བཤམས་ཏེ་གདུགས་ཚོད་ལ་བབ་ན། ཅིའི་སླད་དུ་མི་གཤེགས། རྒྱལ་པོས་བཀའ་སྩལ་པ། ཁྱོད་ཉིད་སྤྱན་འདྲེན་དུ་འགྲོ་མི་ནུས་ན་ཡང་མི་ཞིག་གདུགས་ཚོད་ལ་བབ་བོ། །ཞེས་སྤྱན་འདྲེན་པར་ཐོང་ཞིག །རྒྱལ་པོའི་གཅུང་གིས་ཀྱང་སྤྱན་འདྲེན་དུ་བཏང་བ་ལས་བཅོམ་ལྡན་འདས་འཕགས་པའི་དགེ་འདུན་དང་བཅས་ཏེ་གཤེགས་ནས་གྲལ་རིམ་བཞིན་དུ་བཞུགས་སོ། །བཅོམ་ལྡན་འདས་ཀྱི་བྱིན་གྱིས་སྟོན་པ་དྲུག་གྲལ་གྱི་ལྟག་ན་འདུག་པ་ཡང་གྲལ་གྱི་ཐ་མར་སོང་ངོ༌། །

        སྟོན་པ་དྲུག་ངོ་ཚ་ཞིང་སྐྱེངས་ནས་ལངས་ཏེ་གྲལ་གྱི་ལྟག་ཏུ་འདུག་ན་ཡང་མ་ཚོར་བར་གྲལ་གྱི་མཇུག་ཏུ་སོང་སྟེ། དེ་བཞིན་དུ་ལན་གསུམ་གྱི་བར་དུ་གྲལ་གྱི་གོང་དུ་སོང་ཡང་ད་དུང་གྲལ་གྱི་འོག་ན་འདུག་པར་གྱུར་ནས་མཐུ་མེད་པར་གྱུར་ཏེ་སྐྱེངས་བཞིན་དུ་གྲལ་གྱི་ཐ་མར་འདུག་གོ །ཡོན་བདག་གིས་གནས་བརྟན་ལ་ཆུ་བྲིམས་ནས་བཅོམ་ལྡན་འདས་ཀྱིས་སྔར་ཁྱོད་ཀྱི་སྟོན་པ་ལ་བྲིམས་ཤིག་ཅེས་བཀའ་སྩལ་པ་དང༌། ཡོན་བདག་གིས་ཆུ་སྣོད་ཐོགས་ཏེ་སྟོན་པ་དྲུག་ལ་ཆུ་བྲིམས་ན། ཆུ་སྣོད་ཀྱི་ཁ་འགགས་ཏེ་ཆུ་འབྱུང་དུ་མ་བཏུབ་པས། ཕྱིར་ཡང་སངས་རྒྱས་ནས་མཐར་གྱིས་གསོལ་ན། ཆུ་ཡང་བྱུང་སྟེ་ལག་པ་བཀྲུས་སོ། །ལག་པ་བཀྲུས་ནས་སྦྱིན་བདག་གིས་བསོད་སྙོམས་ཐོགས་ཏེ་སྨོན་ལམ་གདབ་པར་གསོལ་ན། བཅོམ་ལྡན་འདས་ཀྱིས་སྦྱིན་བདག་ལ་འདི་སྐད་ཅེས་བཀའ་སྩལ་པ། ཐོག་མ་ཡང་ངེད་ཀྱི་ཕྱིར་མ་ཡིན་པས། ད་ཡང་ཁྱོད་ཉིད་ཀྱི་སྟོན་པ་ལ་སྨོན་ལམ་གདབ་པར་གསོལ་ཅིག་ཅེས་བཀའ་སྩལ་ནས་སྦྱིན་བདག་དེ་སྟོན་པ་དྲུག་གི་མདུན་དུ་སོང་སྟེ་སྨོན་ལམ་གདབ་པར་གསོལ་ན། སྟོན་པ་དྲུག་ཁ་འཐམས་ནས་སྨྲ་མ་ནུས་ཏེ། སངས་རྒྱས་ལ་གསོལ་ཅིག་ཅེས་ལག་བརྡ་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཀྱང་ཚངས་པའི་དབྱངས་ལྟ་བུའི་གསུང་གིས་སྨོན་ལམ་བཏབ་བོ། །སྨོན་ལམ་བཏབ་ནས་སྦྱིན་བདག་གིས་བསོད་སྙོམས་གནས་བརྟན་ལ་བྲིམས་པ་ལས། བཅོམ་ལྡན་འདས་ཀྱིས་སྔར་ཁྱོད་ཉིད་ཀྱི་སྟོན་པ་ནས་བྲིམས་ཤིག་ཅེས་བཀའ་སྩལ་པ་དང༌། འབྲིམ་པ་རྣམས་ཀྱིས་སྟོན་པ་དྲུག་ལ་བྲིམས་ཞེས་བྱས་ན། ཞལ་ཟས་རྣམས་སྟེང་གི་ནམ་མཁའ་ལ་འཕགས་ཏེ་བྲིམས་སུ་མེད་པར་གྱུར་ཏོ། །དེ་ནས་སངས་རྒྱས་ལོགས་སུ་འབྲིམ་དུ་ཆས་པ་དང་ཞལ་ཟས་ཀྱང་སོ་སོའི་ལག་ཏུ་འོངས་སོ། །མཐར་གྱིས་བྲིམས་ཏེ་སངས་རྒྱས་དད་དགེ་འདུན་བསོད་སྙོམས་ཀྱི་བྱ་བ་བྱས་ནས་ཁ་ལག་བཀྲུས་ཏེ་ཕྱིར་ཡང་གདན་ལ་བཞུགས་ནས་ཆོས་བསྟན་པར་གསོལ་ཏོ། །

        དེ་ལ་ཡང་བཅོམ་ལྡན་འདས་ཀྱིས་ཁྱོད་ཉིད་ཀྱི་སྟོན་པ་དྲུག་ལ་སྟོན་པར་གསོལ་ཅིག་ཅེས་བཀའ་སྩལ་ཏོ། །སྟོན་པ་དྲུག་ཀྱང་ཁ་འཐམས་ནས་སངས་རྒྱས་ལ་གསོལ་ཅིག་ཅེས་ལག་བརྡ་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཤིན་ཏུ་གཉེན་ཞིང་འཇམ་པའི་གསུང་ཕྱུང་སྟེ་འཁོར་མང་པོ་ལ་ཆོས་ཀྱི་མཚན་ཉིད་རྣམ་པར་ཕྱེ་སྟེ་བསྟན་པས། འཁོར་མང་པོའི་ཡིད་ཚིམ་པར་གྱུར་ཏེ་སངས་རྒྱས་ཀྱིས་གསུངས་པ་ཐོས་ནས་ཐམས་ཅད་ཀྱིས་རྟོགས་ཤིང་ཁོང་དུ་ཆུད་དེ། གཟུགས་ཅན་སྙིང་པོའི་གཅུང་ནི། ཆོས་ལ་ཆོས་ཀྱི་མིག་རྣམ་པར་དག་པར་གྱུར་ཏོ། །འཁོར་གཞན་དག་ནི། འབྲས་བུ་དང་པོ་ནས་འབྲས་བུ་གསུམ་པའི་བར་དུ་ཐོབ་ནས་རབ་ཏུ་བྱུང་སྟེ་ཟག་པ་ཟད་དོ། །ལ་ལ་ནི། བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། ཕྱིར་མི་ལྡོག་པའི་ས་ལ་གནས་པར་གྱུར་ནས་ཇི་ལྟར་སྨོན་པ་བཞིན་དུ་ཡོངས་སུ་རྫོགས་པས། སོ་སོ་ནས་ཡང་དག་པར་གང་ཡིན་པ་ཤེས་ཤིང་རྟོགས་ཏེ། དཀོན་མཆོག་གསུམ་ལ་དད་ཅིང་མོས་ཀྱི། སྟོན་པ་དྲུག་མི་འདོད་དེ། དེ་ལ་བསྙེན་བཀུར་མི་བྱེད་པར་གྱུར་ཏོ། །

        དེ་ནས་སྟོན་པ་དྲུག་པོ་ཤིན་ཏུ་སེམས་འཁྲུགས་ནས་ཁྲོས་ཏེ་དབེན་པའི་ས་ཕྱོགས་སུ་དོང་ནས་རྟོག་པ་ལ་ཞུགས་སོ། །དེ་ནས་བདུད་སྡིག་ཏོ་ཅན་འདི་སྙམ་དུ་སེམས་པར་གྱུར་ཏེ། བདག་གིས་ཡུན་རིང་ཞིག་ན་དགེ་སློང་གོའུ་ཏ་མ་ལ་བགེགས་བྱས་ན་སྐབས་མ་རྙེད་ཀྱི། ད་ནི། བདག་གིས་ཅི་ནས་ཀྱང་བགེགས་བྱའོ་སྙམ་དུ་བསམ་ནས་བདུད་སྡིག་ཅན་གྱིས་རྫོགས་བྱེད་ལྟ་བུར་བདག་མངོན་པར་སྤྲུལ་ནས་ཕྱུགས་ལྷས་ཀྱི་བུ་མོ་སྐ་རི་དང༌། རྣམ་པར་སྨྲ་བའི་བུ་ཀུན་ནས་རྒྱལ་བ་དང༌། སྐྲའི་ལྭ་བ་ཅན་མི་ཕམ་པ་དང༌། ཀ་ཏྱཱ་ཡ་ན་ནོག་ཅན་དང༌། གཉེན་གྱི་བུ་གཅེར་བུ་པ་གང་ན་བ་དེར་སོང་སྟེ་ཕྱིན་པ་དང༌། དེ་དག་གི་མདུན་དུ་མེ་འབར་བ་དང༌། ཆུ་འབབ་པ་དང༌། གློག་འབྱུང་བར་ཆོ་འཕྲུལ་སྟོན་པ་ལ་ཞུགས་པ་དང༌། དེ་དག་གིས་རྫོགས་བྱེད་ཀྱི་ཡོན་ཏན་རྣམ་པ་མང་པོ་འདི་ལྟ་བུ་ཐོབ་བམ། སྨྲས་པ། ཐོབ་བོ། །དེ་རྣམས་ཀྱིས་སོ་སོ་ནས་འདི་སྙམ་དུ་བསམ་མོ། །བདག་གཅིག་བུ་མ་གཏོགས་པར་འདི་དག་ཐམས་ཅད་ནི། རྫུ་འཕྲུལ་ཆེ་བ་མཐུ་ཆེ་བར་སོ་སོར་སྟོན་ཏོ་སྙམ་བསམ་མོ། །དེ་ནས་དུས་ཕྱི་ཞིག་ན་རྫོགས་བྱེད་ལ་སོགས་པ་སྟོན་པ་དྲུག་འདུན་ཁང་དུ་འདུས་ཤིང་ལྷགས་ནས་གཏམ་འདི་ལྟ་བུ་དག་སྐབས་སུ་སྨྲ་སྟེ། བདག་ཅག་རྣམས་ལ་སྔོན་ནི། རྒྱལ་པོ་དང༌། བློན་པོ་དང༌། བྲམ་ཟེ་དང༌། ཁྱིམ་བདག་ཕྱུག་པོ་དང༌། ཚོང་དཔོན་དང༌། དེད་དཔོན་དག་གིས་རིམ་གྲོར་བྱས། བཀུར་སྟིར་བྱས། མཆོད་པར་བྱས་ཤིང་བདག་ཅག་གིས་གོས་དང༌། ཟས་དང༌། མལ་སྟན་དང༌། ནང་ཀྱི་རྐྱེན་རྩི་དང༌། ཡོ་བྱད་རྣམས་རྙེད་པར་གྱུར་ན། ད་ནི། དགེ་སྤྱོང་ཤཱཀྱའི་བུ་འདི་ལ་རིམ་གྲོ་དང༌། བཀུར་སྟི་བྱེད་དེ། གོས་དང༌། ཟས་དང་མལ་སྟན་དང༌། ནད་ཀྱི་རྐྱེན་རྩེ་དང༌། ཡོ་བྱད་རྣམས་ཀྱང་རྙེད་པར་མ་གྱུར་གྱི། ད་ནི། བདག་ཅག་རྣམས་ཀྱིས་དགེ་སྦྱོང་གོའུ་ཏ་མ་མིའི་བླ་མའི་ཆོས་ཀྱི་ཆོ་འཕྲུལ་ལ་འཇུག་གོ །དེ་སྟེ་དགེ་སྦྱོང་གོའུ་ཏ་མས་མིའི་བླ་མའི་ཆོས་ཀྱི་ཆོ་འཕྲུལ་གཅིག་སྟོན་པ་ལ་ཞུགས་ན། བདག་ཅག་གིས་གཉིས་བསྟན་ནོ། །དགེ་སྦྱོང་གོའུ་ཏ་མས་གཉིས་ན། བདག་ཅག་གིས་བཞིའོ། །དགེ་སྦྱོང་གོའུ་ཏ་མས་བཞི་ན། བདག་ཅག་གིས་བརྒྱད་དོ། །དགེ་སྦྱོང་གོའུ་ཏ་མས་བརྒྱད་ན། བདག་ཅག་གིས་བཅུ་དྲུག་གོ །དགེ་སྦྱོང་གོའུ་ཏ་མས་བཅུ་དྲུག་ན། བདག་ཅག་གིས་སུམ་ཅུ་རྩ་གཉིས་སུའོ། །དགེ་སྦྱོང་གོའུ་ཏ་མས་ཇི་སྙེད་དུ་མིའི་བླ་མའི་ཆོས་ཀྱི་ཆོ་འཕྲུལ་བསྟན་པ་ལ་བདག་ཅག་གིས་ཉིས་འགྱུར་སུམ་འགྱུར་ལྟ་བུར་མིའི་བླ་མའི་ཆོས་ཀྱི་ཆོ་འཕྲུལ་བསྟན་པར་བྱའོ། །

