བཟོད་པའི་ལེའུ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-10-13 19:31:35         ཀློག་ཐེངས།  

0689b8a9fb2b561de98440f16c94ea6.jpg

        འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཀྱི་འོད་མའི་ཚལ་བྱ་ཀ་ལནད་ཀ་གནས་པ་ན་བཞུགས་སོ། །དེའི་ཚེ་བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་ནས་རིང་པོ་མ་ལོན་པ་ཞིག་ན་ཐོག་མར་ཀཽཎྜི་ནྱ་ལ་སོགས་ཏེ་དགེ་སློང་ལྔ་རབ་ཏུ་བྱུང་ངོ༌། །དེའི་འོག་ཏུ་ཆུ་བོ་འོད་སྲུང་སྤུན་ལ་སོགས་པ་དགེ་སློང་སྟོང་རབ་ཏུ་བྱུང་ངོ༌། །དེ་ནས་དེ་མ་ཡིན་པ་རབ་ཏུ་བྱུང་ཞིང་ཆོས་ལ་གནས་པ་ཡང་མང་བར་གྱུར་ནས་རྒྱལ་པོའི་ཁབ་ཀྱི་མི་རྣམས་ཚད་མེད་པའི་དགའ་བ་སྐྱེས་ཏེ། དེ་བཞིན་གཤེགས་པ་འཇིག་རྟེན་དུ་གཤེགས་པ་ནི། ངོ་མཚར་སྨད་དེ། སོ་སོའི་སྐྱེ་བོ་མང་པོའི་དོན་མཛད་དོ། །ཞེས་བསྟོད་ཅིང་བསྔགས་སོ། །

        གཞན་ཡང་འདི་སྐད་དུ་ཀཽཎྜི་ནྱ་དང༌། ཆུ་པོ་འོད་སྲུང་གི་འཁོར་ལ་སོགས་པ་ཐོག་མར་རབ་ཏུ་བྱུང་བ་དེ་དག་སྔོན་དེ་བཞིན་གཤེགས་པ་དང་འཕྲིན་ལས་གང་མཐུན་ན། ནང་གི་ཐོག་མར་ཆོས་ཀྱི་བདུད་རྩི་མྱོང་བར་གྱུར་ཅེས་སྨྲས་སོ། །དགེ་སློང་དེ་དག་དེ་སྐད་ཅེས་སྨྲས་པ་ཐོས་ནས་དེ་བཞིན་དུ་བཅོམ་ལྡན་འདས་ལ་རྒྱས་པར་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྔོན་འདས་པའི་དུས་ན་འདི་དག་གི་ཕྱིར་ངས་ཡི་དམ་ཆེན་པོ་བཅས་ཏེ་ནམ་མངོན་པར་རྫོགས་པར་སངས་རྒྱས་ནས་སྔར་འདི་དག་གི་དོན་བྱ་བར་ཤོག་ཅིག་ཅེས་དམ་བཅས་སོ། །དགེ་སློང་རྣམས་ཀྱིས་དེ་སྐད་ཅེས་ཐོས་ནས་བཅོམ་ལྡན་འདས་ཀྱིས་སྔོན་ཐུགས་དམ་ཇི་ལྟར་བཅས་པ་ཐུགས་བརྩེ་བར་དགོངས་ཏེ་རྒྱས་པར་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། ཁྱེད་རྟག་པར་ཉོན་ལ་ཤིན་ཏུ་ཡིད་ལ་ཟུངས་ཤིག་དང༌། ཁྱེད་ལ་བསྟན་པར་བྱའོ། །སྔོན་འདས་པའི་བསྐལ་པ་ཚད་མེད་གྲངས་མེད་དཔག་ཏུ་མེད་བསམ་གྱིས་མི་ཁྱབ་བརྗོད་ཀྱིས་མི་ལང་བ་འདས་པའི་སྔ་རོལ་ན་ཡུལ་ཝཱ་ར་ཎཱ་སི་ཞེས་བྱ་བར་རྒྱལ་པོ་རྩོད་བྱུང་ཞེས་བྱ་བ་ཞིག་བྱུང་སྟེ། དེའི་ཚེ་ཡུལ་དེ་ན་དྲང་སྲོང་བཟོད་པ་ཅན་ཞེས་བྱ་བ། འཁོར་སློབ་མ་ལྔ་བརྒྱ་དང་རིའི་ནགས་ན་གནས་ཤིང་བཟོད་པ་སྒོམ་མོ། །

