རྒྱ་མཚོའི་ལྷས་དྲིས་པའི་ལེའུ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-10-11 19:26:29         ཀློག་ཐེངས།  

689420208700074442.jpg

        འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་པོ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ཡུལ་དེ་ཉིད་ན་ཚོང་པ་ལྔ་བརྒྱ་ཙམ་ཞིག་རྒྱ་མཚོར་རིན་པོ་ཆེ་ལེན་དུ་འགྲོ་བ་དག་འདི་ལྟར་བགྲོས་སོ། །བདག་ཅག་གིས་མིའི་ནང་ན་མཁས་ཤིང་ཤེས་པ་ཞིག་དེད་དཔོན་དུ་བཀྲིའོ། །ཞེས་བགྲོས་ནས་དགེ་བསྙེན་ཁྲིམས་ལྔ་པ་ཞིག་ཁྲིད་དེ་རྒྱ་མཚོར་ཞུགས་སོ། །རྒྱ་མཚོའི་དབུས་སུ་ཕྱིན་པ་དང༌།རྒྱ་མཚོའི་ལྷ་དེ་སྲིན་པོ་ཞིག་ཏུ་སྤྲུལ་ནས་ལུས་གཟུགས་ཤིན་ཏུ་མི་སྡུག་ལ་སྔོ་ཞིང་ནག་པ། མཆེ་བ་གྱེན་དུ་བྱུང་བ། མགོ་ལ་མེ་འབར་བ་ཞིག་དྲུང་དུ་འོངས་ནས་གྲུ་འདི་ང་ལ་བྱིན་ཅིག་ཅེས་སྨྲས་ཏེ། ཚོང་པ་ལ་འདི་སྐད་ཅེས་འདྲིའོ། །འཇིག་རྟེན་ན་གང་དག་འཇིགས་སུ་རུང་བ་ང་ལས་འདའ་བ་ཡོད་དམ། ཞེས་དྲིས་པ་དང༌།དགེ་བསྙེན་གྱིས་སྨྲས་པ། ཁྱོད་པས་ཤིན་ཏུ་ལྷག་པར་འཇིགས་པ་ཡང་ཡོད་དོ། །

        རྒྱ་མཚོའི་ལྷས་སྨྲས་པ། དེ་ལྟ་བུ་སུ་ཞིག །དགེ་བསྙེན་གྱིས་སྨྲས་པ། འཇིག་རྟེན་ན་གླེན་པ་གཏི་མུག་ཅན། མི་དགེ་བའི་ལས་རྣམས་བག་མེད་པར་བྱེད་པ། སྲོག་གཅོད་པ་དང༌། མ་བྱིན་པར་ལེན་པ་དང༌། འདོད་པས་ལོག་པར་གཡེམ་པ་དང༌། རྫུན་དུ་སྨྲ་བ་དང༌། ཚིག་ཀྱལ་པ་སྨྲ་བ་དང༌། ཕྲ་མ་དང་ཞེ་གཅོད་པའི་ཚིག་སྨྲ་བ་དང༌། འདོད་ཆགས་དང་ཞེ་སྡང་ཆེ་བ། ངན་པར་ལྟ་བ་དང༌། ཚེ་འཕོས་ནས་སེམས་ཅན་དམྱལ་བར་སྐྱེ་སྟེ། སྡུག་བསྔལ་རྣམ་པ་སྣ་ཚོགས་མྱོང་བ་རྣམས་སེམས་ཅན་དམྱལ་བའི་སྲུང་མས་ཁྲིད་ནས་ལ་ལ་ནི། མཚོན་གྱིས་དམྱལ་ཞིང་གཏུབས། ལ་ལ་ནི། ཤིང་རྟས་ཕན་ཚུན་དུ་དྲངས་ནས་ཁམ་ཚད་ཙམ་དུ་བཅད། ལ་ལ་ནི། གཏུན་གྱིས་བརྡུངས། ལ་ལ་ནི། རང་འཐག་གིས་བཏགས། ལ་ལ་ནི། རལ་གྲིའི་རི་ལ་འཛེག། ལ་ལ་ནི། མེའི་ཤིང་རྟ་དང༌། ཟངས་ཁོལ་མ་དང༌། ཆབ་རོམ་དང༌། ངན་སྐྱུག་གི་ནང་དུ་བསྐོལ་བ་ལ་སོགས་ཏེ་སྡུག་བསྔལ་ཤིན་ཏུ་མི་བཟད་པ་རྣམ་པ་སྣ་ཚོགས་དེ་ལྟ་བུ་དག་ལོ་བརྒྱ་སྟོང་གི་པར་དུ་མྱོང་བ་དེ་ནི། ཁྱོད་པས་ཤིན་ཏུ་ཡང་ལྷག་པར་འཇིགས་སུ་རུང་ངོ༌། །ཞེས་སྨྲས་པ་རྒྱ་མཚོའི་ལྷས་ཐོས་ནས་དེ་མ་ཐག་ཏུ་མི་སྣང་བར་གྱུར་ཏོ། །