        དེ་ནས་རྫོགས་བྱེད་ལ་སོགས་པ་སྟོན་པ་དྲུག་རྒྱལ་པོ་གཟུགས་ཅན་སྙིང་པོ་ག་ལ་བ་དེར་སོང་སྟེ་དྲུང་དུ་ཕྱིན་པ་དང༌། རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་རྒྱལ་བ་དང༌། ཚེ་རིང་བར་ཤོག་ཅིག་ཅེས་བརྗོད་ནས་འདི་སྐད་ཅེས་སྨྲས་སོ། །ལྷ། བདག་ཅག་རྣམས་ནི། ཆོ་འཕྲུལ་དང་ལྡན་ཞིང་ཤེས་པར་སྨྲ་བ་ལགས་ན། དགེ་སྦྱོང་གོའུ་ཏ་མ་ཡང་བདག་ཉིད་ཆོ་འཕྲུལ་དང་ལྡན་པར་ཤེས་པར་སྨྲའོ། །ཞེས་མཆི་ན། ཤེས་པར་སྨྲ་བ་ནི། ཤེས་པར་སྨྲ་བ་དང་ལྷན་ཅིག་མིའི་བླ་མའི་ཆོས་ཀྱི་ཆོ་འཕྲུལ་འགྲན་དུ་གཞུག་པའི་རིགས་ཀྱི། བདག་ཅག་སྤྲོད་ཅིག་ཅེས་སྨྲས་པ་དང༌། རྒྱལ་པོ་གཟུགས་ཅན་སྙིང་པོས་བགད་དེ་འདི་སྐད་ཅེས་སྨྲས་སོ། །ཁྱེད་རྣམས་རེ་གླེན། སངས་རྒྱས་ནི། ཡོན་ཏན་ཆེ་བ། རྫུ་འཕྲུལ་ཆེ་བ། ཆོ་འཕྲུལ་ཐོགས་པ་མེད་པ་ཡིན་ན། ཁྱེད་འདྲ་བ་ནི། སྲིན་བུ་མེ་ཁྱེར་ཉི་མ་ལ་འགྲན་པའམ། བ་རྨིག་གི་ཆུ་རྒྱ་མཚོ་དང་བསྒྲུན་པའམ། ཝ་སྔར་མ་སེངྒེ་དང་འགྲན་པའམ། བྱི་བྲུན་རི་རབ་ལྷུན་པོ་ལ་འཕང་མཐོ་བ་འགྲན་པ་དང་འདྲ་སྟེ། ཆེ་ཆུང་ཁྱད་ཞུགས་པར་མངོན་པས་ངན་པར་ལྟ་བ་ཁྱེད་ཧ་ཅང་ཡང་གླེན་ཆེས་སོ། །སྟོན་པ་དྲུག་གིས་ཡང་སྨྲས་པ། སྔོན་རྟགས་ཕྱིས་འབྱུང་བ་རྒྱལ་པོས་མ་གཟིགས་ཏེ། བདག་ཅག་གིས་ཆོ་འཕྲུལ་ཆེན་པོ་འགྲན་ན་མངོན་ཏེ། བསྒྲུན་པའི་འོག་ཏུ་གང་རྒྱལ་བ་མངོན་ནོ། །རྒྱལ་པོས་སྨྲས་པ། འགྲན་འདོད་ན་ལྟ་འགྲན་ལ་རག་སྟེ། ཁྱེད་སྐྱེངས་ཀྱིས་དོགས་སོ། །ཁྱེད་ཆོ་འཕྲུལ་འགྲན་པར་གྱུར་ན། དེད་ཀྱིས་ཀྱང་ཁྱེད་ཀྱི་ཆོ་འཕྲུལ་མཐོང་བར་གྱིས་ཤིག །སྟོན་པ་དྲུག་གིས་སྨྲས་པ། ད་སྟེ་ཞག་བདུན་ན་ཆོས་འཕྲུལ་འགྲན་གྱི། གར་འགྲན་པའི་ས་ཕྱོགས་བྱི་དོར་མཛོད་ཅིག་ཅེས་སྨྲས་སོ། །སྟོན་པ་དྲུག་གིས་དེ་སྐད་ཅེས་སྨྲས་ནས་ཕྱིར་དོང་བའི་འོག་ཏུ་རྒྱལ་པོ་གཟུགས་ཅན་སྙིང་པོ་སངས་རྒྱས་གང་ན་བ་དེར་སོང་ནས་ཕྱིན་པ་དང་འདི་སྐད་ཅེས་གསོལ་ཏོ། །སྟོན་པ་དྲུག་གིས་ནི། བཅོམ་ལྡན་འདས་ལ་ཆོ་འཕྲུལ་འགྲན་ནོ། །ཞེས་མཆི་སྟེ། བདག་གིས་བཀག་ན་ཡང་མ་བཏུབ་ཀྱི། བཅོམ་ལྡན་འདས་ཀྱིས་ཆོ་འཕྲུལ་གྱི་མཐུ་བསྟན་ཏེ་ངན་པར་ལྟ་བ་ལས་བཟློག་ནས་དགེ་བ་ལ་དགོད་དུ་གསོལ། ཆོ་འཕྲུལ་བསྟོན་པ་ཡང་བདག་ཅག་གིས་མཐོང་བར་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ང་བདག་དུས་མཁྱེན་གྱི། གང་དུ།འགྲན་པའི་གནས་ཡངས་པ་ཞིག་ཏུ་བྱི་དོར་གྱིས་ཤིག་ཅེས་བཀའ་སྩལ་ནས་རྒྱལ་པོ་གཟུགས་ཅན་སྙིང་པོས་བློན་པོ་ལ་བཀའ་སྩལ་ཏེ་གནས་ཡངས་པ་བདེ་བ་ཞིག་ཏུ་ཕྱག་དར་བྱས་ནས་སེངྒེའི་ཁྲི་བཤམས། རྒྱལ་མཚན་དང་བ་དང་བཙུགས་ཏེ་ཤིན་ཏུ་མཛེས་པར་བརྒྱན་ཏོ། །

        དེ་ལྟར་ཆོ་འཕྲུལ་འགྲན་པར་བྱས་པའི་དུས་སུ་དེའི་ཉིན་པར་ཐམས་ཅད་མཐོང་དུ་རེའོ། །དེའི་ཚེ་ན་དེ་བཞིན་གཤེགས་པ་དགེ་འདུན་དང་བཅས་པ་རྒྱལ་པོའི་ཁབ་ནས་གཤེགས་ཏེ། ཡངས་པ་ཅན་དུ་བཞུད་དོ། །ཡངས་པ་ཅན་ན་ལི་ཙ་བཱི་དང༌། མི་མང་པོས་དེ་བཞིན་གཤེགས་པ་བསུའོ། །རྒྱལ་པོའི་ཁབ་ཀྱི་མི་རྣམས་ཀྱིས་བཅོམ་ལྡན་འདས་ཡངས་པ་ཅན་དུ་གཤེགས་པ་ཡང་གདོད་ཤེས་ཤིང་རྟོགས་ནས་སྟོན་པ་དྲུག་ཀྱང་འདི་སྐད་དུ། དགེ་སྦྱོང་གོའུ་ཏ་མའི་ཆོ་འཕྲུལ་གྱིས་བདག་ཅག་ལ་ནི། མི་ཐུབ་བོ། །ཞེས་བྱས་ན། ཁྱོད་ཡིད་མི་ཆེས་ཏེ། ཆོ་འཕྲུལ་འགྲན་པའི་དུས་བྱས་པ་ལས་བྱོལ་ནས་ཡངས་པ་ཅན་དུ་བྲོས་སོ། །ཞེས་བསྒྲགས་ཏེ། སྟོན་པ་དྲུག་ང་རྒྱལ་ལྷག་པར་སྐྱེས་ནས་སོ་སོ་ནས་སྤྲོ་བ་བསྐྱེད་དེ་དེ་སྙེགས་སུ་དོང་ངོ༌། །

        དེའི་ཚེ་ན་རྒྱལ་པོ་གཟུགས་ཅན་སྙིང་པོ་ཡང་ཐེག་པ་ལྔ་བརྒྱ་བཤམས་ཏེ་རྒྱལ་པོ་དང་རྒྱལ་པོའི་འཁོར་ཁྲི་ཕྲག་བཅུ་བཞི་སྙེད་ཀྱང་འཚོ་བའི་རྒྱགས་ཀྱང་ཁྱེར་ནས་བཅོམ་ལྡན་འདས་ཀྱི་རྗེས་སུ་ཡུལ་ཡངས་པ་ཅན་དུ་དོང་ངོ༌། །སྟོན་པ་དྲུག་ཀྱང་ཡུལ་ཡངས་པ་ཅན་དུ་ཕྱིན་ནས་ལི་ཙ་བཱི་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །བདག་ཅག་དགེ་སྦྱོང་གོའུ་ཏ་མ་དང་ཆོ་འཕྲུལ་འགྲན་པར་གནང་ན། ད་སྟེ་ཞག་བདུན་ན་ཆོ་འཕྲུལ་འགྲན་པར་བགྱིའོ། །དེ་ནས་ལི་ཙ་བཱི་རྣམས་བཅོམ་ལྡན་འདས་གང་ན་བ་དེར་དོང་སྟེ་འདི་སྐད་ཅེས་གསོལ་ཏོ། །གླེན་པ་ཆེན་པོ་སྟོན་པ་དྲུག་ནི། ཡོན་ཏན་དང་ལྡན་སྙམ་སྟེ་དེ་བཞིན་གཤེགས་པ་དང་ཆོ་འཕྲུལ་འགྲན་ནོ། །ཞེས་མཆི་ན། བཅོམ་ལྡན་འདས་ཀྱིས་ཚར་གཅད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ང་ཉིད་དུས་མཁྱེན་ཏོ། །དེ་ནས་ལི་ཙ་བཱི་རྣམས་ཡུལ་མི་རྣམས་ངང་ཡོ་བྱད་རྒྱལ་པོ་གཟུགས་ཅན་སྙིང་པོ་བཞིན་དུ་སྦྱར་ཏེ། སང་ལྟ་བུར་འགྲན་པ་ལས་དེ་རིང་ལྟ་བུར་བཅོམ་ལྡན་འདས་དགེ་འདུན་དང་བཅས་ཏེ་ཡུལ་ཀོའུ་ཤམྦྷིར་གཤེགས་སོ། །

        ཀོའུ་ཤམྦྷིའི་རྒྱལ་པོ་ཨུ་ཏྲ་ཡ་ན་ཞེས་བྱ་བས་ཀྱང་བློན་པོ་དང་བཅས་ཏེ་དེ་བཞིན་གཤེགས་པ་བསུའོ། །ཡངས་པ་ཅན་གྱི་མི་རྣམས་སང་ལྟ་བུར་དེ་བཞིན་གཤེགས་པ་ཕྱག་འཚལ་དུ་འདོང་བ་ལས་ཀོའུ་ཤམྦྷིར་གཤེགས་སོ། །ཞེས་ཐོས་པ་དང༌། སྟོན་པ་དྲུག་པོས་ཀྱང་བཅོམ་ལྡན་འདས་གཤེགས་སོ། །ཞེས་ཐོས་ནས་སྔར་བས་ཀྱང་ལྷག་པར་ང་རྒྱལ་སྐྱེས་ཏེ། ཡང་བཅོམ་ལྡན་འདས་གར་གཤེགས་པར་དོང་ངོ༌། །དེའི་ཚེ་ལི་ཙ་བཱི་རྣམས་ཀྱང་ཐེག་པ་ལྔ་བརྒྱ་བཤམས་ནས་འཁོར་ཁྲི་ཕྲག་བདུན་དང༌། གཟུགས་ཅན་སྙིང་པོའི་འཁོར་དང་བཅས་ཏེ་ཀོའུ་ཤམྦྷིར་སངས་རྒྱས་དང༌། སྟོན་པ་དྲུག་ཆོ་འཕྲུལ་འགྲན་པ་ལ་བལྟར་དོང་ངོ༌། །སྟོན་པ་དྲུག་པོ་ཀོའུ་ཤམྦྷིར་ཕྱིན་ནས་རྒྱལ་པོ་ཨུ་ཏྲ་ཡ་ན་ལ་གཏམ་སྔ་མ་བྱས་ཏེ་དགེ་སྦྱོང་གོའུ་ཏ་མ་འདྲི་སྡོད་དུ་མ་བཏུབ་ནས་བདག་ཅག་ལ་བྱོལ་གྱི། རྒྱལ་པོས་བདག་ཅག་དང་ཆོ་འཕྲུལ་འགྲན་པའི་དུས་ཐོབ་ཅིག་ཅེས་གསོལ་པ་དང༌། ཨུ་ཏྲ་ཡ་ནས་སངས་རྒྱས་ལ་འདི་སྐད་ཅེས་གསོལ་ཏོ། །སྟོན་པ་དྲུག་ནི། བཅོམ་ལྡན་འདས་དང་ཆོ་འཕྲུལ་འགྲན་ནོ། །ཞེས་མཆི་ན། མཁྱེན་ཏམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ང་ཉིད་དུས་མཁྱེན་ཏོ། །དེ་ནས་ཨུ་ཏྲ་ཡ་ནས་ཀྱང་རྒྱལ་པོ་གཟུགས་ཅན་སྙིང་པོ་བཞིན་དུ་སྦྱར་ཏེ་བཤམས་པ་དང༌། བཅོམ་ལྡན་འདས་ཡང་དགེ་སློང་གི་དགེ་འདུན་དང་བཅས་ཏེ་ཡུལ་ཝ་ར་གྱིར་གཤེགས་སོ། །ཝ་ར་གྱིའི་རྒྱལ་པོ་ཤུན་ཙི་ད་ལས་ཀྱང་མི་མང་པོ་དང་དེ་བཞིན་གཤེགས་པ་བསུའོ། །ཀོའུ་ཤམྦྷིའི་མི་རྣམས་ཀྱིས་ཀྱང་དེ་བཞིན་གཤེགས་པ་ཡུལ་ཝ་ར་གྱིར་གཤེགས་པ་གཟོད་ཐོས་ཏེ། སྟོན་པ་དྲུག་ཀྱང་ཕྱི་བཞིན་སོང་ངོ༌། །དེའི་ཚེ་རྒྱལ་པོ་ཨུ་ཏྲ་ཡ་ན་འཁོར་སྟོང་ཕྲག་བརྒྱང་ཁྲི་དང༌། རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་སོགས་པ་ཐམས་ཅད་འགྲོགས་ཏེ་ཡུལ་ཝར་གྱིར་གཤེགས་སོ། །དེ་བས་སྟོན་པ་དྲུག་པོས་རྒྱལ་པོ་ཤུན་ཙི་ད་ལ་ལ་བདག་ཅག་དགེ་སྦྱོང་གོའུ་ཏ་མ་ལ་ཆོ་འཕྲུལ་འགྲན་པར་གྱིས་ཤིག་ཅེས་གསོལ་བ་དང༌། རྒྱལ་པོ་དེས་ཀྱང་དེ་བཞིན་དུ་གསོལ་ནས་བཅོམ་ལྡན་འདས་ཀྱིས་ང་ཉིད་དུས་མཁྱེན་ཏོ། །ཞེས་བཀའ་སྩལ་ཏོ། །རྒྱལ་པོ་དེས་ཀྱང་ཡོ་བྱད་སྦྱར་ཏེ་བཤམས་པ་དང༌། བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་ཏེ་ཡུལ་ཏི་ཀི་ཙ་ཤི་རིར་གཤེགས་ནས་ཡུལ་ཏི་ཀི་ཙ་ཤི་རིའི་རྒྱལ་པོ་ཨིནྡྲ་བ་མི་ཞེས་བྱ་བས་འཁོར་མང་པོ་དད་དེ་བཞིན་གཤེགས་པ་བསུའོ། །

        དེའི་ཚེ་རྒྱལ་པོ་ཤུན་ཙི་ད་ལ་འཁོར་ཁྲི་ཕྲག་ལྔ་དང༌། རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་སོགས་པ་ཐམས་ཅད་དང་འགྲོགས་ཏེ་ཡུལ་ཏི་ཀི་ཙ་ཤི་རིར་དོང་ངོ༌། །སྟོན་པ་དྲུག་པོ་ཡང་ཡུལ་དེར་ཕྱིན་ནས་རྒྱལ་པོ་ཨིནྡྲ་བ་མི་ལ་སྐད་ཆེན་པོར་དགེ་སྦྱོང་གོའུ་ཏ་མ་དང་བདག་ཅག་ཆོ་འཕྲུལ་འགྲན་པར་གྱིས་ཤིག་ཅེས་ཟློག་མ་ཐུབ་བོ། །དེའི་ཚེ་ཨིནྡྲ་བ་མིས་བཅོམ་ལྡན་འདས་གང་ན་བ་དེར་སོང་ནས་དེ་བཞིན་དུ་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་ང་ཉིད་དུས་མཁྱེན་ནོ། །ཞེས་བཀའ་སྩལ་ཏོ། །དེ་ནས་རྒྱལ་པོ་དེས་ཡོ་བྱད་བཤམས་ཏེ་དུས་ལ་བབ་པ་དང༌། བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་ཏེ་ཡུལ་ཝཱ་ར་ཎཱ་སིར་གཤེགས་སོ། །ཡུལ་དེའི་རྒྱལ་པོ་ཚངས་སྦྱིན་ཞེས་བྱ་བས་ཀྱང་འཁོར་མང་པོ་དང་བཅས་ཏེ་དེ་བཞིན་གཤེགས་པ་བསུའོ། །ཏི་ཀི་ཙ་ཤི་རིའི་མི་དག་དེ་བཞིན་གཤེགས་པ་བཞུད་པར་གདོད་ཤེས་ནས་སྟོན་པ་དྲུག་ཀྱང་དེའི་རྗེས་སུ་དོང་ངོ༌། །རྒྱལ་པོ་ཨིནྡྲ་བ་མིས་ཀྱང་འཁོར་ཁྲི་ཕྲག་དྲུག་དང་བཅས་ཏེ། རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་སོགས་པ་རྒྱལ་པོ་ཐམས་ཅད་དང་འགྲོགས་ཏེ་གནས་དེར་སོང་ངོ༌།སྟོན་པ་དྲུག་ཀྱང་དེར་ཕྱིན་ཏེ་དེ་བཞིན་དུ་རྒྱལ་པོ་དེ་ལ་གསོལ་ནས་རྒྱལ་པོ་དེས་ཀྱང་དེ་བཞིན་དུ་གསོལ་པ་དང༌། ང་ཉིད་དུས་མཁྱེན་ཏོ། །ཞེས་བཀའ་སྩལ་ཏོ། །

        དེ་ནས་རྒྱལ་པོ་དེས་ཀྱང་ཡོ་བྱད་སྦྱར་ཏེ་བཤམས་པ་ལས། བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་ཏེ་ཡུལ་སེར་སྐྱར་གཤེགས་སོ། །ཡུལ་སེར་སྐྱའི་ཤཱ་ཀྱའི་རིགས་རྣམས་གཅིག་གིས་གཅིག་སྦྲན་ནས་ཐམས་ཅད་འདུས་ཏེ་དེ་བཞིན་གཤེགས་པ་བསུའོ། །ཡུལ་ཝཱ་ར་ཎཱ་སིའི་མི་རྣམས་ཀྱིས་ཀྱང་དེ་བཞིན་གཤེགས་པ་བཞུད་པར་གཟོད་རྟོགས་ནས་སྟོན་པ་དྲུག་པོ་ཡང་དེའི་རྗེས་སུ་དོང་ངོ༌། །རྒྱལ་པོ་ཚངས་སྦྱིན་འཁོར་ཁྲི་ཕྲག་བརྒྱད་ཅུ་དང༌། གཟུགས་ཅན་སྙིང་པོ་ལ་སོགས་ཏེ།རྒྱལ་པོ་དྲུག་ཅར་ཡང་འཁོར་དང་བཅས་ཏེ་བཅོམ་ལྡན་འདས་གང་དུ་གཤེགས་པའི་རྗེས་སུ་དོང་ངོ༌། །སྟོན་པ་དྲུག་ཀྱང་དེར་ཕྱིན་པ་དང༌། ཤཱ་ཀྱའི་རིགས་རྣམས་ལ་དགེ་སྦྱོང་གོའུ་ཏ་མ་དང་ཆོ་འཕྲུལ་འགྲན་པར་བྱས་པ་ལས། ངེད་ཀྱི་མཐུ་ཆེ་བས་བྱོལ་ལོ། །ཞེས་ཡེངས་མ་གཏམ་བྱས་སོ། །དེ་ནས་ཤཱཀྱའི་རིགས་རྣམས་ཀྱིས་དེ་བཞིན་དུ་བཅོམ་ལྡན་འདས་ལ་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་ང་ཉིད་དུས་མཁྱེན་ཏོ། །ཞེས་བཀའ་སྩལ་ཏོ། །དེ་ནས་ཤཱཀྱའི་རིགས་རྣམས་ཀྱིས་ཀྱང་ཡོ་བྱད་སྦྱར་ཅིང་བཤམས་པ་དང༌། བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པ་མཉན་དུ་ཡོད་པར་གཤེགས་སོ། །

        དེའི་ཚེ་མཉན་དུ་ཡོད་པའི་རྒྱལ་པོ་གསལ་རྒྱལ་འཁོར་དང་བཅས་ཏེ་དེ་བཞིན་གཤེགས་པ་བསུའོ། །ཤཱ་ཀྱའི་རིགས་རྣམས་ཀྱང་དེ་བཞིན་གཤེགས་པ་བཞུད་པར་གཟོད་རྟོགས་ཏེ། སྟོན་པ་དྲུག་པོས་ཀྱང་རྗེས་སུ་སྙེགས་སོ། །ཤཱཀྱའི་རིགས་རྣམས་ཀྱང་འཁོར་ཁྲི་ཕྲག་དགུ་དང༌། རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་སོགས་ཏེ། རྒྱལ་པོ་རྣམས་དང༌། འཁོར་རྣམས་ཀྱིས་མཉན་དུ་ཡོད་པའི་ལྗོངས་ཡོངས་སུ་གང་ངོ༌། །སྟོན་པ་དྲུག་པོ་ཡང་དེར་ཕྱིན་ནས་རྒྱལ་པོ་གསལ་རྒྱལ་ལ་འདི་སྐད་དུ། དགེ་སྦྱོང་གོའུ་ཏ་མ་དང༌། བདག་ཅག་ཆོ་འཕྲུལ་འགྲན་པར་དུས་བྱས་པ་ལས། དུས་ལ་བབ་པ་དང་བྱོལ་ཞིང་བྲོས་ཏེ། ད་ནི། འཁོར་མང་པོ་ཡང་རྒྱལ་པོའི་ཡུལ་དུ་ཚོགས་ཀྱི། རྒྱལ་པོ་ཆེན་པོས་བདག་ཅག་འགྲན་དུ་ཆུག་ཅིག་ཅེས་གསོལ་པ་དང༌། རྒྱལ་པོ་གསལ་རྒྱལ་གྱིས་བགང་དེ་འདི་སྐད་དུ་།བཅོམ་ལྡན་འདས་ཀྱི་ཡོན་ཏན་ངོ་མཚར་ཆེ་བ་ནི། བསམ་གྱིས་མི་ཁྱབ་ན། ཅིའི་ཕྱིར་ཁྱོད་ལྟ་བུ་མ་རབས་ཅི་ཡང་མི་ཤེས་པ། ཆོས་ཀྱི་རྒྱལ་པོ་ཆེན་པོ་དང་ཆོ་འཕྲུལ་འགྲན་པར་བྱེད་ཅེས་བསྒོའོ། །འོན་ཀྱང་སྟོན་པ་དྲུག་པོ་དག་དྲོད་མི་ཐུབ་སྟེ་ང་རྒྱལ་སྙེམས་པས་རྒྱལ་པོ་གསལ་རྒྱལ་བཅོམ་ལྡན་འདས་གང་ན་བ་དེར་སོང་ནས་འདི་སྐད་ཅེས་གསོལ་ཏོ། །སྟོན་པ་དྲུག་པོ་དག་ཆོ་འཕྲུལ་འགྲན་པར་ཡང་དང་ཡང་དུ་བསྐུལ་གྱི། བཅོམ་ལྡན་འདས་ཀྱིས་ཚར་བཅད་དེ་ཆོ་འཕྲུལ་གྱི་བྱེ་བྲག་དབྱེ་བར་གསོལ། བཅོམ་ལྡན་འདས་ཀྱིས་ང་ཉིད་དུས་མཁྱེན་ཏོ། །ཞེས་བཀའ་སྩལ་པ་དང༌། རྒྱལ་པོ་གསལ་རྒྱལ་གྱིས་བློན་པོ་རྣམས་ལ་བཀའ་སྩལ་ཏེ་ཆོ་འཕྲུལ་འགྲན་པའི་གནས་བསྙམས་ཤིང་ཕྱག་དར་བྱས། མེ་ཏོག་དང་སྤོས་མང་དུ་བཤམས་ཏེ་སེངྒེའི་ཁྲི་བཙུགས་ནས་བ་དན་དང༌། རྒྱལ་མཚན་ལ་སོགས་པས་བརྒྱན་ཏེ་འཁོར་མང་པོ་བསྡུས་སོ། །

        དེའི་ཚེ་དཔྱིད་ཟླ་ར་བ་ཚེས་གཅིག་གི་ཉིན་པར་བཅོམ་ལྡན་འདས་ཆོ་འཕྲུལ་འགྲན་པའི་གནས་སུ་གཤེགས་པ་དང༌། རྒྱལ་པོ་གསལ་རྒྱལ་གྱིས་མཆོད་པའི་ཡོ་བྱད་དང་ཞལ་ཟས་བཤམས་ཏེ་བཅོམ་ལྡན་འདས་ལ་ཕྱག་དར་ཏེ་ཕུལ་ལོ། །བཅོམ་ལྡན་འདས་ཀྱིས་ཚེམས་ཤིང་གསོལ་ནས་ཚེམས་ཤིང་ས་ལ་བཙུགས་སོ། །ས་ལ་བཙུགས་མ་ཐག་ཏུ་སྐྱེས་ནས་ཡལ་ག་དང་ལོ་མ་རྒྱས་པ། མཐོ་ཁྱད་དཔག་ཚད་ལྔ་བརྒྱ་པར་གྱུར་ཏེ་ཡལ་ག་དང་ལོ་མ་ཁོ་ར་ཁོར་ཡུག་ཏུ་དཔག་ཚད་ལྔ་བརྒྱ་ཁེབས་སོ། །དེ་མ་ཐག་ཏུ་མེ་ཏོག་ཤིང་རྟའི་འཕང་ལོ་ཙམ་སྐྱེས་ནས་འབྲས་བུ་བྲེ་ལྔ་ཤོང་བའི་བུམ་པ་ཙམ་དུ་གྱུར་ཏེ་རྩ་བ་དང༌། ཡལ་ག་དང༌། འདབ་མ་ལ་སོགས་པ་ཐམས་ཅད་རིན་པོ་ཆེ་སྣ་བདུན་དུ་གྱུར་ནས་ཁ་དོག་རྣམ་པ་སྣ་ཚོགས་སུ་འཚེར་ཞིང་འབར་ཏེ། ཉི་ཟླའི་འོད་ཀྱང་ཟིལ་ཀྱིས་གནོན་ཏོ། །གང་གིས་འབྲས་བུ་དེ་ཟོས་ན་བདུད་རྩིའི་རོ་བས་ཀྱང་ལྷག་སྟེ། དྲི་བསུང་གིས་ཀུན་ཏུ་ངད་པས་དྲིས་ཕོག་པ་ཐམས་ཅད་ཀྱང་བདེ་ཞིང་ཚིམ་པར་གྱུར་ཏོ། །རླུང་བསུང་ཅན་གྱིས་ཡལ་ག་དང་ལོ་མ་ལ་རེག་ན། ཤིན་ཏུ་ཡིད་དུ་འོང་བའི་ཆོས་ཀྱི་སྒྲ་བྱུང་ངོ༌། །མི་ཐམས་ཅད་ཀྱིས་ཤིང་དེ་ལ་ཤིན་ཏུ་དད་པའི་སེམས་སྐྱེས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པས་ཐམས་ཅད་ཀྱི་ཡིད་དང་མཐུན་ཏེ་འབྲས་བུ་ཐོབ་པ་དང༌། ལྷར་སྐྱེས་པ་ཡང་རབ་ཏུ་མང་ངོ༌། །

        དེའི་ཕྱི་ཉིན་རྒྱལ་པོ་ཨུ་ཏྲ་ཡ་ནས་སྤྱན་དྲངས་ནས་མཆོད་པ་སྦྱར་རོ། །དེའི་ཚེ་དེ་བཞིན་གཤེགས་པས་སྐུའི་གཡས་གཡོན་དུ་རིན་པོ་ཆེའི་རི་གཉིས་ཤིག་སྤྲུལ་ཏེ། ཤིན་ཏུ་མཐོ་བ། མཛེས་པ། རིན་པོ་ཆེ་རྣམ་པ་སྣ་ཚོགས་ཀྱི་ཁ་དོག་ལྟར་འཚེར་བ། ཤིང་རྣམ་པ་སྣ་ཚོགས་རི་དེ་ལ་སྐྱེས་པ། མེ་ཏོག་དང་འབྲས་བུ་རབ་ཏུ་རྒྱས་པ། སྒྲ་སྐད་ཤིན་ཏུ་སྙན་པ་འབྱུང་བ། རི་གཅིག་གི་རྩེ་མོ་ལ་འབྲས་བུ་རོ་བརྒྱ་དང་ལྡན་པ་འཇམ་ཞིང་མང་རབ་བྱུང་སྟེ། མི་མང་པོ་དག་ཡིད་བཞིན་དུ་དེ་ལ་ཚིམ་པར་ཟའོ། །རི་གཅིག་གི་རྩེ་མོ་ལ་རྩྭ་ཤིན་ཏུ་འཇམ་པ་དང་མངར་བ་སྐྱེས་ཏེ། དུད་འགྲོའི་སྐྱེ་གནས་རྣམས་དེ་ལ་ཡིད་བཞིན་དུ་ཟ་ཞིང་ཚིམ་པ་སྤྲུལ་ཏེ། བཅོམ་ལྡན་འདས་ཀྱིས་དེ་དག་ལ་ཅི་རིགས་སུ་ཆོས་བསྟན་པས་སེམས་རྣམ་པར་གྲོལ་ཏེ་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༌། མཐོ་རིས་ཀྱི་ལྷར་སྐྱེས་པའི་གྲངས་ཀྱང་རབ་ཏུ་མང་ངོ༌། །དེའི་ཕྱི་ཉིན་རྒྱལ་པོ་ཤུན་ཙི་ད་ལས་སྤྱན་དྲངས་ཏེ་མཆོད་པ་སྦྱར་རོ། །བཅོམ་ལྡན་འདས་ཀྱིས་ཞལ་བསིལ་ནས་ཞལ་བསིལ་བའི་ཆུ་སླར་ས་ལ་དོར་བ་རིན་པོ་ཆེའི་རྫིང་དུ་གྱུར་ནས་ཁོ་ར་ཁོར་ཡུག་དཔག་ཚད་ཉིས་བརྒྱ་ཡོད་པ། རིན་པོ་ཆེ་སྣ་བདུན་གྱིས་རྣམ་པར་སྤྲས་པ། ཁ་དོག་རྣམ་པ་སྣ་ཚོགས་སུ་འཚེར་བ། རྫིང་བུ་དེའི་ཆུ་ཡོན་ཏན་བརྒྱད་དང་ལྡན་པ། རྫིང་གི་ཞབས་ཀྱང་རིན་པོ་ཆེ་སྣ་བདུན་གྱི་བྱེ་མས་བདལ་བ། པདྨ་ཆེ་ཁྱད་ཤིང་རྟའི་འཁོར་ལོ་ཙམ་རྣམ་པ་སྣ་ཚོགས་ཀྱིས་གང་བ་འདི་ལྟ་སྟེ། པདྨ་སྔོན་པོ་དང་། སེར་པོ་དང༌། དམར་པོ་དང༌། དཀར་པོ་དང༌། ལེ་བརྒན་དང༌། མྲྒད་ལ་སོགས་པའོ། །པདྨ་དེའི་དྲི་ཡང་ཀུན་ཏུ་ངད་ཅིང་བྲོ་ལ། པདྨའི་ཁ་དོག་ཇི་ལྟ་བ་བཞིན་དུ་འོད་ཟེར་འཚེར་ཏེ་དེའི་འོད་ཟེར་གྱིས་གནམ་ས་ཀུན་སྣང་བར་བྱས་ཏེ། འཁོར་མང་པོ་ཐམས་ཅད་ཀྱང་རིན་པོ་ཆེའི་རྫིང་དེ་ལ་ལྟ་ཞིང་རབ་ཏུ་དགའ་ནས་བསྟོད་དོ། །

        དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་མང་པོའི་ཡོ་བྱད་སྦྱར་ནས་ཆོས་རྣམ་པ་སྣ་ཚོགས་བསྟན་ཏེ་གོ་ཞིང་རྟོགས་པར་མཛད་ནས་ལ་ལ་ནི། བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ལ་ལ་ནི། འབྲས་བུ་ཐོབ་ནས་མཐོ་རིས་ཀྱི་ལྷར་སྐྱེས་པ་དང༌། བསོད་ནམས་ཀྱི་ལས་བསྐྱེད་པ་ཡང་དཔག་ཏུ་མེད་དོ། །དེའི་ཕྱི་ཉིན་རྒྱལ་པོ་ཨིནྡྲ་བ་མིས་མཆོད་པའི་ཡོ་བྱད་བཤམས་ཏེ་སངས་རྒྱས་སྤྱན་དྲངས་སོ། །བཅོམ་ལྡན་འདས་ཀྱིས་དེའི་ཉིན་པར་རིན་པོ་ཆེའི་རྫིང་བུ་དེའི་ངོས་བཞིན་ཡུར་བ་ཆེན་པོ་བརྒྱད་བརྒྱད་ཡོད་པ་ལ་ཕྱིར་ཡང་འཁོར་ཞིང་རྫིང་དེ་ཉིད་དུ་འབབ་པ་དང༌། ཆུ་འབབ་པའི་སྒྲ་ལས་དབང་པོ་ལྔ་དང༌། སྟོབས་ལྔ་དང༌། བྱང་ཆུབ་ཀྱི་ཡན་ལག་བདུན་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་དང༌། རྣམ་པར་ཐར་པ་གསུམ་དང༌། མངོན་པར་ཤེས་པ་དྲུག་དང༌། ཕ་རོལ་ཏུ་ཕྱིན་པ་དྲུག་དང༌། སྙིང་རྗེ་ཆེན་པོ་དང༌། བྱམས་པ་ཆེན་པོ་དང༌།ཚད་མེད་པ་བཞི་ལ་སོགས་ཏེ་ཆོས་རྣམ་པ་སྣ་ཚོགས་ཀྱི་སྒྲ་འབྱུང་ཞིང་ཆོས་ཀྱི་སྒྲ་དེ་ལས་ཆུད་ཅིང་རྟོགས་ནས་སངས་རྒྱས་སུ་འགྱུར་བའི་འབྲས་བུ་དང༌། མཐོ་རིས་ཀྱི་ལྷར་སྐྱེ་བ་དང༌། བསོད་ནམས་ཀྱི་ལས་བསྐྱེད་པ་ཡང་རབ་ཏུ་མང་ངོ༌། །

        དེའི་ཕྱི་ཉིན་རྒྱལ་པོ་ཚངས་སྦྱིན་གྱིས་སྦྱན་དྲངས་ཏེ་མཆོད་པའི་ཡོ་བྱད་བཤམས་སོ། །དེའི་ཉིན་པར་བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་གསེར་གྱི་མདོག་ལྟ་བུའི་འོད་ཟེར་བཀྱེ་ནས་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀུན་ཏུ་སྣང་བར་བྱས་ཏེ། འོད་དེས་རེག་པའི་སེམས་ཅན་ཐམས་ཅད་གདུག་པ་གསུམ་དང༌། སྒྲིབ་པ་ལྔ་དང་བྲལ་ཏེ་ལུས་དང་སེམས་རབ་ཏུ་བདེ་བ་ནི། ཇི་ལྟར་དགེ་སློང་དག་བསམ་གཏན་གསུམ་པ་ཐོབ་པ་དང་འདྲའོ། །འཁོར་མང་པོ་རྣམས་སངས་རྒྱས་ཀྱི་ཡོན་ཏན་ལ་མོས་པས་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་ཏེ་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༌། མཐོ་རིས་ཀྱི་ལྷར་སྐྱེས་པ་དང༌། བསོད་ནམས་ཀྱི་ལས་བསྐྱེད་པ་ཡང་གྲངས་མེད་དོ། །དེའི་ཕྱི་ཉིན་ལི་ཙ་བཱི་རྣམས་ཀྱིས་སྤྱན་དྲངས་ནས་མཆོད་པའི་ཡོ་བྱད་སྦྱར་རོ། །དེའི་ཉིན་པར་བཅོམ་ལྡན་འདས་ཀྱིས་འཁོར་མང་པོ་དེ་དག་ཐམས་ཅད་གཅིག་གི་བསམ་པ་གཅིག་གིས་ཤེས་པར་བྱས་ཏེ། སོ་སོའི་དགེ་བ་དང༌། མི་དགེ་བའི་ལས་ཀྱང་རྟོགས་པར་བྱས་ནས་སོ་སོ་ནས་དགའ་སྟེ་སངས་རྒྱས་ཀྱི་ཡོན་ཏན་བསྔགས་སོ། །དེ་དག་ལ་བཅོམ་ལྡན་འདས་ཀྱིས་དམ་པའི་ཆོས་བསྟན་པས་ཁོང་དུ་ཆུད་ཅིང་རྟོགས་ནས་སངས་རྒྱས་སུ་སྨོན་ལམ་འདེབས་པ་དང༌། འབྲས་བུ་ཐོབ་པ་དང༌། མཐོ་རིས་ཀྱི་ལྷར་སྐྱེ་བར་སྨོན་པ་ཡང་གྲངས་མེད་དོ། །དེའི་ཕྱི་ཉིན་ཤཱཀྱའི་རིགས་རྣམས་ཀྱིས་སངས་རྒྱས་སྤྱན་དྲངས་ཏེ་མཆོད་པའི་ཡོ་བྱད་སྦྱར་རོ། །

        བཅོམ་ལྡན་འདས་ཀྱིས་དེའི་ཉིན་པར་འཁོར་དེ་དག་ཐམས་ཅད་སོ་སོ་ནས་འཁོར་ལོས་བསྒྱུར་བའི་རྒྱལ་པོར་བསྒྱུར་ཏེ་རིན་པོ་ཆེ་སྣ་བདུན་དང༌། བུ་སྟོང་དང་ལྡན་པར་སྤྲུལ་ནས་རྒྱལ་ཕྲན་དང༌། བློན་པོ་རྣམས་ཀྱིས་བསྟི་སྟང་བྱས་པར་མཐོང་སྟེ་སོ་སོ་ནས་ངོ་མཚར་རྨད་དུ་བྱུང་བའི་སྤྲོ་བ་སྐྱེས་ནས་སྤྲོ་བ་དེ་ལ་བཅོམ་ལྡན་འདས་ཀྱིས་ཆོས་རྣམ་པར་ཕྱེ་ཞིང་བསྟན་པས་སོ་སོའི་ཡིད་ཚིམ་པར་གྱུར་ཏེ་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༌། འབྲས་བུ་ཐོབ་པ་དང༌། ལྷ་དང་མིར་སྐྱེས་པ་གྲངས་མེད་པར་གྱུར་ཏོ། །དེའི་ཕྱི་ཉིན་བརྒྱ་བྱིན་གྱིས་སངས་རྒྱས་སྤྱན་དྲངས་ཏེ་སེངྒེའི་ཁྲི་བཤམས་ནས་བཅོམ་ལྡན་འདས་དེ་ལ་བཞུགས་པ་དང༌། བརྒྱ་བྱིན་ནི། གཡོན་ནས་མཆོད་པ་བྱེད། ཚངས་པའི་རྒྱལ་པོ་ནི། གཡས་ནས་མཆོད་པ་བྱེད་དོ། །འཁོར་མང་པོ་རྣམས་ཀྱང་ཅང་མི་སྨྲ་བར་འཁོད་པ་ལས། བཅོམ་ལྡན་འདས་ཀྱི་ཕྱག་གིས་སེངྒེའི་ཁྲི་ལ་མནན་པ་དང༌།སེངྒེའི་ཁྲི་ལས་གླང་པོ་ཆེའི་སྐད་ལྟ་བུའི་སྒྲ་ཆེན་པོ་ཞིག་བྱུང་བ་དང༌། དེ་མ་ཐག་ཏུ་སྲིན་པོ་ཆེན་པོ་ལྔ་ཞིག་བྱུང་ནས་སྟོན་པ་དྲུག་གི་ཁྲི་དྲངས་ནས་བཤིག་གོ །ཕྱག་ན་རྡོ་རྗེས་ནི། རྡོ་རྗེའི་རྩེ་མོ་ལ་མེ་འབར་བ་ཐོགས་ཏེ་སྟོན་པ་དྲུག་གི་མགོར་གཟས་སོ། །སྟོན་པ་དྲུག་པོ་འཇིགས་སྐྲག་ནས་བྱེར་ཞིང་བྲོས་ཏེ་སྐྱེངས་ནས་ཁ་ཅིག་ནི། ཆུར་མཆོངས་ཏེ་ཚེ་འཕོས་སོ། །སྟོན་པ་དྲུག་གི་འཁོར་ལས་སྟོང་ཕྲག་དགུ་བཅུ་ནི། སངས་རྒྱས་ལ་སྐྱབས་སུ་གསོལ་ནས་རབ་ཏུ་འབྱུང་བར་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་ལེགས་པར་འོངས་སོ། །ཞེས་བཀའ་སྩལ་པས། སྐྲ་དང་ཁ་སྤུ་རང་བྱི་སྟེ་དགེ་སློང་དུ་གྱུར་ཏོ། །

        བཅོམ་ལྡན་འདས་ཀྱིས་དེ་དག་ལ་ཅི་རིགས་པར་ཆོས་བསྟན་པས་ཟག་པ་ཀུན་ཟད་དེ་ཉོན་མོངས་པ་ལས་རྣམ་པར་གྲོལ་ནས་དགྲ་བཅོམ་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྐུའི་བ་སྤུའི་བུ་ག་བརྒྱད་ཁྲི་ནས་འོད་ཟེར་བཀྱེ་ནས་ནམ་མཁའ་ཡོངས་སུ་གང་བར་མཛད་དེ། འོད་ཟེར་དེ་དག་རེ་རེའི་ཐོག་མ་ལ་པདྨ་ཆེན་པོ་རེ་རེ་སྤྲུལ་ནས་པདྨ་དེ་དག་རེ་རེའི་སྟེང་ན་སྤྲུལ་པའི་སངས་རྒྱས་འཁོར་དང་བཅས་པ་དམ་པའི་ཆོས་སྟོན་པ་རེ་རེ་སྤྲུལ་ཏེ། འཁོར་མང་པོ་ཀུན་གྱིས་སྤྲུལ་པ་དེ་ལྟ་བུ་མཐོང་བར་བྱས་པས་ལྷག་པར་དད་པའི་སེམས་སྐྱེས་ཏེ། དེ་ལ་བཅོམ་ལྡན་འདས་ཀྱིས་ཅི་རིགས་པར་ཆོས་བསྟན་པས་དེ་དག་ལས་ཁ་ཅིག་ནི། བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད། ཁ་ཅིག་ནི། འབྲས་བུ་ཐོབ་ནས་ལྷ་དང་མིར་སྐྱེ་བའི་བསོད་ནམས་ཀྱི་ཚོགས་བསྐྱེད་པ་ཡང་གྲངས་མེད་དོ། །དེའི་ཕྱི་ཉིན་ཚངས་པའི་རྒྱལ་པོས་སངས་རྒྱས་སྤྱན་དྲངས་ཏེ་བཅོམ་ལྡན་འདས་ཀྱི་སྐུ་ཚངས་ལྷ་ལ་ཐུག་གི་བར་དུ་ཤིན་ཏུ་མཐོ་བ། ལྷང་ངེ་ལྷམ་མེར་བཞུགས་པ་སྤྲུལ་ནས་འོད་ཟེར་ཆེན་པོས་གནམ་ས་ཀུན་ཏུ་སྣང་ཞིང་གསལ་བར་མཛད་དོ། །དེ་ཐམས་ཅད་ཀྱིས་མཐོང་བ་དང༌། གསུང་ཡང་ཐོས་པར་གྱུར་ནས་དེ་ལ་བཅོམ་ལྡན་འདས་ཀྱིས་ཅི་རིགས་སུ་ཆོས་རྣམ་པ་སྣ་ཚོགས་ཕྱེ་ཞིང་བསྟན་པས་འཁོར་མང་པོ་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནས་འབྲས་བུ་ཐོབ་པ་དང༌། ལྷ་དང་མིར་སྐྱེ་བའི་དགེ་བའི་རྩ་བ་བསྐྱེད་པ་ཡང་གྲངས་མེད་དོ། །དེའི་ཕྱི་ཉིན་རྒྱལ་ཆེན་བཞིའི་རྒྱལ་པོས་སྤྱན་དྲངས་ཏེ། དེའི་ཚེ་ན་བཅོམ་ལྡན་འདས་ཀྱིས་འཁོར་མང་པོ་དེ་དག་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ཀྱི་སྐུ་རྒྱལ་ཆེན་བཞིའི་རིས་ནས་སྲིད་པའི་རྩེ་མོ་ལ་ཐུག་གི་བར་དུ་སྐུས་ཡོངས་སུ་གང་བར་མཐོང་བར་མཛད་ནས་སྐུ་དེ་དག་ལས་འོད་ཟེར་ཆེན་པོ་འབྱུང་ཞིང་འཁོར་རྣམས་ལ་ཅི་རིགས་སུ་དམ་པའི་ཆོས་སྟོན་པ་ཡང་གསལ་བར་ཐོས་ཤིང་མཐོང་བར་མཛད་ནས་འཁོར་དེ་དག་ལྷག་པར་དགའ་བ་སྐྱེས་ཏེ་ཅི་རིགས་སུ་ཆོས་བསྟན་པས་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནས་འབྲས་བུ་ཐོབ་པ་དང༌། ལྷ་དང་མིར་སྐྱེ་བའི་དགེ་བའི་རྩ་བ་བསྐྱེད་པ་ཡང་གྲངས་མེད་དོ། །

        དེའི་ཕྱི་ཉིན་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་སངས་རྒྱས་སྤྱན་དྲངས་ཏེ། བཅོམ་ལྡན་འདས་དེའི་ཉིན་པར་བྱམས་པའི་ཏིང་ངེ་འཛིན་ལ་ཞུགས་ནས་གསེར་གྱི་མདོག་ལྟར་སེངྒེའི་ཁྲི་ལ་བཞུགས་བཞིན་དུ་སྐུ་མི་སྣང་བར་མཛད་ནས་འོད་ཟེར་ཆེན་པོ་བཀྱེ་སྟེ་ཤིན་ཏུ་འཇམ་པའི་གསུང་གིས་དམ་པའི་ཆོས་རྣམ་པར་ཕྱེ་ཞིང་བསྟན་ཏེ་འཁོར་མང་པོ་དེ་དག་གིས་ཐོས་པར་བྱས་ནས་ལ་ལ་ནི། བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ་ཕྱིར་མི་ལྡོག་པའི་ས་ལ་གནས། ལ་ལ་ནི། འབྲས་བུ་ཐོབ། ལ་ལ་ནི། ལྷ་དང་མིར་སྐྱེ་བའི་བསོད་ནམས་བསྐྱེད་པ་ཡང་གྲངས་མེད་དོ། །དེའི་ཕྱི་ཉིན་ཁྱིམ་བདག་ཅིན་ཏས་སངས་རྒྱས་སྤྱན་དྲངས་ཏེ། བཅོམ་ལྡན་འདས་དེའི་ཉིན་པར་བྱམས་པའི་ཏིང་ངེ་འཛིན་ལ་ཞུགས་ནས་གསེར་གྱི་ཁ་དོག་ལྟ་བུའི་འོད་ཟེར་བཀྱེ་སྟེ་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་ཀུན་འོད་ཟེར་གྱིས་སྣང་བར་བྱས་ནས་འོད་ཀྱིས་རེག་པའི་སེམས་ཅན་དེ་དག་ཐམས་ཅད་གདུག་པ་གསུམ་གྱི་སེམས་ཀུན་ཞི་ནས་སྙིང་རྗེའི་སེམས་སྐྱེས་ཏེ། སེམས་ཅན་ཐམས་ཅད་གཅིག་ལ་གཅིག་ཕ་ལྟ་བུའམ། མ་ལྟ་བུའམ། བུ་ཕོ་ལྟ་བུའམ། ནུ་བོ་ལྟ་བུར་མཛའ་ཞིང་སྡུག་པར་གྱུར་ཏེ། དེའི་འོག་ཏུ་ཆོས་རྣམ་པ་སྣ་ཚོགས་བསྟན་པས་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ་ཕྱིར་མི་ལྡོག་པའི་ས་ལ་གནས་པ་དང༌། འབྲས་བུ་ཐོབ་པ་དང༌། ལྷ་དང་མིར་སྐྱེ་བའི་དགེ་བའི་རྩ་བ་བསྐྱེད་པ་ཡང་གྲངས་མེད་དོ། །

        དེའི་ཕྱི་ཉིན་རྒྱལ་པོ་ཤུན་ཙི་ད་ལས་སངས་རྒྱས་ཡང་སྤྱན་དྲངས་ཏེ་བཅོམ་ལྡན་འདས་དེའི་ཉིན་པར་སེངྒེའི་ཁྲི་ལ་བཞུགས་ནས་སྐུའི་ལྟེ་བ་ནས་འོད་ཟེར་གཉིས་ཤིག་ཕྱུང་སྟེ་སྐུ་ལས་འདོམ་བདུན་ཙམ་དུ་འཕགས་ནས་དེའི་སྟེང་ན་པདྨ་རེ་རེ་ཡོད་དེ། པདྨ་ལ་སྤྲུལ་པའི་སངས་རྒྱས་སྤྲུལ་ཏེ། སྤྲུལ་པའི་སངས་རྒྱས་དེ་དག་གི་ལྟེ་བ་ནས་ཀྱང་འོད་ཟེར་བྱུང་སྟེ་རྣམ་པ་གཉིས་སུ་གྱེས་ནས་འདོམ་བདུན་ཙམ་དུ་འཕགས་ཏེ་པདྨ་ཡང་ཡོད་ལ། པདྨའི་སྟེང་ན་སྤྲུལ་པའི་སངས་རྒྱས་ཀྱང་བཞུགས་ཏེ། དེ་བཞིན་དུ་མཐར་གྱིས་སྟོང་ཆེན་བོའི་འཇིག་རྟེན་གྱི་པར་དུ་དེ་དང་འདྲ་བ་ཤ་སྟག་སྤྲུལ་ཏེ་འཁོར་མང་པོ་ཐམས་ཅད་དེ་ལྟ་བུ་དག་མཐོང་ནས་ངོ་མཚར་དུ་གྱུར་ཏེ། བཅོམ་ལྡན་འདས་ཀྱིས་དེ་ལ་ཅི་རིགས་པར་ཆོས་བསྟན་པས་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༌། ཕྱིར་མི་ལྡོག་པའི་ས་ལ་གནས་པ་དང༌། འབྲས་བུ་ཐོབ་པ་དང༌། ལྷ་དང་མིར་སྐྱེ་བ་ཡང་གྲངས་མེད་དོ། །དེའི་ཕྱི་ཉིན་རྒྱལ་པོ་ཨུ་ཏྲ་ཡ་ནས་སངས་རྒྱས་སྤྱན་དྲངས་ཏེ་བཅོམ་ལྡན་འདས་ལ་རྒྱལ་པོ་ཨུ་ཏྲ་ཡ་ནས་མེ་ཏོག་གིས་གཏོར་བ་དང༌། གཏོར་བའི་མེ་ཏོག་རྣམས་དེ་མ་ཐག་ཏུ་རིན་པོ་ཆེའི་ཤིང་རྟ་སྟོང་ཉིས་བརྒྱ་ལྔ་བཅུས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀུན་ཏུ་སྣང་ཞིང་ཐམས་ཅད་ཀྱིས་མཐོང་བར་བྱས་སོ། །