        དེའི་ཚེ་ན་རྒྱལ་པོ་དེ་བཙུན་མོ་དང༌། ཕོ་བྲང་གི་སླས་དང༌། བློན་པོར་བཅས་ཏེ་རིལ་རོལ་དུ་གཤེགས་པ་ལས་གནས་ཤིག་ཏུ་མཉེས་ཏེ་གཟིམས་པ་དང༌། ཕོ་བྲང་སླས་རྣམས་སྔོན་དུ་དོང་ནས་གནས་དང༌། མེ་ཏོག་རྣམས་བལྟ་ཞིང་སོང་སོང་བ་ལས། དྲང་སྲོང་བཟོད་པ་ཅན་ལུས་དྲང་པོར་བཞག་སྟེ་ཤིན་ཏུ་སེམས་ཤིང་འདུག་པར་མཐོང་ནས་དེ་ལ་དད་པའི་སེམས་སྐྱེས་ཏེ་མེ་ཏོག་སྣ་ཚོགས་ཀྱིས་གཏོར་ཏོ། །བཙུན་མོ་དེ་དག་དེའི་མདུན་དུ་འཁོད་དེ་ཆོས་ཀྱང་ཉན་ཏོ། །རྒྱལ་པོ་གཟིམས་པ་ལས་སད་ནས་བཙུན་མོ་རྣམས་མི་སྣང་བ་དང༌། བློན་པོ་བཞི་དང་བཙུན་མོ་བཙལ་བ་ལས་བཙུན་མོ་རྣམས་དྲང་སྲོང་གི་མདུན་ན་འཁོད་པ་མཐོང་ནས་དྲང་སྲོང་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཁྱོད་སྐྱེ་མཆེད་མཐའ་ཡས་ཀྱི་ཏིང་ངེ་འཛིན་བཞི་ཐོབ་བམ། སྨྲས་པ། མ་ཐོབ་བོ། །སྨྲས་པ། འོ་ན་ཁྱོད་ཚད་མེད་པ་བཞི་ཐོབ་བམ། མ་ཐོབ་བོ། །སྨྲས་པ། འོ་ན་ཁྱོད་བསམ་གཏན་བཞི་ཐོབ་བམ། དེ་ཡང་མ་ཐོབ་བོ། །ཞེས་སྨྲས་པ་དང༌། རྒྱལ་པོ་དེ་ཁྲོས་ཏེ་ཡོན་ཏན་འདི་དག་ཁྱོད་ཀྱིས་གང་ཡང་མ་ཐོབ་ན། ཁྱོད་ནི། མ་རབས་ཐ་མལ་པ་ཡིན་ཏེ། བུད་མེད་རྣམས་དང་དབེན་པ་སྐྱབས་ཡོད་པའི་གནས་ན་འདུག་པ་ཇི་ལྟར་ཡིད་ཆེས་སུ་རུང༌། རྟག་ཏུ་འདི་ན་གནས་པ་འདི་ཁྱོད་སུ་ཞིག །ལས་ཅི་ཞིག་བྱེད་ཅེས་སྨྲས་པ་དང༌། དྲང་སྲོང་གིས་རྒྱལ་པོ་དེ་ལ་བདག་ནི། འདི་ན་བཟོད་པ་སྒོམ་མོ། །ཞེས་སྨྲས་སོ། །དེ་ནས་རྒྱལ་པོས་རལ་གྲི་ཕྱུང་སྟེ་ཁྱོད་བཟོད་པ་སྒོམ་ཞེ་ན། བཟོད་དམ་མི་བཟོད་སད་དོ། །ཞེས་དྲང་སྲོང་གི་ལག་པ་གཉིས་བཅད་དེ། ཁྱོད་སུ་ཡིན་ཞེས་དྲིས་ན། བདག་ནི། བཟོད་པ་ཅན་ནོ། །ཞེས་སྨྲས་སོ། །དེ་ནས་རྐང་བ་བཅད་ན། འོན་ཀྱང་བཟོད་པ་ཅན་ནོ། །ཞེས་སྨྲས་སོ། །

        དེའི་ཚེ་ན་གནམ་ས་རྣམ་པ་དྲུག་ཏུ་གཡོས་ནས་ཉེ་གནས་ལྔ་བརྒྱ་ཙམ་ཡང་ནམ་མཁའ་ལ་འཕུར་ཏེ་དེར་ལྷགས་ནས་སློབ་དཔོན་དེ་ལ་དེ་ལྟ་བུའི་སྡུག་བསྔལ་ཉམས་སུ་མྱོང་ན། བཟོད་པའི་སེམས་ཉམས་པར་མ་གྱུར་ཏམ་ཞེས་སྨྲས་སོ། །དྲང་སྲོང་གིས་སྨྲས་པ། བདག་གི་སེམས་མ་གྱུར་མ་ཉམས་སོ། །ཞེས་སྨྲས་པ་དང༌། རྒྱལ་པོ་ཡང་སྡངས་སྐྲག་ནས་དྲང་སྲོང་ལ་སྨྲས་པ། ཁྱོད་བཟོད་པ་ཅན་ཡིན་པར་ཅིས་ཡིད་ཆེས་པར་འགྱུར། དྲང་སྲོང་གིས་སྨྲས་པ། བདག་གིས་སྨྲས་པའི་ཚིག་རྫུན་པ་མ་ཡིན་ཏེ་བདེན་ན། བདེན་པ་དེས་ཁྲག་འོ་མར་གྱུར་ཅིང་ཡན་ལག་བཅད་པ་ཡང་སོས་ཏེ་སྔ་མ་ཁོ་ན་བཞིན་དུ་གྱུར་ཅིག་ཅེས་སྨྲས་མ་ཐག་ཏུ་ཁྲག་འོ་མར་གྱུར་ནས་ཡན་ལག་ཀྱང་སོས་ཏེ་སྔ་མ་ཁོ་ན་བཞིན་དུ་གྱུར་ཏོ། །རྒྱལ་པོས་དེ་ལྟར་བཟོད་པ་དང་ལྡན་པར་མཐོང་ནས་ལྷག་པར་འཇིགས་སྐྲག་སྟེ། བདག་ཅིའི་སླད་དུ་དྲང་སྲོང་ཆེན་པོ་ལ་གནོད་པ་བགྱིས། བདག་ལ་ཐུགས་བརྩེ་བར་དགོངས་ཏེ་འགྱོད་ཚངས་བྱ་བར་གནོད་ཞིག་ཅེས་གསོལ་ཏོ། །དྲང་སྲོང་གིས་སྨྲས་པ། ཁྱོད་ནི། བུད་མེད་ཀྱི་ཕྱིར་མཚོན་ཐོགས་ནས་བདག་གི་ཡན་ལག་བཅད་མོད་ཀྱི། བདག་གི་བཟོད་པ་ནི། ས་དང་འདྲ་བས་ཕྱིས་མངོན་པར་སངས་རྒྱས་པ་ན་ཤེས་རབ་ཀྱི་རལ་གྲིས་ཁྱོད་ཀྱི་དུག་གསུམ་ཆོད་པར་ཤོག་ཅིག་ཅེས་སྨྲས་སོ། །

