རྒྱལ་པོ་གསལ་རྒྱལ་གྱི་བུ་མོ་རྡོ་རྗེའི་ལེའུ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-10-12 10:36:29         ཀློག་ཐེངས།  

0689b8a9fb2b561de98440f16c94ea6.jpg

        འདི་སྐད་བདག་གིས་ཐོས་བ་དུས་གཅིག་ན་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་རྒྱལ་པོ་གསལ་རྒྱལ་གྱི་བཙུན་མོ་ཆེན་པོ་འབར་ལི་ཞེས་བྱ་བ་ལ་བུ་མོ་གཅིག་བཙས་ནས་བུ་མོ་དེའི་མིང་རྡོ་རྗེ་ཞེས་བཏགས་ཏེ། བཞིན་རབ་ཏུ་མི་སྡུག་པ། ལུས་ཀྱི་ཤ་ཤིན་ཏུ་རྩུབ་པ། སྟག་ལྤགས་ལྟར་སྲ་བ། སྐྲ་ཡང་རྟ་རྔོ་ལྟར་ཤོག་རྦ་ཞིག་སྟེ། རྒྱལ་པོས་ཀྱང་བུ་མོ་དེ་མི་སྡུག་པས་མི་དགའ་ནས་ཕོ་བྲང་གི་ནང་དུ་སུས་ཀྱང་མི་མཐོང་བའི་གནས་ཤིག་ཏུ་བསྐྱེད་དོ། །བུ་མོ་དེ་དེ་ལྟར་མི་སྡུག་ཀྱང་བཙུན་མོ་ཆེན་པོ་ལ་བཙས་པས། མི་སྡུག་བཞིན་དུ་སུས་ཀྱང་མི་མཐོང་བར་བསྐྱེད་དེ། ཕྱིས་ཆེར་སྐྱེས་ནས་བག་མར་གཏང་རན་པ་དང༌། རྒྱལ་པོ་རབ་ཏུ་མི་དགའ་ནས་བློན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཐོག་མ་ཆོ་རིགས་མཐོ་བའི་རྗེའུའི་རིགས་སུ་གཏོགས་པ་ལས། ད་འཁྱམས་ཏེ་ནོར་དང་ལོངས་སྤྱོད་མི་བདོག་པ་ཞིག་ཚོལ་ལ་ཁྲིད་དེ་ཤོག་ཅིག་ཅེས་བསྒོའོ། །

        དེ་ནས་བློན་པོ་དེས་ཀྱང་སྔོན་ཆོ་རིགས་མཐོ་ཞིང་རྗེའུའི་རིགས་ཀྱི་བུ་ལས་འཁྱམས་ནས་དབུལ་ཕོངས་པ་ཞིག་རྙེད་དེ་རྒྱལ་པོ་ལ་ཕུལ་ལོ། །རྒྱལ་པོས་ཀྱང་དེ་དང་མི་མེད་པའི་གནས་དབེན་པ་ཞིག་ཏུ་གསང་སྟེང་ལ་བུ་མོ་བཞིན་མི་སྡུག་པ་ཞིག་ཡོད་དེ།བག་མར་གཏང་རན་ན། གཉེན་ཟླ་མ་རྙེད་ཀྱི། ཆོ་རིགས་ཆེ་ཞིང་མཐོབ་ཁྱོད་དབུལ་ཞིང་ཅི་ཡང་མེད་མོད་ཀྱི། ཁྱོད་ཀྱི་ཆུང་མར་སྦྱིན་གྱིས་ལོངས་ཤིག །ཅེས་བཀའ་སྩལ་བ་དང༌། དེ་ནས་ཁྱེའུ་དེས་བུས་མོ་ས་ལ་བཙུགས་ནས་རྒྱལ་པོའི་བཀའ་བཞིན་དུ་བགྱིའོ། །རྒྱལ་པོ་ཆེན་པོས་བདག་ལ་ཁྱི་མོ་ཞིག་སྩལ་ན་ཡང་བླང་བར་འཚལ་ན། རྒྱལ་པོའི་སྐུ་གདུང་ལ་གཏོགས་པའི་སྲས་མོ་སྩལ་པ་ལྟ་ཅི་སྨོས་ཏེ། བཀའ་བཞིན་དུ་བླང་བར་འཚལ་ཏོ། །ཞེས་གསོལ་ཏོ། །རྒྱལ་པོས་ཀྱང་སྲས་མོ་དབུལ་པོའི་ཆུང་མར་བྱིན་ནས་དེའི་གནས་ཁང་ལ་སོགས་པ་བྱས་ཏེ་སྒོ་བདུན་རིམ་དུ་བྱས་ནས་མག་པ་ལ་འདི་སྐད་ཅེས་བསྒོའོ། །ཁྱོད་གུང་དུ་འགྲོ་བའི་ཚེ་ཁྱོད་ཉིད་ཀྱིས་སྒོ་ཚོང་ལ་ལྡེ་མིག་ཀྱང་ཁྱེར་ཅིག །ངའི་བུ་མོ་རབ་ཏུ་མི་སྡུག་པ་འདི་ཅི་ནས་ཀྱང་ཕྱི་མི་གཞན་གྱིས་མི་མཐོང་བར་སྒོ་རབ་ཏུ་སྡོམས་ཤིག་ཅེས་བསྒོས་ནས་ནོར་དང་ལོངས་སྤྱོད་ལ་སོགས་པ་ཡོ་བྱད་ཅི་དགོས་པ་ཐམས་ཅད་ཆོག་པར་བྱིན་ཏེ་བློན་པོར་བཅུག་གོ །དེ་ནོར་བུ་རིན་པོ་ཆེ་དང་ལོངས་སྤྱོད་མང་པོ་དང་ལྡན་པར་གྱུར་པས། དབུས་ཕྱི་ཞིག་ན་རིགས་ཆེ་ཞིང་མཐོ་བ་གཞན་དང་སྟོན་མོ་བྱ་བར་འཐམས་ཏེ་སྟོན་མོ་ལ་ཁྱོ་ཤུག་དང༌། བུ་ཚ་ཡང་འདུས་ཏེ་རྩེ་བར་བྱས་པ་ལས། གཞན་ཀུན་ནི། ཆུང་མ་དང་འགྲོགས་ཏེ་འོངས་ན། བློན་པོ་དེ་འབའ་ཞིག་གི་ཆུང་མ་མ་འོངས་པས་གྲོགས་པོ་དག་ཐེ་ཚོམ་དུ་གྱུར་ཏེ། ཡང་ན་ནི། མི་འདིའི་ཆུང་མ་མངའ་བྱད་ཤིན་ཏུ་མཛེས་ཤིང་བཟང་མོ་ཞིག་གོ །ཡང་ན་ནི། ཤིན་ཏུ་མི་སྡུག་ཅིང་གཞན་གྱིས་མཐོང་དུ་མི་རུང་བ་ཞིག་ཡིན་པས་ཁྲིད་དེ་མ་འོངས་སོ་སྙམ་ཐེ་ཚོམ་ཟ་བས། དེ་དག་དེའི་ཆུང་མ་བལྟ་བར་བགྲོས་ནས་ཡིད་མཐུན་པར་གསང་སྟེ་མི་འདི་ཆང་གིས་ར་རོ་བར་བྱས་ལ་མི་དྲན་པའི་འོག་ཏུ་ལྡེ་མིག་བརྐུས་ཏེ་མི་ལྔ་ཙམ་ཞིག་དེའི་ཆུང་མ་བལྟར་གཏང་ངོ༌། །ཞེས་བགྲོས་སོ། །

        དེའི་ཚེ་ན་མི་དེའི་ཆུང་མས་སྔོན་བདག་གིས་སྡིག་པ་ཅི་ཞིག་བྱས་ན། ཁྱིམ་ཐབ་སྡང་སྟེ་འདི་འདྲ་བར་མུན་ཁང་དུ་བཅུག་ནས་ཉི་མ་དང་ཟླ་བ་ཙམ་ཡང་བལྟར་མེད་དོ། །མི་གཞན་ཡང་མི་མཐོང་སྙམ་སྟེ་ཤིན་ཏུ་མི་དགའ་ནས་ཡང་འདི་སྙམ་དུ་བསམ་མོ། །སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་ན་བཞུགས་ཏེ། སེམས་ཅན་གང་སྡུག་བསྔལ་གྱིས་གདུངས་བདག་གི་མགོན་དང་སྐྱབས་མཛད་དེ་ཐར་པར་མཛད་དོ་ཞེ་ན། བཅོམ་ལྡན་འདས་ལ་བདག་རྒྱང་མ་ནས་ཕྱག་འཚལ་ལོ། །ཐུགས་བརྩེ་བར་དགོངས་ཏེ་བདག་གི་མདུན་དུ་མངོན་སུམ་དུ་གཤེགས་ཤིང་བདག་ལ་ཅུང་ཟད་ཅིག་ཞལ་སྟོན་པར་གྱུར་ཀྱང་ཅི་མ་རུང་སྙམ་བསམ་མོ། །བུ་མོ་དེའི་བསམ་པ་ཤིན་ཏུ་དག་ཅིང་མོས་པར་མཁྱེན་ནས་བཅོམ་ལྡན་འདས་དེའི་ཁྱིམ་དུ་གཤེགས་ཏེ། བུ་མོ་དེའི་མདུན་གྱིས་ལས་དབུ་མཐོན་མཐིང་གིས་མཚན་པ་མངོན་པར་བསྟན་པ་བུ་མོ་དེས་མཐོང་བར་མཛད་དོ། །བུ་མོ་དེས་བཅོམ་ལྡན་འདས་ཀྱི་དབུ་མཐོན་མཐིང་མཐོང་ནས་ལྷག་པར་ཡང་དགའ་ཞིང་མགུ་རངས་ཏེ་བསམ་པ་ཤིན་ཏུ་དག་པར་གྱུར་ཏོ། །བསམ་པ་ཤིན་ཏུ་དག་པས་བུ་མོ་དེའི་སྐྲ་ཡང་ཤིན་ཏུ་འཇམ་ཞིང་མཐོན་མཐིང་གི་ཁ་དོག་ཏུ་གྱུར་ཏོ། །བཅོམ་ལྡན་འདས་ཀྱི་ཞལ་ཡང་མངོན་སུམ་དུ་བསྟན་པ་བུ་མོ་དེས་མཐོང་མ་ཐག་ཏུ་རབ་ཏུ་དགའ་མགུ་རངས་པས་བུ་མོ་དེའི་བཞིན་ཡང་བཟང་ཞིང་མཛེས་པར་གྱུར་ཏོ། །མི་སྡུག་པ་དང༌། རྩུབ་པ་ཡང་རང་མེད་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱི་སྐུ་སྟ་ཟུར་ཡན་ཆད་མངོན་པར་བསྟན་ཏེ་གསེར་གྱི་མདོག་ལྟ་བུའི་འོད་ལྷམ་མེར་སྣང་བར་མཛད་པ་བུ་མོ་དེས་མཐོང་ནས་སངས་རྒྱས་ལ་ལྷག་པར་དགའ་ཞིང་རབ་ཏུ་མགུ་རངས་པར་གྱུར་ཏོ། །དེ་ལྟར་དགའ་མགུ་རངས་པས་མི་སྡུག་པ་ཐམས་ཅད་མེད་པར་གྱུར་ཏེ་ཤིན་ཏུ་མཛེས་ཤིང་སྡུག་པ་ནི། ལྷའི་བུ་མོ་ལྟར་འཇིག་རྟེན་ན་དཔེ་ཟླ་མེད་པར་གྱུར་ཏོ། །

        བཅོམ་ལྡན་འདས་ཀྱིས་བུ་མོ་དེ་ལ་ཐུགས་བརྩེ་བའི་ཕྱིར་སྐུ་རྫོགས་པར་བསྟན་ནས་བུ་མོ་མིག་མི་འཛུམ་པར་ལྟ་ཞིང༌། སྔར་བས་ཀྱང་ལྷག་པར་རབ་ཏུ་དགའ་མགུ་རངས་ནས་ལུས་ཀྱི་མཚན་ཐམས་ཅད་འཇིག་རྟེན་ན་དཔེ་ཟླ་མེད་པར་ཤིན་ཏུ་བཟང་ཞིང་མི་སྡུག་པའི་བག་ལྷག་མ་ཅུང་ཟད་ཙམ་ཡང་མ་ལུས་སོ། །བཅོམ་ལྡན་འདས་ཀྱིས་ཅི་རིགས་སུ་ཆོས་ཀྱང་བསྟན་པས་སྡིག་པ་ཀུན་ཟད་དེ་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་གྱུར་ནས་བཅོམ་ལྡན་འདས་ཀྱང་སླར་གཤེགས་སོ། །དེ་ནས་དེ་མ་ཐག་ཏུ་མི་ལྔ་པོས་ཀྱང་སྒོ་ཕྱེ་སྟེ་ནང་དུ་ལྷགས་ནས་དེའི་ཆུང་མ་རབ་ཏུ་མཛེས་ཅིང་བཟང་ལ་ཟླ་མེད་པ་མཐོང་ནས་གཅིག་ལ་གཅིག་འདི་སྐད་དུ། འདིའི་ཆུང་མ་འདི་ཤིན་ཏུ་བཟང་ཞིང་མཛེས་པས་མཁྲིད་དོ། །ཞེས་སྨྲས་ཏེ། དེ་དག་དེའི་ཆུང་མ་མཐོང་ནས་ཕྱིར་ཡང་སྒོ་བཅད་དེ། དེ་དག་གང་ན་འདུག་པར་འོངས་ནས་མི་དེས་མ་ཚོར་བར་ལྡེ་མིག་ཀྱང་ཕྱིར་ལུས་ལ་བཏགས་སོ། །མི་དེ་ར་རོ་བ་ལས་སངས་ནས་ཀུན་གྱེས་ཏེ་ཕྱིར་ཁྱིམ་དུ་འོངས་པ་དང༌། བདག་གི་ཆུང་མ་མངའ་བྱད་ཤིན་ཏུ་བཟང་ཞིང་མཛེས་ཏེ། མིའི་ནང་ན་ཤིན་ཏུ་དཀོན་པར་གྱུར་པ་མཐོང་ནས་རབ་ཏུ་དགའ་སྟེ་ཆུང་མ། ཁྱོད་སུ་ཡིན་ཞེས་སྨྲས་པ་དང༌། ཆུང་མས་ཀྱང་བདག་ནི། ཁྱོད་ཀྱི་ཆུང་མའོ། །ཞེས་སྨྲས་སོ། །ཁྱོས་སྨྲས་པ། ཁྱོད་ནི། རབ་ཏུ་ཡང་མི་སྡུག་པ་ཞིག་ནི། ཅིའི་ཕྱིར་འདི་ལྟར་བཟང་ཞིང་མཛེས་པར་གྱུར་ཅེས་དྲིས་བ་དང༌། ཆུང་མས་སྨྲས་པ། བདག་གིས་སངས་རྒྱས་མཐོང་བས་དུ་མ་འདི་ལྟ་བུར་གྱུར་ཏོ། །ཞེས་གཏམ་ཞིབ་ཏུ་སྨྲས་སོ། །

        ཆུང་མས་ཡང་སྨྲས་པ། བདག་གི་ཡིད་ལ་ད་ནི། བདག་ཡབ་རྒྱལ་པོ་དང་འཕྲད་འདོད་ཀྱི། རྒྱལ་པོ་ལ་བདག་འདི་སྐད་མཆིའོ། །ཞེས་གསོལ་ཅིག །ཁྱོས་ཀྱང་རྒྱལ་པོ་ལ་དེ་བཞིན་གསོལ་ནས་རྒྱལ་པོས་མག་པ་ལ་འདི་སྐད་ཅེས་མ་ཟེར་བར་མྱུར་དུ་སོང་ལ་ཕྱིར་འབྱུང་དུ་མི་གནང་བར་སྣོམས་ཤིག་ཅེས་བཀའ་སྩལ་ཏོ། །མག་པས་ཡང་གསོལ་པ། རྒྱལ་པོ་ཆེན་པོ། སྲས་མོ་ནི། བཅོམ་ལྡན་འདས་ཀྱི་ཐུགས་རྗེའི་བྱིན་གྱིས་ལྷ་མོ་དང་འདྲ་བར་བཟང་ཞིང་མཛེས་པར་གྱུར་ཏོ། །རྒྱལ་པོས་མག་པ་ལ་བཀའ་སྩལ་པ། ཁྱོད་སྨྲས་པ་བདེན་ཏེ། དེ་ལྟར་གྱུར་ན་མྱུར་དུ་ཁྲིད་དེ་ཤོག་ཅིག་ཅེས་བསྒོས་ནས་ཤིང་རྟ་བརྒྱན་ཏེ་སྲས་མོ་ཕོ་བྲང་གི་ནང་དུ་བསུའོ། །རྒྱལ་པོས་བུ་མོ་དེ་དེ་ལྟར་བཟང་ཞིང་མཛེས་པར་གྱུར་པ་མཐོང་ནས་རབ་ཏུ་དགའ་མགུ་རངས་ཏེ་རྒྱལ་པོ་དང༌། བཙུན་མོ་དང༌། མག་པ་དང༌། བུ་མོར་བཅས་པ་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང༌། སངས་རྒྱས་ལ་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འཁོད་དོ། །དེ་ནས་རྒྱལ་པོ་གསལ་རྒྱལ་གྱིས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །

        བུ་མོ་འདིས་སྔོན་བསོད་ནམས་ཅི་ཞིག་བགྱིས་ན། རིགས་ཆེ་ཞིང་མཐོ་ལ་ལོངས་སྤྱོད་མང་པོ་ནོར་དབྱིག་དང་ལྡོན་པའི་རིགས་སུ་སྐྱེས་ལ། སྡིག་པའི་ལས་ཅི་ཞིག་བགྱིས་ན། བྱད་གཟུགས་ཤིན་ཏུ་མི་སྡུག་ཅིང་པགས་པ་དང་སྐྲ་མང་དུད་འགྲོ་ལྟ་བུར་གྱུར་ཅེས་གསོལ་པ་དང༌། དེ་ལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ། སྲས་མོ་མངའ་བྱད་མཛེས་ཤིང་བཟང་བ་དང༌། མི་སྡུག་པ་ཡང་ཚེ་རབས་སྔ་མ་ལ་བསོད་ནམས་དང་སྡིག་པའི་ལས་བྱས་པ་ལས་གྱུར་ཏོ། །སྔོན་འདས་པའི་དུས་ཡུན་རིང་པོ་ན་ཡུལ་ཝཱ་ར་ཎཱ་སི་ཞེས་བྱ་བ་དེའི་ཡུལ་མི་ཁྱིམ་བདག་རབ་ཏུ་ཕྱུག་པ། ནོར་དབྱིག་ཚད་མེད་པ་དང་ལྡན་པ་ཞིག་བྱུང་སྟེ། ཁྱིམ་བདག་དེ་ཁྱིམ་ན་ཅི་བདོག་པ་ཐམས་ཅད་རང་སངས་རྒྱས་གཅིག་ལ་མཆོད་ཅིང་འབུལ་ལོ། །རང་སངས་རྒྱས་དེའི་སྐུ་ཤིན་ཏུ་རྩུབ་པ་ལ་ངན་པ། མི་སྡུག་པ། སྐེམ་པ་ཞིག་སྟེ། ཁྱིམ་བདག་དེ་ལ་བུ་མོ་ཆུང་ངུ་ཞིག་ཡོད་པ་དེས་ཉིན་གཅིག་བཞིན་དུ་རང་སངས་རྒྱས་དེ་གཤེགས་པ་མཐོང་བའང་བུ་མོ་དེས་ཁ་ན་མ་ཐོ་བའི་སེམས་བསྐྱེད་དོ། །བརྙས་སྨོད་ཅིང་འདི་སྐད་དུ་བྱད་བཞིན་མི་སྡུག་ལ་ལུས་ཀྱི་པགས་པ་རྩུབ་པ་འདིར་མི་སྡུག་ཅེས་ཁ་བྱས་སོ། །

        རང་སངས་རྒྱས་བརྟག་ཏུ་དེའི་ཁྱིམ་དུ་གཤེགས་ཤིང་མཆོད་པ་བཞེས་ནས་ཡུན་རིང་མོ་ཞིག་ལོན་པ་དང༌། མྱ་ངན་ལས་འདས་པར་བསམ་སྟེ། ཡོན་བདག་དེའི་ཕྱིར་སྟེང་གི་ནམ་མཁའ་ལ་འཕགས་ནས་སྐུ་ལ་མེ་འབར་བ་དང༌། ཆུ་འབབ་པ་དང༌། ཤར་ཕྱོགས་ནས་མི་སྣང་བར་གྱུར་ནས་ནུབ་ཕྱོགས་སུ་བྱུང་བ་དང༌། ནུབ་ཕྱོགས་ནས་མི་སྣང་ནས་ཤར་ཕྱོགས་སུ་བྱུང་བ་དང༌། ལྷོ་ཕྱོགས་ནས་མི་སྣང་ནས་བྱང་ཕྱོགས་སུ་བྱུང་བ་དང༌། བྱང་ཕྱོགས་ནས་མི་སྣང་ནས་ལྷོ་ཕྱོགས་སུ་བྱུང་བ་དང༌། ནམ་མཁའ་སྟོང་པ་ལ་ཉལ་བ་དང༌། འདུག་པ་ལ་སོགས་པའི་ཆོ་འཕྲུལ་རྣམ་པ་སྣ་ཚོགས་བསྟན་ཏེ། ཁྱིམ་དེའི་མི་ཐམས་ཅད་ཀྱིས་ཆོ་འཕྲུལ་དེ་མཐོང་བར་བྱས་ནས་ནམ་མཁའ་ལས་བབས་ཏེ་དེའི་ཁྱིམ་དུ་གཤེགས་སོ། །ཁྱིམ་བདག་དེ་ཡང་ལྷག་པར་རབ་ཏུ་དགའ་མགུ་རངས་པར་གྱུར་ཏོ། །བུ་མོ་དེ་ཡང་ཤིན་ཏུ་འགྱོད་པ་སྐྱེས་ནས་རང་སངས་རྒྱས་དེ་ལ་འདི་སྐད་དུ་བདག་གིས་སྔར་ཁ་ན་མ་ཐོ་བའི་ནོངས་པ་ཡང་དང་ཡང་བགྱིས་པ་དེ་དག་གི་དངོས་སྡིག་ཏུ་མི་འགྱུར་བར་འགྱོད་ཚངས་གསོལ་ནས་རང་སངས་རྒྱས་དེས་ཀྱང་འགྱོད་ཚངས་བྱ་བར་གནང་ངོ༌། །

        བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ། དེའི་ཚེ་དེའི་དུས་ན་བུ་མོ་དེ་ནི། ད་ལྟར་གྱི་རྒྱལ་པོའི་བུ་མོ་འདི་ཡིན་ཏེ། དེའི་ཚེ་མི་དགེ་བའི་སེམས་ཀྱིས་འཕགས་པ་རང་སངས་རྒྱས་ལ་སྨད་པའི་ངག་གི་ཉེས་པས། དེ་ཕྱིན་ཆད་རྟག་ཏུ་མི་སྡུག་པའི་ལུས་མྱོང་བར་གྱུར་ཏོ། །ཕྱིས་ཆོ་འཕྲུལ་མཐོང་ནས་འགྱོད་པས་ནི། ཕྱིར་ཡང་མངའ་བྱེད་མཛེས་ཤིང་བཟང་བ་དང༌། བློ་དང་ལྡན་པར་གྱུར་ཏེ། རང་སངས་རྒྱས་ལ་མཆོད་པ་བྱས་པས་གང་ནས་གང་དུ་སྐྱེས་ཀྱང་རིགས་ཆེ་ཞིང་ལོངས་སྤྱོད་འབྱོར་བ་དང༌། མཐར་ཡང་རྣམ་པར་གྲོལ་བར་གྱུར་ཏོ། །དེ་བས་ན་རྒྱལ་པོ་ཆེན་པོ། ཇི་ཙམ་དུ་སེམས་ཅན་གྱི་རིགས་སུ་གཏོགས་པ་ཐམས་ཅད་ནི། ལུས་དང་ངག་གི་ཉེས་པ་ཤིན་ཏུ་བསྲུང་ཞིང་གཞན་ལ་བརྙེས་པ་དང་སྨད་པར་མི་བྱའོ། །དེའི་ཚེ་ན་རྒྱལ་པོ་གསལ་རྒྱལ་འཁོར་དང་བཅས་པ་དང༌། འཁོར་མང་པོ་ཐམས་ཅད་བཅོམ་ལྡན་འདས་ཀྱིས་རྣམ་པར་སྨིན་པའི་འབྲས་བུ་བསྟན་པ་ཐོས་ནས་བསམ་པ་ཤིན་ཏུ་རྣམ་པར་དག་པའི་དད་པ་དང་ལྡན་པར་གྱུར་ཏ། དེ་ལྟར་བསམ་པ་ཤིན་ཏུ་རྣམ་པར་དག་པས། ལ་ལ་ནི། འབྲས་བུ་དང་པོ་ནས་འབྲས་བུ་བཞི་པའི་བར་དུ་ཐོབ་པར་གྱུར་ཏོ། །ལ་ལ་ནི། བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ལ་ལ་ནི། ཕྱིར་མི་ལྡོག་པའི་ས་ལ་གནས་པར་གྱུར་ཏེ། འཁོར་དེ་དག་ཐམས་ཅད་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་རྗེས་སུ་ཡི་རང་ནས་མངོན་པར་དགའོ། །རྒྱལ་པོ་གསལ་རྒྱལ་གྱི་བུ་མོ་རྡོ་རྗེའི་ལེའུ་སྟེ་བདུན་པའོ།། །།     

                                                                                                                                                               རྩོམ་སྒྲིག་པ། མང་ར་བ།
             གསལ་འདེབས། 
                      རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                      དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།