        དེ་ལ་བཅོམ་ལྡན་འདས་ཀྱིས་ཅི་རིགས་པར་ནད་པ་ལ་སྨན་བཏང་བ་བཞིན་དུ་དམ་པའི་ཆོས་བསྟན་པས། ཁ་ཅིག་ནི།བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ་ཕྱིར་མི་ལྡོག་པའི་ས་ལ་གནས་པ་དང༌། ལྷ་དང་མིར་སྐྱེ་བ་ཡང་གྲངས་མེད་དོ། །དེའི་ཕྱི་ཉིན་རྒྱལ་པོ་གཟུགས་ཅན་སྙིང་པོས་སངས་རྒྱས་སྤྱན་དྲངས་ཏེ། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་དེ་ལ་སྔར་འདི་སྐད་ཅེས་བཀའ་སྩལ་ཏོ། །རྒྱལ་པོས་ཞལ་ཟས་ཀྱི་སྣོད་སྦྱོར་ཅིག །གདུགས་ཚོད་ཀྱི་དུས་ལ་བབ་པ་ན་སྣོད་ཀུན་ཞལ་ཟས་རོ་བརྒྱ་དང་ལྡན་པ། རྣམ་པ་སྣ་ཚོགས་རང་གང་སྟེ་འཁོར་མང་པོ་ཐམས་ཅད་ལ་ཆོག་པར་གྱུར་ཏེ། དེ་དག་ཟོས་ནས་ལུས་དང་སེམས་རབ་ཏུ་བདེ་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཕྱག་ས་ལ་བརྡབས་པ་དང༌། སེམས་ཅན་དམྱལ་བ་བཅོ་བརྒྱད་དག་ན་སེམས་ཅན་ཚད་མེད་པ་སྙེད་སྡུག་བསྔལ་མྱོང་བ་དང༌། དེ་དག་སོ་སོ་ནས་འདི་སྐད་ཅེས་སྨྲས་སོ། །བདག་ཅག་གིས་སྔོན་སྡིག་པ་འདི་ལྟ་བུ་ཞིག་བྱས་པས་སྡུག་བསྔལ་འདི་ལྟ་བུ་མྱོང་བར་གྱུར་ཏོ། ཞེས་སྨྲས་ཏེ། འཁོར་མང་པོ་ཐམས་ཅད་ཀྱིས་ཐོས་ཤིང་མཐོང་བར་བྱས་ནས་ཐམས་ཅད་སྙིང་བརྩེ་བའི་སེམས་སྐྱེས་ཏེ་སྡངས་ནས་བ་སྤུ་ལངས་པ་ཙམ་དུ་སྐྲག་པར་གྱུར་ཏེ། དེ་ལ་བཅོམ་ལྡན་འདས་ཀྱིས་ཅི་རིགས་སུ་ཆོས་བསྟན་ཏེ་དེ་དག་གི་སེམས་ཚིམ་པར་གྱུར་ནས་ལ་ལ་ནི། བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ལ་ལ་ནི། ཕྱིར་མི་ལྡོག་པའི་ས་ལ་གནས་ཏེ། ལྷ་དང་མིར་སྐྱེ་བའི་དགེ་བའི་རྩ་བ་བསྐྱེད་པ་ཡང་གྲངས་མེད་དོ། །སེམས་ཅན་དམྱལ་བ་པ་དག་གིས་སངས་རྒྱས་མཐོང་ཞིང་ཆོས་ཐོས་པའི་རྐྱེན་གྱིས་ཤིན་ཏུ་དད་པའི་སེམས་སྐྱེས་ཏེ། དེ་དག་ཚེའི་དུས་བྱས་ནས་ཐམས་ཅད་ལྷ་དང་མིར་སྐྱེས་སོ། །

        དེ་ནས་རྒྱལ་པོ་གཟུགས་ཅན་སྙིང་པོས་པུས་མོ་གཉིས་ས་ལ་བཙུགས་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ངོ་མཚར་ཆེ་བའི་མཚན་སུམ་ཅུ་རྩ་གཉིས་མངའ་བ། སྐུའི་མཚན་གཞན་ནི། བལྟར་སྣང་ན། དེ་བཞིན་གཤེགས་པའི་ཞབས་ཀྱི་མཐིལ་ན་འཁོར་ལོའི་མཚན་མངའ་པ་འཁོར་རྣམས་ལ་བསྟན་དུ་གསོལ་ཞེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་ཞབས་བརྐྱངས་ཏེ་འཁོར་མང་པོ་ཐམས་ཅད་ལ་ཞབས་ཀྱི་མཐིལ་ན་འཁོར་ལོའི་མཚན་མངའ་བ་ཐམས་ཅད་ལ་བསྟན་ཏོ། །འཁོར་ཐམས་ཅད་ཀྱིས་ཞབས་ཀྱི་འོག་གི་འཁོར་ལོའི་མཚན་རི་མོ་བྲིས་པ་ལྟ་བུར་ཤིན་ཏུ་གསལ་བ་མཐོང་ནས་སྐྱོ་མི་ཤེས་པར་ལྟ་འདོད་དེ་ལྷག་པར་དགའ་བའི་སེམས་སྐྱེས་ནས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །སྔོན་བཅོམ་ལྡན་འདས་ཀྱིས་བསོད་ནམས་ཅི་ཞིག་མཛད་ན། འདི་ལྟ་བུའི་འཁོར་ལོའི་མཚན་དང་ལྡན་པར་གྱུར། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ལ་བཀའ་སྩལ་པ། ངས་སྔོན་འདས་པའི་དུས་ན་དགེ་བ་བཅུའི་ལས་བདག་གིས་ཀྱང་བྱས། གཞན་ཡང་བྱེད་པར་བསྐུལ་བས་འདི་ལྟ་བུའི་མཚན་ཤིན་ཏུ་གསལ་བ་དང་ལྡན་པར་གྱུར་ཏོ། །

        དེ་ནས་རྒྱལ་པོས་ཡང་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་ཀྱིས་དགེ་བ་བཅུའི་ལས་ཇི་ལྟར་མཛད་པ་དང༌། གཞན་དག་དགེ་བ་བཅུ་བྱེད་པར་ཇི་ལྟར་བསྐུལ་བ་ཐུགས་བརྩེ་བར་དགོངས་ཏེ་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ལ་བཀའ་སྩལ་པ། ཤིན་ཏུ་རྟག་པར་ཉོན་ལ་ཡིད་ལ་ཟུངས་ཤིག་དང་བསྟན་པར་བྱའོ། །སྔོན་འདས་པའི་བསྐལ་པ་གྲངས་མེད་ཚད་མེད་པའི་ཕ་རོལ་ན་འཛམ་བུའི་གླིང་འདིར་རྒྱལ་པོ་ཆེན་པོ་ཤ་ཏ་ནི་མི་ཞེས་བྱ་བ་རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་ལ་དཔང་བྱེད་དེ། གྲོང་ཁྱེར་ནི། ཁྲི་ཕྲག་བཅུ་ཡོད་པ། བློན་པོ་ཆེན་པོ་ནི། སྟོང་ཕྲག་བཅུ་ཡོད་དེ། རྒྱལ་པོ་དེ་ལ་བཙུན་མོ་སྟོང་ཕྲག་ཉི་ཤུ་ཡོད་ཀྱང་སྲས་གཅིག་ཀྱང་མེད་པས་རྒྱལ་པོ་རབ་ཏུ་མི་དགའ་སྟེ་གདུང་འཚོ་བ་པ་ཡང་མེད་སྙམ་ནས་ཤིན་ཏུ་མྱ་ངན་གྱིས་ནོན་ཏེ། ལྷ་མཚུན་ཀུན་ལ་མཆོད་ནས་ཕྱིས་དུས་གཞན་ཞིག་ན་བཙུན་མོ་ཆེན་མོ་སུ་ལི་པ་ལ་ཞེས་བྱ་བ་སེམས་ཅན་དང་ལྡན་པར་གྱུར་ཏེ། དེ་ཚུན་ཆད་བཙུན་མོ་ཡང་ཡོད་གཞུངས་ཤིང་མཁས་པ་དང་མཉེན་ཞིང་དེས་བས། འགྲོ་བ་མང་པོ་ཡང་དགེ་བ་ལ་དགོད་པར་མོས་པ་དང༌། ཕྱིས་ཟླ་བ་ཚང་པ་དང་བུ་ཁྱེའུ་ཞིག་བཙས་ཏེ་བྱད་གཟུགས་ལེགས་པ། བལྟ་ན་སྡུག་པ། ཕལ་ལས་འཕགས་པར་བཟང་བ། བ་སྦུའི་བུ་ག་ཀུན་ནས་འོད་འབྱུང་བ་ཞིག་བཙས་ཏེ། རྒྱལ་པོ་ཡང་བུ་དེ་ལ་ཤིན་ཏུ་སྡུག་པར་སེམས་པས་སྐྱོ་མི་ཤེས་པ་ཙམ་དུ་རྟོག་སྟེ། མཚན་མཁན་ལ་བསྟན་ནས་མཚན་མཁན་གྱིས་ཀྱང་མཚན་བཟང་ངན་བརྟགས་ན། ཁྱེའུ་འདི་ནི། ཤིན་ཏུ་ངོ་མཚར་ཆེའོ། །ཞེས་དགའ་བ་སྐྱེས་ནས་ཁྱེའུ་འདིའི་མཚན་དང་སྦྱར་ན། གླིང་བཞི་ལ་དབང་བར་འགྱུར་རོ། །ཞེས་རྒྱལ་པོ་ལ་སྨྲས་པས། རྒྱལ་པོ་ཡང་རབ་ཏུ་དགའ་ནས་མཚན་མཁན་ལ་ཁྱེའུ་འདི་ལ་མིང་ཐོགས་ཤིག་ཅེས་སྨྲས་པ་དང༌། མཚན་མཁན་གྱིས་རྒྱལ་པོ་ལ་ཁྱེའུ་འདི་མའི་རུམ་དུ་ཞུགས་ནས་ངོ་མཚར་ཆེ་བའི་ལྟས་ཅི་བྱུང་ཞེས་དྲིས་ན། ཁྱེའུའི་མ་ལྷག་པར་ཡིད་གཞུངས་ཤིང་དེས་པ་དང༌། དགེ་བར་དགོད་པ་ལ་དགའ་བར་གྱུར་ཏོ། །ཞེས་སྨྲས་ནས་མཚན་མཁན་གྱིས་ཁྱེའུའི་མིང་ཤེས་རབ་འོད་ཅེས་བཏགས་ཏེ། རྒྱལ་ཚབ་ཏུ་དབང་བསྐུར་ནས་མཁས་པའི་བློ་དང་ལྡན་ཏེ་གཞན་པས་འཕགས་པར་གྱུར་ཏོ། །དེ་ནས་དུས་ཕྱི་ཞིག་ན་རྒྱལ་པོ་ཆེན་པོ་ཚེ་འཕོས་ནས་བློན་པོ་རྣམས་ཀྱིས་རྒྱལ་བུ་དེ་རྒྱལ་པོར་དབང་བསྐུར་བར་གསོལ་པ་དང༌། རྒྱལ་བུས་བློན་པོ་རྣམས་ལངས་ནི། རྒྱལ་པོ་མི་ནུས་སོ། །ཞེས་བསྒོའོ། །བློན་པོ་རྣམས་ཀྱིས་གསོལ་པ། ད་རྒྱལ་པོ་ཆེན་པོ་ནོངས་ཏེ་རྒྱལ་བུ་མ་ལགས་པ་རྒྱལ་བུ་གཞན་འགའ་ཡང་མེད་དོ། །ད་རྒྱལ་བུས་རྒྱལ་པོ་མི་མཛད་ན། སུ་ཞིག་རྒྱལ་པོར་གཞུག་ཅེས་གསོལ་པ་དང༌། རྒྱལ་བུས་སྨྲས་པ། འཇིག་རྟེན་འདི་དག་ནི། མི་རིགས་པའི་སྡིག་པའི་ཆོས་བྱེད་དེ། བསད་པ་དང༌། ཆད་པས་བཅད་པའི་ལས་བྱས་ན། ཁོ་བོ་ལ་ཁ་ན་མ་ཐོ་བའི་ལས་མི་ཆུང་སྟེ། གལ་ཏེ་ཁྱེད་ཡུལ་མི་ཐམས་ཅད་ཀྱིས་དགེ་བ་བཅུའི་ལས་བྱེད་ནུས་ནི། ཁོ་བོ་ཡང་རྒྱལ་པོ་བྱེད་ནུས་སོ། །ཞེས་བསྒོའོ། །

        བློན་པོ་རྣམས་ཀྱིས་གསོལ་པ། འདི་ནི། ལེགས་ཏེ། རྒྱལ་སར་གཤེགས་ཏེ་དབང་མཛོད་ཅིག་དང༌། དགེ་བ་བཅུའི་ལས་ཀྱི་ལམ་ཐམས་ཅད་བགྱིད་པར་བཀར་གདགས་སོ། །ཞེས་གསོལ་ནས་མོད་ལ་རྒྱལ་བུ་ཡང་རྒྱལ་སར་གཤེགས་ནས་མི་ཐམས་ཅད་དགེ་བ་བཅུའི་ལས་ཀྱི་ལམ་སྤྱོད་པར་ཡིད་མཐུན་ཏེ་བཀའ་བཞིན་དུ་བྱས་སོ། །དེའི་ཚེ་བདུད་ཀྱི་རྒྱལ་པོས་ཕྲག་དོག་བྱས་ཏེ་རྒྱལ་པོའི་སྲིད་མི་རུང་བར་བྱ་བའི་ཕྱིར་རྐུ་ཡིག་བྲིས་ནས་རྒྱལ་ཕྲན་ཀུན་ལ་སྦྲིངས་ཏེ་སྔར་དགེ་བ་བྱོས་ཤིག་ཅེས་བཀར་བཏགས་པ་ནི། དགེ་བ་བྱས་ཀྱང་མངོན་རྟགས་མེད་དེ། བདག་ཉོན་མོངས་པ་ལས་ཕན་པའི་དོན་མེད་ཀྱི། ད་ཕྱིན་ཆད་ཡིད་བཞིན་དུ་མི་དགེ་བ་ལ་བག་མེད་པར་སྤྱོད་ཅིག་ཅེས་སྤྲིང་བའི་རྐུ་ཡིག་རྒྱལ་ཕྲན་རྣམས་ཀྱི་ལག་ཏུ་འོངས་ནས་རྒྱལ་ཕྲན་རྣམས་ངོ་མཚར་གྱུར་ཏེ་རྒྱལ་པོ་ཆེན་པོ་ཅིའི་ཕྱིར་སྡིག་པའི་ལས་བྱེད་པར་བསྐུལ་སྙམ་ནས་འདི་ནི། རིགས་པ་མ་ཡིན་ཏེ། ཡིད་མ་ཆེས་པར་རྒྱལ་པོ་ལ་ཞུས་པ་དང༌། རྒྱལ་པོས་དེ་སྐད་ཅེས་ཐོས་ནས་སྔངས་ཤིང་ངོ་མཚར་དུ་གྱུར་ཏེ། ངས་ནི། འདི་སྐད་དུ་བསྒོ་བ་མེད་ན། ཅིའི་ཕྱིར་འདི་འདྲ་བར་གྱུར་ཅེས་སྡངས་ནས་རྒྱལ་པོ་ཉིད་ཡུལ་ཀུན་ཏུ་གཤེགས་ཏེ། མི་མང་པོ་སྔོན་ལས་གྱུར་ཏམ་མ་གྱུར་པ་རྟོག་ཏུ་གཤེགས་གཤེགས་པ་ལས། བདུད་ཀྱི་རྒྱལ་པོས་ལམ་ག་ན་མི་ཞིག་མེ་དོང་ཆེན་པོ་རབ་ཏུ་འབར་བའི་ནང་ན་སྡུག་བསྔལ་གྱིས་སྙིང་རྗེ་བ་སྐད་དུ་འདོན་པའི་སྐད་རྒྱལ་པོས་ཐོས་པར་སྤྲུལ་ནས་རྒྱལ་པོ་ཡང་དེའི་ཐད་དུ་གཤེགས་ཏེ། ཁྱོད་སུ་ཞིག །ཅི་ཉེས་ཞེས་དྲིས་ནས་མི་དེས་སྨྲས་པ། བདག་གིས་སྔོན་མི་འདི་དག་དགེ་བ་བཅུ་ལ་བཀོད་པས་ད་ཤིན་ཏུ་མི་བཟད་པའི་སྡུག་བསྔལ་འདི་ལྟ་བུ་མྱོང་བར་གྱུར་ཏོ། །རྒྱལ་པོས་སྨྲས་པ། དགེ་བ་བྱེད་པར་བསྐུལ་པས་སྡུག་བསྔལ་མྱོང་བ་ནི། ཆོས་མེད་དེ། དགེ་བ་བྱེད་པར་བསྐུལ་བས་ཁྱོད་འདི་ལྟ་བུའི་སྡུག་བསྔལ་མྱོང་བར་གྱུར་ན། དགེ་བ་བྱེད་པར་བསྐུལ་ནས་དགེ་བ་བྱས་པ་དེ་དག་དགེ་བའི་འབྲས་བུ་ཐོབ་བམ། སྨྲས་པ། དེ་ནི། དགེ་བའི་འབྲས་བུ་ཐོབ་སྟེ། དགེ་བ་བྱེད་པར་བསྐུལ་པ་འབའ་ཞིག་སྡུག་བསྔལ་འདི་ལྟ་བུ་མྱོང་ངོ༌། །རྒྱལ་པོས་དེ་སྐད་ཅེས་ཐོས་ནས་ཤིན་ཏུ་དགའ་སྟེ་འདི་སྐད་ཅེས་སྨྲས་སོ། །མི་ཕ་རོལ་པོས་དགེ་བའི་འབྲས་བུ་ཐོབ་པར་གྱུར་ན་ལྟ་སྡུག་བསྔལ་མྱོང་ཡང་བླའི། འགྱོད་པ་མེད་དོ། །ཞེས་སྨྲས་པ་དང༌། བདུད་ཀྱི་རྒྱལ་པོས་ཐོས་ནས་དེ་དག་དེ་མ་ཐག་ཏུ་མི་སྣང་བར་བྱས་སོ། །དེ་ནས་རྒྱལ་པོ་ཡུལ་ཀུན་ཏུ་གཤེགས་ཏེ། དགེ་བ་བཅུའི་ལས་ཀྱི་ལམ་ཀུན་ཏུ་བསྒྲགས་ཏེ་འབངས་ཐམས་ཅད་ལུས་དང་ངག་དང་ཡིད་ཀྱི་སྒོ་ནས་དགེ་བ་ལ་འདུན་ཏེ་ཐམས་ཅད་ཀྱིས་རྒྱལ་པོའི་ཡོན་ཏན་བསྔགས་པས་དེའི་ཚེ་གསེར་གྱི་འཁོར་ལོ་དང༌། རིན་པོ་ཆེ་སྣ་བདུན་དང་ལྡན་ནས་གླིང་བཞི་ཀུན་ཏུ་གཤེགས་ཏེ་དགེ་བ་ལ་འགོད་པ་ལྷུར་བྱས་སོ། །