        དེའི་ཚེ་ན་རི་དེའི་ལྷ་དང་ཀླུ་རྣམས་ཀྱིས་དྲང་སྲོང་དེ་ལ་རྒྱལ་པོ་དེ་འཚེ་ཞིང་གནོད་པ་བྱས་པ་མཐོང་ནས་སོ་སོ་ནས་ཁྲོས་ཏེ་སྤྲིན་བསྡུས་ནས་འབྲུག་དང༌། སེར་བ་དང༌། གནམ་ལྕགས་ཕབ་སྟེ་རྒྱལ་པོ་འཁོར་དང་བཅས་པ་གསད་པར་བྱས་པ་ལས། དྲང་སྲོང་གིས་ཁྱེད་ངའི་ཕྱིར་འདི་ལྟ་བུའི་གནོད་པ་དང་འཚེ་བ་མ་བྱེད་ཅིག་ཅེས་བསྒོའོ། །རྒྱལ་པོ་དེས་དེར་འགྱོད་ཚངས་བྱས་ནས་དྲང་སྲོང་དེ་རྟག་ཏུ་ཕོ་བྲང་དུ་སྤྱན་དྲངས་ཏེ་མཆོད་པ་བྱས་སོ། །དེའི་ཚེ་ན་སློབ་དཔོན་གཞན་ལ་ཞུགས་པ་ཀུན་ཏུ་རྒྱུ་སྟོང་ཙམ་ཞིག་དྲང་སྲོང་བཟོད་པ་ཅན་ལ་རྒྱལ་པོ་དེ་དད་ཅིང་མོས་པ་མཐོང་ནས་ཕྲག་དོག་སྐྱེས་ཏེ་བདེན་པ་མི་སྣང་བའི་གནས་ནས་ས་རྡུལ་དང༌། རྩོག་ཅིང་སྨེ་བའི་བག་གིས་དྲང་སྲོང་དེ་ལ་གཏོར་ཏོ། །དེའི་ཚེ་ན་ཀུན་ཏུ་རྒྱུ་ང་ལ་སས་གཏོར་བ་བརྒྱ་ཕྲག་བཅུ་པོ་དེ་ནི། ད་ལྟར་གྱི་ཆུ་བོ་འོད་སྲུང་ལ་སོགས་པའི་དགེ་སློང་བརྒྱ་ཕྲག་བཅུ་ཡིན་ཏེ། དེའི་ཚེ་ན་ཡི་དམ་བཅས་ནས་བདག་བཟོད་པ་བསྒོམས་པ་རྒྱུན་མི་འཆད་པ་འདིས་ནམ་མངོན་པར་སངས་རྒྱས་པ་ན་བདུད་རྩིའི་ཆུས་ཁྱོད་ཀྱི་རྡུལ་དང་དྲི་མ་བཀྲུས་ཏེ་འདོད་པའི་རྩོག་པ་ཡོངས་སུ་དག་པར་ཤོག་ཅིག་ཅེས་དམ་བཅས་སོ། །

        དགེ་སློང་དག །དེའི་ཚེ་ན་དྲང་སྲོང་བཟོད་པ་ཅན་དེ་ཤེས་པར་འདོད་ན་གཞན་དུ་མ་སེམས་ཤིག །དེ་ནི། ད་ལྟར་ང་ཡིན་ནོ། །རྒྱལ་པོ་རྩོད་བྱུང་དང༌། བློན་པོ་བཞི་ནི། ཀཽཎྜི་ནྱ་ལ་སོགས་དགེ་སློང་ལྔ་སྡེ་ཡིན་ནོ། །དེའི་ཚེ་བཟོད་པ་བསྒོམས་པ་ན་འདི་དག་གི་དོན་སྔར་བྱའོ། །ཞེས་དམ་བཅས་པས་མངོན་པར་སངས་རྒྱས་ནས་སྔར་འདི་དག་སྡུག་བསྔལ་ལས་ཡོངས་སུ་གྲོལ་བར་མཛད་དོ། །དགེ་སློང་རྣམས་སངས་རྒྱས་ཀྱིས་གསུངས་པ་ལ་རྗེས་སུ་ཡི་རང་ནས་མངོན་པར་དགའོ། །བཟོད་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།

                                                                          རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས།
              རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
             དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།