གསེར་དབྱིག་གི་ལེའུ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-10-12 10:43:18         ཀློག་ཐེངས།  

321248353611970214.jpg

        འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་རབ་ན་དགེ་སློང་ཆེན་པོའི་དགེ་འདུན་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་དང་ཐབས་ཅིག་ཏུ་བཞུགས་སོ། །དེའི་ཚེ་གྲོང་ཁྱེར་དེ་ན་ཁྱིམ་བདག་ཅིག་གི་ཆུང་མ་ལ་བུ་ཞིག་བཙས་ཏེ། མིང་ཡང་གསེར་དབྱིག་ཅེས་བཏེགས་ནས་བྱད་གཟུགས་ལེགས་པ། བཟང་བ། ཤིན་ཏུ་མཛེས་པ། འཇིག་རྟེན་ན་ཟླ་མེད་པ། ཁྱེའུ་དེ་སྔོན་གྱི་ལས་ཀྱིས་ལག་པ་གཉིས་ཁུ་ཚུར་བཅངས་ནས་བྱུང་ངོ༌། །ཁྱེའུ་དེའི་ཕ་མ་ཡ་མཚན་དུ་གྱུར་ཏེ་བཀྲ་མི་ཤིས་སོ་སྙམ་ནས་ཁྱེའུ་དེའི་ཁུ་ཚུར་གཉིས་ཕྱེ་སྟེ་བལྟས་ན། ཁྱེའུའི་ལག་མཐིལ་ན་གསེར་གྱི་དོང་ཚེ་རེ་རེ་ཡོད་དོ། །ཕ་མ་གཉིས་རབ་ཏུ་དགའ་སྟེ་གསེར་གྱི་དོང་ཚེ་གཉི་ག་བླངས་ཏེ། བླངས་པའི་ཤུལ་ན་ད་དུང་ཡང་ཡོད་པར་གྱུར་ནས་ཡང་བླངས་སོ། །

        དེ་བཞིན་དུ་ཕ་མ་གཉིས་ཀྱིས་གསེར་གྱི་དོང་ཚེ་ལག་མཐིལ་ནས་བླངས་པས་བང་མཛོད་གང་ཡང་བུའི་ལག་ནས་དོང་ཚེ་ཟད་པར་མ་གྱུར་ཏོ། །ཁྱེའུ་དེ་ཕྱིས་ཆེར་སྐྱེས་ནས་ཕ་མ་ལ་བདག་རབ་ཏུ་འབྱུང་ངོ༌། །ཞེས་གསོལ་པ་དང༌། ཕ་མས་ཀྱང་ཡིད་བཞིན་དུ་གནང་ངོ༌། །ཞེས་སྨྲས་སོ། །དེ་ནས་ཁྱེའུ་གསེར་དབྱིག་བཅོམ་ལྡན་འདས་ག་ལ་བ་དེར་སོང་ནས་ཞབས་ལ་སྤྱི་བོས་ཕྱག་འཚལ་ཏེ་སངས་རྒྱས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་ལ་ཐུགས་བརྩེ་བའི་སླད་དུ་སྟོན་པས་བདག་ལ་རབ་ཏུ་འབྱུང་བར་ཅི་གནང་ཞེས་གསོལ་བ་དང༌། བཅོམ་ལྡན་འདས་ཀྱིས་ཁྱེའུ་གསེར་དབྱིག །ཁྱོད་རབ་ཏུ་འབྱུང་བར་གནང་ངོ༌། །ཞེས་བཀའ་སྩལ་ཏོ། །དེ་ལྟར་སངས་རྒྱས་ཀྱིས་གནང་ནས་ཁྱེའུ་གསེར་དབྱིག་སྐྲ་དང་ཁ་སྤུ་བྲེགས་ཏེ་ཆོས་གོས་གྱོན་ནས་དགེ་སྦྱོང་དུ་གྱུར་ཏོ། །ཕྱིས་ལོ་གྲངས་ཚང་སྟེ་བསྙེན་པར་རྫོགས་རན་ནས་དགེ་འདུན་ལ་དད་པ་གསོལ་ཏེ་བསྙེན་པར་རྫོགས་པར་གསོལ་ཏོ། །བསྙེན་པར་རྫོགས་པའི་དགེ་འདུན་ལ་རིམ་གྱིས་ཕྱག་འཚལ་ཏེ། མཐར་གྱིས་ཕྱག་འཚལ་བ་ན་ལག་པ་གཉིས་ས་ལ་གར་རེག་པར་གསེར་གྱི་དོང་ཚེ་རེ་རེ་ཡོད་དེ། དེ་བཞིན་དུ་མཐར་གྱིས་ཕྱག་འཚལ་བ་ཐམས་ཅད་དུ་གསེར་གྱི་དོང་ཚེ་ཡོད་པར་གྱུར་ཏོ། །བསྙེན་པར་རྫོགས་ནས་བརྩོན་འགྲུས་བསྒོམས་པས་དགྲ་བཅོམ་པ་ཐོབ་པར་གྱུར་ཏོ། །