        དེའི་ཚེ་དེའི་དུས་ན་རྒྱལ་པོ་ཆེན་པོ་དེ་ནི། ད་ལྟར་ངའི་ཡབ་ཟས་གཙང་མ་ཡིན་ནོ། །དེའི་ཚེ་དེའི་དུས་ན་རྒྱལ་བུ་དེའི་མ་ནི། ད་ལྟར་ངའི་ཡུམ་ལྷ་མཛེས་མ་ཡིན་ནོ། །རྒྱལ་པོ་ཤེས་རབ་འོད་མི་མང་པོ་དགེ་བ་བཅུ་ལ་བཀོད་པ་ནི། ང་ཡིན་ཏེ། དེའི་ཚེ་དེའི་དུས་ན་ཡང་ང་ཉིད་དགེ་བ་བཅུ་ཉམས་སུ་བླངས་ཏེ་གཞན་དག་ཀྱང་དགེ་བ་བཏུལ་བཀོད་པས། དེའི་ཕྱིར་ཞབས་ཀྱི་འོག་ན་འཁོར་ལོ་རྩིབས་སྟོང་དང་ལྡན་པའི་མཚན་དང་ལྡན་པར་གྱུར་ཏོ། །དེ་ནས་རྒྱལ་པོ་གཟུགས་ཅན་སྙིང་པོས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །སྟོན་པ་དྲུག་པོ་མྱོས་ཤིང་བསླད་པའི་འཁོར་དུ་བཅས་པ་རང་གི་ཚོད་མི་འཛིན་ཏེ། རྙེད་པ་དང་གྲགས་པ་ལ་ཆགས་ནས་ཕྲག་དོག་གི་སེམས་སྐྱེས་ཏེ་བཅོམ་ལྡན་འདས་དང་ཆོ་འཕྲུལ་འགྲན་པར་གསོལ་པ། བཅོམ་ལྡན་འདས་ཀྱིས་གཅིག་མཛད་ན། བདག་ཅག་གིས་གཉིས་བགྱིའོ། །ཞེས་མཆི་བ་ལས་བཅོམ་ལྡན་འདས་ཀྱིས་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པ་བསྟན་ཀྱང་སྟོན་པ་དྲུག་གིས་ཆོ་འཕྲུལ་གཅིག་ཙམ་ཡང་སྟོན་མ་ནུས་ཏེ། ངོ་ཚ་ཞིང་སྐྱེངས་ནས་ཆུར་མཆོངས་ཏེ་གུམ་པ་འདི་དག་ནི། ཧ་ཅང་ཡང་མྱོངས་ཤིང་འཁྲུལ་ཏོ་སྙམ་བགྱིད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ། སྟོན་པ་དྲུག་པོ་འདི་དག་རྙེད་པ་དང་གྲགས་པའི་ཕྱིར་ང་དང་འགྲན་པར་འདོད་ནས་སྲོག་དང་བྲལ་བ་འདི་འབའ་ཞིག་ཏུ་མ་ཟད་དེ། སྔོན་འདས་པའི་དུས་ན་ཡང་ང་དང་འགྲན་པར་འདོད་པ་ལས་ལུས་དང་སྲོག་གི་བར་དུ་ཡང་བྲལ་ལོ། །

        དེ་ནས་རྒྱལ་པོ་གཟུགས་ཅན་སྙིང་པོས་པུས་མོ་གཉིས་ས་ལ་བཙུགས་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །སྔོན་འདས་པའི་དུས་ན་བཅོམ་ལྡན་འདས་ཀྱིས་སྟོན་པ་དྲུག་དང་འགྲན་པ་བདག་ཅག་ལ་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ལ་བཀའ་སྩལ་པ། རྒྱལ་པོ་ཆེན་པོ། རྟག་པར་ཉོན་ལ་ཡིད་ལ་ཟུངས་ཤིག་དང༌། སྔོན་འདས་པའི་དུས་ན་བསྐལ་པ་ཚད་མེད་གྲངས་མེད་པའི་ཕ་རོལ་ན་འཛམ་བུ་གླིང་འདིར་རྒྱལ་པོ་མ་ཧ་ཤ་ཀུ་ལི་ཞེས་བྱ་བ་རྒྱལ་ཕྲན་ལྔ་བརྒྱ་ལ་དབང་བྱེད་པ་ཞིག་བྱུང་སྟེ། རྒྱལ་པོ་དེ་ལ་བཙུན་མོ་ལྔ་བརྒྱ་ཡོད་ཀྱང་ཁྱེའུ་རིགས་འཚོབ་པ་གཅིག་ཀྱང་མེད་པས་རྒྱལ་པོ་དེས་འདི་སྙམ་དུ་བསམ་མོ། །ང་ནི། རྒས་འཁོགས་ཏེ་བུ་གཅིག་ཙམ་ཡང་རིགས་འཚོབ་པ་མེད་ན། གལ་ཏེ་ང་འདས་པའི་འོག་ཏུ་རྒྱལ་ཕྲན་རྣམས་གཅིག་ལ་གཅིག་མི་ཉན་ཅིང་དམག་འདྲེན་ཏེ། སེམས་ཅན་རྣམས་ཀྱང་མ་ཉེས་པར་འཆི་ལ། སྲིད་ཀྱང་འཁྲུགས་པར་འགྱུར་རོ་སྙམ་བསམ་ནས་མྱ་ངན་གྱིས་ཡིད་གདུངས་ཏེ་སེམས་ཁོང་དུ་ཆུད་དོ། །དེའི་ཚེ་ན་བརྒྱ་བྱིན་ལྷའི་དབང་པོས་རྒྱང་མ་ནས་རྒྱལ་པོ་དེ་མི་དགའ་ཞིང་སེམས་ཁོང་དུ་ཆུང་པ་མཐོང་ནས་ནམ་མཁའ་ལས་བབས་ཏེ་སྨན་པ་ཞིག་ཏུ་སྤྲུལ་ནས་རྒྱལ་པོ་དེའི་གན་དུ་སོང་སྟེ། རྒྱལ་པོ་ཁྱོད་ནི། ཅིའི་ཕྱིར་འདི་ལྟར་ཡི་མུག་ཅིང་མི་དགའ་ཞེས་དྲིས་པ་དང༌།རྒྱལ་པོས་ཀྱང་སྔ་མ་བཞིན་དུ་གཏམ་བྱས་སོ། །སྤྲུལ་པའི་སྨན་པས་རྒྱལ་པོ་ལ་སྨྲས་པ། རྒྱལ་པོ་ཁྱོད་མྱ་ངན་མ་བྱེད་ཅིག །བདག་ནི། ཁྱོད་ཀྱི་ཕྱིར་གངས་ཀྱི་རི་ལ་སོང་ནས་གངས་ཀྱི་རི་ལས་སྨན་རྣམ་པ་མང་པོ་བཏུས་ཏེ་བཙུན་མོ་དག་ཟར་བཅུག་ན། ཟོས་མ་ཐག་ཏུ་བཙུན་མོ་ཀུན་སེམས་ཅན་དང་ལྡན་པར་འགྱུར་བར་བགྱིའོ། །རྒྱལ་པོས་དེ་སྐད་ཅེས་སྨྲས་པ་ཐོས་ནས་ཚིག་འདི་ནི། བདག་གི་མྱ་ངན་སངས་པར་བྱེད་དོ་སྙམ་བསམ་ནས་སྨན་པ་ལ་ཁྱོད་ཀྱིས་འདི་ལྟར་ནུས་ན་ཤིན་ཏུ་ལེགས་སོ། །ཞེས་སྨྲས་སོ། །

        དེའི་ཚེ་ན་སྤྲུལ་པའི་སྨན་པ་དེ་གངས་ཀྱི་རི་ལ་སོང་ནས་སྨན་རྣམ་པ་མང་པོ་བཏུས་ཏེ་ཁུར་དུ་ཁྱེར་ནས་ཕྱིར་རྒྱལ་པོའི་ཕོ་བྲང་དུ་འོངས་སོ། །དེ་ནས་སྨན་རྣམས་འོ་མ་ལ་བསྐོལ་ཏེ་བཙུན་མོ་ཆེན་མོ་ལ་བྱིན་པ་དང༌། བཙུན་མོ་ཆེན་མོས་སྨན་དེ་མནམ་ཞིང་ཡིད་མ་ཆེས་པས་འཐུང་དུ་མ་བཏུབ་པ་དང༌། སྤྲུལ་པའི་སྨན་པ་ཡང་ཕྱིར་ལྷའི་གནས་སུ་སོང་ངོ༌། །སྨན་དེ་ལ་བཙུན་མོ་ཆུང་ངུ་གཞན་དག་གིས་འཐུངས་ཏེ་བཙུན་མོས་དེ་དག་འཐུངས་ནས་རིང་པོར་མ་ལོན་པར་སོ་སོ་ནས་སེམས་ཅན་དང་ལྡན་པར་གྱུར་ཏེ། དེ་དག་གིས་དེ་བཞིན་དུ་བཙུན་མོ་ཆེན་མོ་ལ་སྨྲས་པ་དང༌། བཙུན་མོ་ཆེན་པོ་འགྱོད་དེ་མི་དགའ་ནས་སྨན་དེའི་ལྷག་མ་ཅི་ཡོད་ཅེས་དྲིས་ན་ཟད་དོ། །ཞེས་སྨྲས་སོ། །འོ་ན་སྨན་གྱི་ཚིགས་མ་ཙམ་ཡོད་དམ་ཞེས་དྲིས་ན་སྨན་གྱི་ཚིགས་མ་ནི། ཡོད་དོ། །ཞེས་སྨྲས་སོ། །དེ་ནས་བཙུན་མོ་ཆེན་མོས་སྨན་གྱི་ཚིགས་མ་འོ་མའི་ནང་དུ་བསྐོལ་ཏེ་འཐུངས་པ་དང༌། རིང་པོར་མ་ལོན་པར་སེམས་ཅན་དང་ལྡན་པར་གྱུར་ཏེ། བཙུན་མོ་གཞན་དག་སྨན་སྔར་འཐུངས་པ་ནི། ཟླ་བ་ཚང་བས་སོ་སོ་ནས་ཁྱེའུ་ཤ་སྟག་བཙས་ཏེ་བཟང་བ་བལྟ་ན་སྡུག་པའོ། །རྒྱལ་པོ་རབ་ཏུ་དགའ་ནས་བཙུན་མོ་ཆེན་མོ་སྲས་ནམ་བཙའ་པ་འབའ་ཞིག་སེམས་སོ། །བཙུན་མོ་ཆེན་མོ་ཡང་ཟླ་བ་ཚང་ནས་ཁྱེའུ་ཞིག་བཙས་ཏེ་བྱད་བཞིན་མི་སྡུག་པ་ཤིང་དུ་མ་ལྟ་བུ་ཞིག་བཙས་པས་རྒྱལ་པོ་དང་བཙུན་མོ་མི་དགའ་སྟེ། བུའི་མིང་ཡང་སྡོང་དུམ་ཞེས་བཏགས་སོ། །དེ་ནས་གསོས་བསྐྱེད་དེ་ཆེར་སྐྱེས་ནས་ཕུ་བོ་རྣམས་ནི། ཐམས་ཅད་ཆུང་མ་ལེན་ཏེ། རྒྱལ་བུ་སྡོང་དུ་མ་འབའ་ཞིག་ཆུང་མ་མ་བླངས་སོ། །དུས་གཞན་ཞིག་ན་ཕ་རོལ་པོའི་རྒྱལ་པོས་དམག་དྲངས་ནས་ཉེ་བར་འོངས་པ་དང༌། རྒྱལ་བུ་ལྔ་བརྒྱས་ཀྱང་དམག་གི་ཚོགས་བཤམས་ཏེ་ཕ་རོལ་པོའི་དམག་ལ་རྒོལ་དུ་སོང་སོང་བ་ལས། གཡུལ་ཕམ་ནས་ཕྱིར་ཕོ་བྲང་དུ་བྲོས་ཏེ་འོངས་སོ། །

        རྒྱལ་བུ་སྡོང་དུམ་གྱིས་ཕུ་བོ་རྣམས་ལ་སྨྲས་པ། ཁྱེད་ཅིའི་ཕྱིར་འདི་ལྟར་འཇིགས་སྐྲག་སྟེ་བྲོས་ཞེས་དྲིས་ན་ཕུ་བོ་རྣམས་ཀྱིས་སྨྲས་པ། ངེད་དམག་དང་བཅས་ཏེ་ཕ་རོལ་པོའི་དམག་ལ་རྒོལ་དུ་སོང་བ་ལས་གཡུལ་ཕམ་ནས་ཕ་རོལ་པོའི་དམག་གིས་བདས་ནས་བྲོས་པ་ཡིན་ནོ། །རྒྱལ་བུ་སྡོང་དུམ་གྱིས་སྨྲས་པ། དགྲ་དེ་ཙམ་གྱིས་བདག་ཅག་ལ་བདོ་བར་མི་ནུས་ཀྱི། བདག་ཅག་གིས་མེས་པོའི་གཞུ་དང༌། དུང་ད་ལྟར་ལྷའི་རྟེན་གྱི་ནང་ན་ཡོད་པ་འོན་ཅིག་དང༌། བདག་དེ་དག་ལ་རྒོལ་དུ་འགྲོའོ། །ཞེས་སྨྲས་སོ། །རྒྱལ་བུ་དེའི་མེས་པོ་ནི། འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཡིན་ཏེ། མི་མང་པོ་བཟློག་ནས་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་གཞུ་གཡེར་པོར་བཏེགས་ཏེ་རྒྱལ་བུ་ལ་ཕུལ་ལོ། །རྒྱལ་བུས་གཞུ་བླངས་ཏེ་བརྡུངས་ནས་གཞུ་རྒྱུད་སྦྲེངས་པའི་སྒྲ་འབྲུག་སྐད་ཟེར་ཏེ་དཔག་ཚད་བཞི་བཅུའི་བར་དུ་ཐོས་པར་གྱུར་ཏོ། །དེ་ནས་རྒྱལ་བུས་གཞུ་དང༌། དུང་ཐོགས་ཏེ་གཅིག་བུ་དགྲ་ལ་རྒོལ་དུ་སོང་ནས་སྔར་དུང་བུས་ཏེ་དུང་གི་སྒྲ་གནམ་ལྕགས་འབབ་པ་སྐད་དྲག་པོས་ཕ་རོལ་པོའི་དམག་གིས་ཐོས་པ་ཙམ་གྱིས་འཇིགས་སྐྲག་སྟེ་ཐམས་ཅད་བྱེར་རོ། །དེ་ནས་རྒྱལ་བུ་ཡང་ཕྱིར་ལོག་ནས་རྒྱལ་པོ་དང༌། བཙུན་མོས་གདོད་སྡུག་པར་བསམ་སྟེ་རྒྱལ་བུའི་ཆུང་མ་བླང་བར་བྱས་སོ། །དེའི་ཚེ་ན་རྒྱལ་པོ་ལི་ཤི་བ་ཙ་ཞེས་བྱ་བ་ལ་བུ་མོ་ཞིག་ཡོད་དེ། འཇིག་རྟེན་ན་དཀོན་པར་བཟང་ངོ༌། །ཞེས་ཐོས་ནས་རྒྱལ་པོས་ཕོ་ཉ་བཏང་སྟེ་བུ་མོ་མནའ་མར་བླངས་ནས་རྒྱལ་བུའི་ནང་ན་བྱང་གཟུགས་བཟང་བ་གཅིག་མག་པ་ཡིན་ནོ། །ཞེས་བསྟན་ཏེ། རྒྱལ་པོ་དེས་ཀྱང་བུ་མོ་སྦྱིན་པར་བྱས་སོ། །

        དེ་ནས་རྒྱལ་པོ་རབ་ཏུ་དགའ་ནས་མནའ་མ་བསུ་བའི་ཡོད་བྱད་བཤམས་ཏེ་རྒྱལ་བུ་སྡོང་དུམ་ཉིད་ཀྱང་ཆུང་མ་བསུར་བཏང་ནས་ཉིན་པར་ཆུང་མ་དང་མ་ཕྲང་བར་གྱིས་ལ། མཚན་མོ་ཕྲད་པར་གྱིས་ཤིག་ཅེས་བསྒོས་ནས་བཏང་ངོ༌། །དེ་ནས་དུས་གཞན་ཞིག་ན་བུ་མོ་དེ་ཕུ་ནུ་མོ་གཞན་དག་དང་ཕྲད་ནས་སོ་སོ་ནས་ཁྱོའི་ཡོན་ཏན་ཅི་ཡོད་པ་སྨྲས་པ་དང༌། རྒྱལ་བུ་སྡོང་དུམ་གྱི་ཆུང་མས་ཀྱང་ཁྱོ་ལ་བསྟོད་དེ། །ཁོ་མོའི་ཁྱོ་ནི།དཔའ་ལ་སྟོབས་ཀྱང་གྱད་དང་མཉམ་སྟེ། ལུས་ཀྱི་ཤ་ཡང་ཤིན་ཏུ་འཇམ་མོ། །ཞེས་སྨྲས་པ་དང༌། ཕུ་ནུ་མོས་སྨྲས་པ། ཁྱོད་ནི། མ་སྨྲ་ཞིག །ཁྱོད་ཀྱི་ཁྱོ་ནི། ཤིན་ཏུ་ཡང་མི་སྡུག་སྟེ། སྡོང་དུ་མ་དང་འདྲ་བས་ཅི་སྟེ་ཁྱོད་ཉིན་པར་མཐོང་ན་སྔངས་པར་འགྱུར་རོ། །ཞེས་སྨྲས་སོ། །སྡོང་དུམ་གྱི་ཆུང་མས་ཕུ་ནུ་མོ་དག་གིས་དེ་སྐད་སྨྲས་པ་ཐོས་ནས་ཡིད་ལ་བཟུང་སྟེ་མཚན་མོ་མེ་མར་སྦས་ནས་ཁྱོ་གཉིད་ཀྱིས་ལོག་པའི་འོག་ཏུ་མེ་མར་ཕྱུང་སྟེ་བལྟས་ན། ཤིན་ཏུ་མི་སྡུག་པར་མཐོང་ནས་དངངས་སྐྲག་སྟེ་མོད་ལ་ཕྱིར་པ་མའི་ཡུལ་དུ་བྲོས་སོ། །རྒྱལ་བུ་སྡོང་དུ་མ་གྱིས་ནམ་ལངས་ནས་གདོད་ཚོར་ཏེ་མི་དགའ་ནས་གཞུ་དང་དུང་ཐོགས་ཏེ་ཆུང་མའི་ཡུལ་དུ་ཆུང་མ་སྙེགས་སུ་སོང་ངོ༌། །ཡུལ་དེར་ཕྱིན་ན་བློན་པོ་ཞིག་ལ་གནས་ཤིང་འདུག་པ་ལས། དུས་གཞན་ཞིག་ན་རྒྱལ་ཕྲན་དྲུག་གི་རྒྱལ་པོས་ཀྱང་རྒྱལ་པོ་ལི་ཤི་པ་ཙ་ལ་བུ་མོ་བཟང་མོ་ཞིག་ཡོད་དོ། །ཞེས་ཐོས་ནས་སོ་སོ་ནས་དམག་དང་བཅས་ཏེ་བུ་མོ་སློང་དུ་འོངས་སོ། །

        དེའི་ཚེ་རྒྱལ་པོ་ལི་ཤི་པ་ཙ་མི་དགའ་ནས་བློན་པོ་རྣམས་བསྡུས་ཏེ་བགྲོས་ནས་གལ་ཏེ་བུ་མོ་འདི་རྒྱལ་པོ་གཅིག་ལ་བྱིན་ན། གཅིག་མི་དགའ་ཞིང་འཁོན་དུ་འཛིན་པས། ཇི་ལྟར་བྱས་ན་དགྲ་འདི་དག་མེད་པར་འགྱུར་ཞེས་བགྲོས་པ་དང༌། བློན་པོ་གཅིག་གིས་བུ་མོ་འདི་དུམ་བུ་དུམ་བུར་བྱས་ལ་དུམ་བུ་རེ་རེ་བྱིན་ན། དེ་དག་གི་ཡིད་ཚིམ་པར་འགྱུར་ཞེས་སྨྲས་སོ། །བློན་པོ་ཁ་ཅིག་གིས་ནི། འདི་སྐད་དུ། ལ་ལ་ཞིག་གིས་དམག་འདི་དག་ཟློག་ནུས་ན་བུ་མོ་ཡང་ཆུང་མར་སྦྱིན་ལ། ཡུལ་ཕྱེད་ཀྱང་བྱ་དགར་སྦྱིན་ནོ། །ཞེས་བཀར་བཏགས་ན་རུང་ངོ༌། །ཞེས་སྨྲས་སོ། །རྒྱལ་པོས་ཀྱང་གྲོས་དེ་ཉན་ཏེ་བཀར་བཏགས་པ་དང༌། དེའི་ཚེ་ན་རྒྱལ་བུ་སྡོང་དུམ་གཞུ་དང་དུང་ཐོགས་ཏེ་གྲོང་ཁྱེར་གྱི་ཕྱི་རོལ་ཏུ་ཕ་རོལ་གྱི་དགྲ་གང་ན་འདུག་པར་སོང་ནས་དུང་བུས་ཏེ་གཞུ་རྒྱུད་སྦྲེངས་པ་ཙམ་གྱིས་ཕ་རོལ་གྱི་དམག་ཐམས་ཅད་སྐྲག་ནས་འགུལ་ཡང་མ་ནུས་སོ། །དེ་ནས་དེ་དག་གི་དམག་གི་ནང་དུ་སོང་ནས་རྒྱལ་པོ་དྲུག་ཆར་གྱི་མགོ་བཅད་དེ་ཅོད་པན་བླངས་ནས་དམག་དེ་རྣམས་ཀྱང་འཁོར་དུ་བསྡུས་སོ། །རྒྱལ་པོ་ལུ་ཤི་པ་ཙ་རབ་ཏུ་དགའ་སྟེ་བུ་མོ་ཡང་ཆུང་མར་བྱིན་ནས་རྒྱལ་པོ་ཆེན་པོར་བཅུག་སྟེ་རྒྱལ་པོ་དྲུག་གི་སྲིད་གཅིག་ཏུ་བསྡུས་ནས་དམག་གི་ཚོགས་དང་བཅས་ཏེ་ཆུང་མ་དང་འགྲོགས་ནས་ཕྱིར་བདག་གི་ཡུལ་དུ་འོངས་སོ། །རྒྱལ་པོས་ཀྱང་སྲས་ཀྱིས་ཕྱིར་འོངས་སོ། །ཞེས་ཐོས་ནས་ཕྱི་རོལ་ནས་བསུས་ཏེ་རྒྱལ་སྲིད་ཀྱང་རྒྱལ་བུ་ལ་བྱིན་པ་ལས། བྱེད་དུ་མ་བཏུབ་ནས་ཕྱིར་ཡབ་ལ་གཏད་དེ་སྔོན་བཞིན་དུ་ཆུང་མ་དང་ལྷན་ཅིག་ཏུ་འདུག་ནས་ཆུང་མ་ལ་ཁྱོད་ཅིའི་ཕྱིར་མཚན་མོ་ཁོ་བོ་བོར་ཏེ་བྲོས་ཞེས་དྲིས་ན། ཁྱོད་མི་སྡུག་ཆེས་ནས་མི་མ་ཡིན་སྙམ་སྟེ་སྐྲག་ནས་བྲོས་སོ། །

        དེ་ནས་རྒྱལ་བུས་མེ་ལོང་བླངས་ཏེ་མེ་ལོང་གི་ནང་དུ་བལྟས་ན། བདག་གི་བཞིན་ཤིན་ཏུ་མི་སྡུག་པར་མཐོང་སྟེ། ལུས་དེ་ལ་ལྟ་མི་འདོད་པ་ཙམ་དུ་སྐྱོ་ནས་ཚལ་ཞིག་གི་ནང་དུ་སོང་སྟེ་འཆི་བར་བྱས་པ་ལས། བརྒྱ་བྱིན་ལྷའི་དབང་པོས་རྒྱང་མ་ནས་མཐོང་སྟེ་དེའི་དྲུང་དུ་འོངས་ཏེ་ཅིའི་ཕྱིར་ཁྱོད་འཆི་ཞེས་དྲིས་ན། རྒྱལ་བུས་དེ་བཞིན་དུ་སྨྲས་པ་དང༌། བརྒྱ་བྱིན་གྱིས་སྤྲོ་བ་བསྐྱེད་དེ། རིན་པོ་ཆེའི་ནོར་བུ་གཅིག་བྱིན་ནས་འདི་སྐད་ཅེས་སྨྲས་སོ། །ཁྱོད་རྟག་ཏུ་ནོར་བུ་འདི་སྤྱི་བོ་ལ་ཐོགས་ཤིག་དང༌། ང་དང་འདྲ་བར་བཟང་ཞིང་མཛེས་པར་འགྱུར་རོ། །ཞེས་བསྒོས་ནས་རྒྱལ་བུས་ནོར་བུ་སྤྱི་བོ་ལ་བཏགས་མ་ཐག་ཏུ་བདག་གི་ལུས་སྔོན་པས་ལྷག་པར་གྱུར་པ་ཚོར་ནས་ཕྱིར་ཕོ་བྲང་གི་ནང་དུ་འོངས་ནས་གཞུ་དང༌། དུང་བླངས་ཏེ་ཕྱི་རོལ་དུ་རྩེར་འགྲོ་བ་ལས་ཆུང་མས་ངོ་མ་ཤེས་ཏེ་འདི་སྐད་ཅེས་སྨྲས་སོ། །ཁྱོད་སུ་ཞིག །འདི་ལ་མ་རེག་ཅིག །ཁོ་མོའི་ཁྱོ་འོངས་ན་གནོད་པར་གྱུར་ཏ་རེ། ཆུང་མ་ལ་སྨྲས་པ། ང་ནི། ཁྱོད་ཀྱི་ཁྱོ་ཡིན་ནོ། །ཞེས་སྨྲས་ན། ཆུང་མ་ཡིད་མ་ཆེས་ཏེ། འདི་སྐད་ཅེས་སྨྲས་སོ། །ཁོ་མོའི་ཁྱོ་ནི། ཤིན་ཏུ་ཡང་མི་སྡུག་སྟེ། ཁྱོད་ནི། ཤིན་ཏུ་ཡང་བཟང་བ་ཞིག་ན། ཇི་ལྟར་ཁོ་མོའི་ཁྱོ་ཞེས་སྨྲས་པ་དང༌། རྒྱལ་བུས་སྤྱི་བོའི་ནོར་བུ་བཀྲོལ་མ་ཐག་ཏུ་ཕྱིར་མི་སྡུག་པར་མཐོང་ནས་རབ་ཏུ་དགའ་སྟེ། ཅིའི་ཕྱིར་འདི་ལྟར་གྱུར་ཅེས་དྲིས་ན། རྒྱལ་བུས་ཅིའི་ཕྱིར་དེ་ལྟར་གྱུར་བ་རྒྱས་པར་གཏམ་བྱས་ནས་དེ་ཕྱིན་ཆད་ཁྱོ་ཤུག་གཉིས་མཛའ་སྟེ་རྒྱལ་བུའི་མིང་སྡོང་དུམ་ཞེས་བྱ་བ་ཡང་བརྗེས་ནས་རྒྱལ་བུ་སུ་ལ་ཤན་ཞེས་བཏགས་སོ། །དེ་ནས་དུས་གཞན་ཞིག་ན་རྒྱལ་བུ་དེས་འདི་སྙམ་དུ་བསམ་མོ། །ད་ནི། དམག་དང་བཅས་ཏེ་ཕོ་བྲང་ཞིག་བྱའོ་སྙམ་དུ་བསམ་ནས་གང་ནས་གཞི་ཡངས་ཤིང་མཉམ་པ་ཞིག་ཏུ་སོང་སྟེ། འདིར་ཕོ་བྲང་གྱིས་ཤིག་ཅེས་བསྒོ་བ་དང༌། ཀླུའི་རྒྱལ་པོ་བཞི་ཞིག་མིར་སྤྲུལ་ནས་འདིར་ཕོ་བྲང་མཛད་ན་ཅི་ལས་མཛད་ཅེས་དྲིས་ན། རྒྱལ་བུ་སུ་ལ་ཤན་གྱིས་སྨྲས་པ། ས་ལས་བྱའོ། །ཞེས་བསྒོ་བ་དང༌། ཀླུའི་རྒྱལ་པོ་བཞིས་ཅིའི་ཕྱིར་རིན་པོ་ཆེ་ལས་མི་མཛད་ཅེས་སྨྲས་སོ། །སྨྲས་པ། ཕོ་བྲང་ཆེན་པོ་ཞིག་བྱ་དགོས་ན། རིན་པོ་ཆེ་དེ་སྙེད་ཅིག་ག་ལས་རྙེད་ཅེས་སྨྲས་པ་དང༌། ཀླུའི་རྒྱལ་པོ་ས་བདག་ཅག་གིས་དབུལ་ལོ། །ཞེས་སྨྲས་ནས་དེའི་ངོས་བཞིར་ཆུ་མིག་རེ་རེ་སྤྲུལ་ཏེ་འདི་སྐད་ཅེས་སྨྲས་སོ། །ཤར་ཕྱོགས་ལོགས་ཀྱི་ཆུ་མིག་ལས་བཅུས་ཏེ་བྱས་ན། བཻ་ཌཱུཪྻར་འགྱུར་རོ། །ལྷོ་ཕྱོགས་ཀྱི་ཆུ་མིག་ལས་བཅུས་ཏེ་བྱས་ན། ཐམས་ཅད་གསེར་དུ་འགྱུར་རོ། །ནུབ་ཕྱོགས་ངོས་ཀྱི་ཆུ་མིག་ལས་བཅུས་ཏེ་བྱས་ན། ཐམས་ཅད་དངུལ་དུ་འགྱུར་རོ། །བྱང་ཕྱོགས་ངོས་ཀྱི་ཆུ་མིག་ལས་བཅུས་ཏེ་བྱས་ན། ཐམས་ཅད་ཤེལ་དུ་འགྱུར་རོ། །ཞེས་སྨྲས་སོ། །རྒྱལ་བུས་ཀྱང་དེ་དག་གིས་སྨྲས་པ་བཞིན་དུ་ཆུ་མིག་ལས་བཅུས་ནས་དེ་བཞིན་དུ་གྱུར་ཏེ། དེ་ནས་ཕོ་བྲང་གི་ར་བ་ཁོར་ཁོར་ཡུག་དཔག་ཚད་བཞི་བརྒྱ་པ་ཞིག་བྱས་ནས་དེའི་ནང་དུ་ཕོ་བྲང་དཔག་ཚད་བཞི་བཅུ་པ་ཞིག་བྱས་ཏེ། ལམ་གྱི་སྲང་ན་ཁང་བུ་བརྩེགས་པ་དང༌།སྐྱེད་ཤིང་དང༌། ཁྲུས་ཀྱི་ཁང་བུ་ཡང་རིན་པོ་ཆེ་སྣ་བཞི་ལས་བྱས་སོ། །