        ཀུན་དགའ་བོས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས། དགེ་སློང་གསེར་དབྱིག་འདིས་སྔོན་བསོད་ནམས་ཅི་ཞིག་བགྱིས་ན། ཐོག་མ་བཙས་ནས་དེ་ཙམ་གྱི་བར་དུ་གསེར་གྱི་དོང་ཚེ་ཐོགས་པ་བཅོམ་ལྡན་འདས་ཀྱིས་བསྟན་དུ་གསོལ། །བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། རྟག་པར་ཉོན་ལ་ཤིན་ཏུ་ཡིད་ལ་ཟུངས་ཤིག་དང༌། ཁྱོད་ལ་བསྟན་པར་བྱའོ། །ཞེས་བཀའ་སྩལ་པ་དང༌། ཀུན་དགའ་བོས་དེ་བཞིན་དུ་ཐོས་པར་འཚལ་ལོ། །ཞེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྔོན་འདས་པའི་བསྐལ་པ་དགུ་བཅུ་རྩ་གཅིག་གི་ཕ་རོལ་ན་སངས་རྒྱས་གསེར་ཐུབ་ཅེས་བྱ་བ་འཇིག་རྟེན་དུ་གཤེགས་ཏེ་དམ་པའི་ཆོས་ཀྱིས་སེམས་ཅན་གྱི་དོན་མཛད་པ་ནི། བརྗོད་ཅིང་དཔག་ཏུ་མེད་དོ། །སངས་རྒྱས་དེ་དགེ་འདུན་དང་བཅས་ནས་ཡུལ་རྒྱུ་ཞིང་གཤེགས་པ་ལས་ཁྱིམ་བདག་རིགས་ཆེ་ཞིང་མཐོ་བ། འབྱོར་པ་དང་ལོངས་སྤྱོད་དུ་ལྡན་པ་རྣམས་ཞལ་ཟས་རྣམ་པ་སྣ་ཚོགས་བཤམས་ཏེ་སངས་རྒྱས་དང༌། ཉེ་གནས་འཕགས་པའི་དགེ་འདུན་ལ་མཆོད་པ་བྱས་སོ། །

        དེའི་ཚེ་ན་མི་དབུལ་པོ་ལོངས་སྤྱོད་ཅི་ཡང་མི་བདོག་པ་ཞིག་རྟག་ཏུ་རི་ལ་ཤིང་འཐུ་ཞིང་འཚོང་ངོ༌། །ཕྱིས་ཤིང་བཙོངས་པའི་རིན་དུ་དོང་ཚེ་གཉིས་ཤིག་རྙེད་ནས་མི་དབུལ་པོ་དེས་སངས་རྒྱས་དགེ་འདུན་དང་བཅས་པ་རྒྱལ་པོའི་ཕོ་བྲང་དུ་སྤྱན་དྲངས་ཏེ་གཤེགས་པ་མཐོང་ནས་རབ་ཏུ་དགའ་མགུ་རངས་ཏེ་དོང་ཚེ་གཉིས་བདོག་པ་སངས་རྒྱས་དང་དགེ་འདུན་ལ་ཕུལ་བ་དང༌། བཅོམ་ལྡན་འདས་ཀྱིས་དེ་ལ་ཐུགས་བརྩེ་བར་དགོངས་ཏེ་དོང་ཚེ་གཉིས་བཞེས་ཏེ་བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། དེའི་ཚེ་ན་མི་དབུལ་པོ་དེས་དོང་ཚེ་གཉིས་ཤིག་སངས་རྒྱས་དང་དགེ་འདུན་ལ་བུལ་བས། བསྐལ་པ་དགུ་བཅུ་རྩ་གཅིག་གི་བར་དུ་ལག་ན་གསེར་གྱི་དོང་ཚེ་རྟག་ཏུ་ཐོགས་པར་གྱུར་ཏོ། །ནོར་དང༌། རིན་པོ་ཆེ་དང༌། འཚོ་བའི་ལོངས་སྤྱོད་ཟད་མི་ཤེས་པར་གྱུར་ཏོ། །

        དེའི་ཚེ་དེའི་དུས་ན་མི་དབུལ་པོ་དེ་ནི། དགེ་སློང་གསེར་དབྱིག་འདི་ཡིན་ཏེ། མི་འདིས་ཅི་སྟེ་དགྲ་བཅོམ་པའི་འབྲས་བུ་ཐོབ་ན་ཡང་མ་འོངས་པའི་འབྲས་བུ་རྣམ་པར་སྨིན་པ་ཡང་ཚད་དཔག་ཏུ་མེད་དོ། །དེ་བས་ན་ཀུན་དགའ་བོ། སེམས་ཅན་ཐམས་ཅད་ཀྱིས་སྦྱིན་པ་སྦྱིན་པའི་ལས་ལ་བརྩོན་པར་བྱའོ། །དེའི་ཚེ་ན་ཀུན་དགའ་བོ་དང༌། འཁོར་མང་པོ་རྣམས་སངས་རྒྱས་ཀྱིས་གསུངས་པ་འདི་ཐོས་ནས་དད་ཅིང་མོས་པར་གྱུར་ཏེ། ལ་ལ་ནི། རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ། ལ་ལ་ནི།ལན་གཅིག་ཕྱིར་ལྡོག་པ་དང༌། ཕྱིར་མི་ལྡོག་པ་དང༌། དགྲ་བཅོམ་པ་ཐོབ་བོ། །ལ་ལ་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ལ་ལ་ནི། ཕྱིར་མི་ལྡོག་པའི་ས་ལ་གནས་པར་གྱུར་ཏོ། །འཁོར་ཐམས་ཅད་སངས་རྒྱས་ཀྱིས་གསུངས་པ་ལ་མངོན་པར་དགའོ། །གསེར་དབྱིག་གི་ལེའུ་སྟེ། བརྒྱད་པའོ།། །།

                                                                             རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས།
             རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
            དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།