        བཟང་བྱད་ལྷའི་ཕོ་བྲང་དང་འདྲ་བར་བྱས་ནས་ཟིན་མ་ཐག་ཏུ་རིན་པོ་ཆེ་སྣ་བདུན་ཡང་ཡོད་པར་གྱུར་ཏེ། གླིང་བཞི་ལ་དབང་བྱེད་ཅིང་དགེ་བ་རྒྱས་པར་བྱས་སོ། །རྒྱལ་པོ་ཆེན་པོ། དེའི་ཚེ་དེའི་དུས་ན་རྒྱལ་པོ་མ་ཧ་ཤ་ཀུ་ལ་ནི། ད་ལྟར་ངའི་ཡབ་ཟས་གཙང་མ་ཡིན་ནོ། །དེའི་ཚེ་དེའི་དུས་ན་རྒྱལ་པོའི་བཙུན་མོ་ནི་ད་ལྟར་ངའི་ཡུམ་ལྷ་མཛེས་མ་ཡིན་ནོ། །རྒྱལ་བུ་མི་སྡུག་པ་སྡོང་དུ་མ་ནི། ད་ལྟར་ང་ཡིན་ནོ། །དེའི་ཆུང་མ་དེ་ནི་སྐྱེ་རྒུའི་བདག་མོ་ཡིན་ནོ། །ཆུང་མ་དེའི་ཕ་དེ་ནི། འོད་སྲུང་ཡིན་ནོ། །རྒྱལ་པོ་དྲུག་གིས་དམག་དྲངས་ཏེ་བུ་མོ་འདོད་པ་དེ་དག་ནི། སྟོན་པ་དྲུག་པོ་འདི་དག་ཡིན་ཏེ། དེའི་ཚེ་དེའི་དུས་ན་ཡང་ང་དང་གཟུགས་ལ་རྩོད་པས་ངས་དེ་དག་ཀུན་བསད་དེ་དམག་གི་ཚོགས་ཀྱང་འཁོར་དུ་བསྡུས་པས་ད་ལྟར་གྱི་བར་དུ་རྙེད་པ་དང༌། གྲགས་པ་ལ་ཕྲག་དོག་བྱེད་པའི་ཕྱིར་ང་དང་འགྲན་པར་འདོད་ཀྱང་ཆོ་འཕྲུལ་མེད་དེ་བསམ་པ་ལྟར་མ་གྱུར་པས་ཆུར་ཤི་བ་ཡིན་ནོ། །དེ་ལྟར་དེ་དག་གི་འཁོར་ཁྲི་ཕྲག་དགུ་བཅུ་ཡང་ངའི་འཁོར་དུ་བསྡུས་ནས་ངའི་ཉེ་གནས་སུ་གྱུར་ཏོ། །

        དེ་ནས་རྒྱལ་པོ་གཟུགས་ཅན་སྙིང་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །རྒྱལ་པོ་སྡོང་དུམ་དེ་སྔོན་བསོད་ནམས་ཅི་ཞིག་བགྱིས་པས། འདི་ལྟར་མཐུ་སྟོབས་ཆེ་ལ་ཤིན་ཏུ་མི་སྡུག་པར་གྱུར། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ལ་བཀའ་སྩལ་པ། རྒྱུ་ཡོད་རྐྱེན་ཡོད་དེ། བསྟན་པར་བྱའོ། །སྔོན་འདས་པའི་དུས་བསྐལ་པ་གྲངས་མེད་དཔག་ཏུ་མེད་པའི་ཕ་རོལ་ན་འཛམ་བུའི་གླིང་འདིར་ཡུལ་ཝཱ་ར་ཎཱ་སི་ཞེས་བྱ་བ་ན་དྲང་སྲོང་རི་ཞེས་བྱ་བ་ལ་རང་སངས་རྒྱས་གཅིག་ཅིག་གནས་ཏེ། རང་སངས་རྒྱས་དེ་ལ་རླུང་ནད་ཡོད་པས། རླུང་ནད་ཀྱི་སྨན་འབྲུ་མར་འཐུང་དགོས་པ་ལས་འབྲུ་མར་འཚག་པའི་ཁྱིམ་དུ་སོང་ནས་འབྲུ་མར་བསླངས་པ་དང༌། འབྲུ་མར་འཚག་པ་དེས་དེ་ལ་ཁྲོས་ཏེ། མགོ་དང་ཤིང་དུམ་བུ་འདྲ་བ། རྐང་ལག་དང་ཤིང་ཚལ་འདྲ་བ་འདི་ལས་བྱེད་དུ་ནི། མི་བཏུབ་ཀྱི། ཞོ་གཅིག་ནམ་གཅིག་ཀྱང་འབྱིན་དུ་མི་བཏུབ་པར་སློང་མོ་འབའ་ཞིག་ལ་འཚོ་བ་ལྟོས་པ་འདི་ཞེས་སྤྱོས་ཤིང་བརྒྱད་ནས་འོན་ཀྱང་མར་གྱི་ཚིགས་མ་ཕུལ་ལོ། །རང་སངས་རྒྱས་དེས་མར་གྱི་ཚིགས་མ་ཐོབ་ནས་སྒོར་བྱུང་སྟེ་ཕྱིར་འགྲོ་བ་ལས། སྒོ་ཁར་མར་འཚག་པ་དེའི་ཆུང་མ་དང་ཕྲད་ནས་རང་སངས་རྒྱས་དེ་ལ་དད་པའི་སེམས་སྐྱེས་ཏེ། སྐྱེས་བུ་ཁྱེད་གར་གཤེགས། མར་གྱི་ཚིགས་མ་འདིས་ཅི་ཞིག་མཛད་ཅེས་དྲིས་པ་དང༌། རང་སངས་རྒྱས་དེས་ཀྱང་དེ་བཞིན་དུ་དྲང་པོར་གཏམ་བྱས་ནས་ཆུང་མ་དེས་རང་སངས་རྒྱས་དེ་ཕྱིར་བོས་ཏེ་ཁྱིམ་དུ་ཁྲིད་ནས་ལྷུང་བཟེད་བླངས་ཏེ་འབྲུ་མར་ལྷུང་བཟེད་བཀང་སྟེ་ཕུལ་ནས་ཁྱོལ་འདི་སྐད་ཅེས་སྨྲས་སོ། །ཁྱོད་ཀྱིས་སྐྱེས་བུ་འདི་ལ་མར་གྱི་ཚིགས་མ་ཕུལ་བ་ཤིན་ཏུ་ཉེས་ཀྱི། ཁའི་ཉེས་པ་འགྱོད་ཚངས་གྱིས་ཤིག་ཅེས་བསྒོ་ནས་མི་དེས་ཀྱང་འགྱོད་པའི་སེམས་སྐྱེས་ཏེ། འགྱོད་ཚངས་བྱས་ནས་ཁྱོ་ཤུག་ཡིད་མཐུན་པར་རང་སངས་རྒྱས་དེ་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། ད་སླན་ཆད་མར་དགོས་ན་ཡང་རྟག་ཏུ་ལོངས་ཤིག་ཅེས་སྨྲས་ནས་རང་སངས་རྒྱས་དེས་ཀྱང་རྟག་ཏུ་དེའི་ཁྱིམ་ནས་མར་བླངས་ཏེ་དེ་དག་གིས་བྱས་པ་གཟོ་བའི་ཕྱིར་དེ་དག་གི་དྲུང་དུ་ཆོ་འཕྲུལ་བསྟན་ཏེ་སྟེང་གི་ནམ་མཁའ་ལ་འཕགས་ནས་ཆུ་འབབ་པ་དང༌། མེ་འབྱུང་བ་དང༌། ཆོ་འཕྲུལ་རྣམ་པ་སྣ་ཚོགས་བསྟན་ཏོ། །མར་འབུལ་བའི་ཁྱོ་ཤུག་གཉིས་ཀྱིས་དེ་ལྟ་བུའི་ཆོ་འཕྲུལ་མཐོང་ནས་ལྷག་པར་དགའ་ཞིང་དད་པའི་སེམས་སྐྱེས་ཏེ་མི་དེས་ཆུང་མ་ལ་སྨྲས་པ། ཁྱོད་ཀྱིས་མར་ཕུལ་བའི་བསོད་ནམས་ཅི་ཡོད་པ་ཁོ་བོ་དང་ཐུན་མོང་དུ་གྱུར་ཏེ་བདག་ཅག་ཁྱོ་ཤུག་ཏུ་ཤོག་ཅིག །ཅེས་སྨྲས་པ་དང༌། ཆུང་མས་སྨྲས་པ། ཁྱོད་ཀྱིས་སྐྱེས་བུ་ཆེན་པོ་ལ་ཚིག་ངན་པ་སྨྲས་ཏེ་མར་གྱི་ཚིགས་མ་ཕུལ་ནས་དད་པའི་སེམས་མེད་པས་གང་དུ་སྐྱེས་ཀྱང་ཤིན་ཏུ་མི་སྡུག་པར་འོང་ན། ཁྱོད་དང་ཇི་ལྟར་ཁྱོ་ཤུག་ཏུ་བྱ་ཞེས་སྨྲས་པ་དང༌། ཁྱོས་སྨྲས་པ། ཁོ་བོས་རྟག་ཏུ་ཉོན་མོངས་ཏེ་མར་འཚག་པའི་ལས་བྱས་ན། ཅིའི་ཕྱིར་ཁྱོད་ཀྱི་སྦྱིན་པའི་འབྲས་བུ་ང་དང་ཐུན་མོང་དུ་མི་བསྔོ། ང་མི་ཉན་གྱི་ཁྱོད་དང་ཁྱོ་ཤུག་ཏུ་བྱ་དགོས་སོ། །

        ཆུང་མས་སྨྲས་པ། ཅི་སྟེ་ཁྱོད་དང་ཁྱོ་ཤུག་ཏུ་གྱུར་ན། ཁྱོད་མི་སྡུག་ཆེས་ནས་ཁོ་མོའི་ཁྱོད་དོར་ཏེ་མཚན་མོ་བྲོས་སུ་འོང་ངོ༌། །ཁྱོས་སྨྲས་པ། ཅི་སྟེ་ཁྱོད་བྲོས་ན་ཡང་ངས་ཕྱི་བཞིན་བསྙགས་ལ་ཁྱོད་ཐོབ་པར་བྱས་ནས་ཕྱིར་འོང་ངོ༌། །ཞེས་ཁྱོ་ཤུག་གཉིས་གཅིག་ལ་གཅིག་སྨྲས་ནས་རང་སངས་རྒྱས་དེ་ལ་ལུས་དང་སྲོག་ཕྱོགས་ཏེ་འགྱོད་ཚངས་བྱས་སོ། དེའི་ཚེ་ན་རང་སངས་རྒྱས་དེས་ཁྱོ་ཤུག་དེ་གཉིས་ལ་འདི་སྐད་ཅེས་བསྒོའོ། །ཁྱེད་ཁྱོ་ཤུག་གཉིས་ཀྱིས་ང་ལ་མར་བྱིན་པས་ན། ངའི་ནད་སོས་ཀྱི་ཁྱོ་ཤུག་གཉིས་ཅིར་སྨོན་པ་སྨྲོས་ཤིག །དེ་བཞིན་དུ་འགྲུབ་པར་འགྱུར་རོ། །ཞེས་བསྒོ་བ་དང༌། མི་ཁྱོ་ཤུག་དེ་གཉིས་རབ་ཏུ་དགའ་ནས་བུས་མོ་ས་ལ་བཙུགས་ཏེ་འདི་སྐད་ཅེས་སྨོན་ལམ་བཏབ་བོ། །བདག་ཅག་ཁྱོད་ཤུག་གཉིས་ལྷའམ། མི་གང་དུ་སྐྱེས་ཀྱང་ཡིད་བཞིན་དུ་གྲུབ་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། །རྒྱལ་པོ་ཆེན་པོ། དེའི་ཚེ་དེའི་དུས་ན་མར་འཚག་པའི་མི་དེ་ནི། རྒྱལ་བུ་སྡོང་དུམ་ཡིན་ནོ། །དེའི་ཆུང་མ་ནི། སྡོང་དུམ་གྱི་ཆུང་མ་ཉིད་ཡིན་ནོ། །དེའི་ཚེ་ན་རང་སངས་རྒྱས་ལ་སྡོང་དུམ་དང་འདྲ་ཞེས་ཚིག་ངན་པ་སྨྲས་ཏེ་ཁྲོས་བཞིན་དུ་མར་གྱི་ཚིགས་མ་བྱིན་པས། སྐྱེ་བ་ཐམས་ཅད་དུ་ཤིན་ཏུ་མི་སྡུག་པར་གྱུར་ཏོ། །ཕྱིས་འགྱོད་ཚངས་བྱས་ཏེ་མར་བཟང་པོ་ཕུལ་བས་སྐྱེ་བ་ཐམས་ཅད་དུ་ཕྱིས་བཟང་ཞིང་སྡུག་པར་གྱུར་ཏོ། །མར་ཕུལ་བས་ན་སྐྱེ་བ་ཐམས་ཅད་དུ་མཐུ་སྟོབས་དང་ལྡན་ཏེ། ཐམས་ཅད་ཐུབ་པར་གྱུར་ཏོ། །དེའི་བསོད་ནམས་ཀྱིས་ནི། འཁོར་ལོས་བསྒྱུར་བའི་རྒྱལ་པོར་གྱུར་ཏེ། གླིང་བཞི་ལ་དབང་ཞིང་འདོད་པ་ལྔ་ལ་ཡིད་བཞིན་དུ་སྤྱོད་པར་གྱུར་ཏོ། །དགེ་བ་དང་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་ནི། ནམ་ཡང་མེད་པར་མི་འགྱུར་ཏེ། དེ་བས་ན་ལུས་དང༌། ངག་དང༌། ཡིད་ཀྱི་ལས་སྲུང་པ་ལ་ནན་ཏན་བྱའོ། །

        བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་གསུངས་ནས་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་སོགས་ཏེ་རྒྱལ་པོ་དང༌།བློན་པོ་དང༌། འཁོར་རྣམ་བཞི་དང༌། ལྷ་དང༌། ཀླུ་ལ་སོགས་པས་ཐོས་ནས། ལ་ལ་ནི། རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ། ལ་ལ་ནི། ལན་གཅིག་ཕྱིར་ལྡོག་པ་དང༌། ཕྱིར་མི་ལྡོག་པ་དང༌། དགྲ་བཅོམ་པའི་འབྲས་བུ་ཐོབ། ལ་ལ་ནི། རང་སངས་རྒྱས་ཀྱི་དགེ་བའི་རྩ་བ་བསྐྱེད། ལ་ལ་ནི། བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། ཕྱིར་མི་ལྡོག་པའི་ས་ལ་གནས་པར་གྱུར་ནས་འཁོར་དེ་དག་ཐམས་ཅད་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་ཡི་རང་ནས་མངོན་པར་དགའོ། །སྟོན་པ་དྲུག་བཏུལ་བའི་ལེའུ་སྟེ་བཅུ་གསུམ་པའོ།། །།
                                                                              རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས། 
             རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
             དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།