        ཡང་རྒྱ་མཚོའི་ནང་དུ་སོང་སོང་བ་ལས་རྒྱ་མཚོའི་ལྷ་དེ་མིའི་ནང་ན་ཤིན་ཏུ་རིད་ཅིང་ཉམ་ཐག་པ། རྩ་དང་རུས་པ་ཙམ་འབྲེལ་པ་ཞིག་ཏུ་སྤྲུལ་ནས་གྲུ་འདི་ང་ལ་བྱིན་ཅིག་ཅེས་སྨྲས་ཏེ། དེ་ལ་འདི་སྐད་ཅེས་འདྲིའོ། །འཇིག་རྟེན་ན་རིང་ཅིང་ཉམ་ཐག་པ་ད་ལས་ལྷག་པ་ཡོད་དམ། དགེ་བསྙེན་གྱིས་སྨྲས་པ། ཁྱོད་པས་ཤིན་ཏུ་ལྷག་པར་ཉམ་ཐག་ཅིང་རིད་པ་ཡོད་དོ། །རྒྱ་མཚོའི་ལྷས་སྨྲས་པ། དེ་ལྟ་བུ་སུ་ཞིག །དགེ་བསྙེན་གྱིས་སྨྲས་པ། གང་གླེན་པ་གཏི་མུག་ཅན། རང་བཞིན་གྱིས་འཇུངས་ཤིང་སེར་སྣ་བྱེད་ལ། འདོད་པས་ཕྲག་དོག་བྱེད་པ། སྦྱིན་པ་མི་ཤེས་པ་དག་ཚེ་འཕོས་ནས་ཡི་དྭགས་སུ་སྐྱེས་ཏེ། ལུས་ནི། རི་ཆེན་པོ་ཙམ་ལ། མགྲིན་པ་ནི། མོ་ཁབ་ཙམ་དུ་གྱུར་ཏེ། སྐྲ་འཛིངས་པ། གནག་ཅིང་རིད་པ། ལོ་བརྒྱ་སྟོང་གི་བར་དུ་ཆུའི་མིང་ཡང་མི་ཐོས་པ་དེ་ནི། ཁྱོད་པས་ཀྱང་ཤིན་ཏུ་ལྷག་པར་རིད་དོ། །ཞེས་སྨྲས་མ་ཐག་ཏུ་མི་སྣང་བར་གྱུར་ཏོ། །དེ་ནས་ཡང་སོང་སོང་བ་ལས་རྒྱ་མཚོའི་ལྷ་དེ་མིའི་ནང་ན་གཟུགས་བྱད་ཤིན་ཏུ་བཟང་པོ་ཞིག་ཏུ་སྤྲུལ་ནས་གྲུ་འདི་ང་ལ་བྱིན་ཅིག་ཅེས་སྨྲས་ཏེ་ཚོང་པ་དག་ལ་འཇིག་རྟེན་མིའི་ནང་ན་ད་ཙམ་དུ་གཟུགས་བྱད་བཟང་ལ་མཛེས་པ་ཡོད་དམ། དགེ་བསྙེན་གྱིས་སྨྲས་པ། ཁྱོད་པས་བརྒྱ་འགྱུར་སྟོང་འགྱུར་གྱིས་ལྷག་པར་བཟང་བ་ཡོད་དོ། །

        རྒྱ་མཚོའི་ལྷས་སྨྲས་པ། བདག་པས་ལྷག་པར་བཟང་བ་དེ་སུ་ཞིག །དགེ་བསྙེན་གྱིས་སྨྲས་པ། འཇིག་རྟེན་ན་མཁས་པ་བློ་དང་ལྡན་པ། དགེ་བ་ཕུན་སུམ་ཚོགས་པར་སྤྱོད་པ། ལུས་དང་ངག་དང་ཡིད་ཀྱི་ལས་ཡོངས་སུ་དག་པ། དཀོན་མཆོག་གསུམ་ལ་ཤིན་ཏུ་དད་པ། ཅི་འབྱོར་པ་དེས་མཆོད་པ་བྱེད་པའི་བློན་ཅན་དེ་ནི། ཚེ་འཕོས་ནས་མཐོ་རིས་ཀྱི་ལྷར་སྐྱེས་ཏེ་གཟུགས་བྱང་ལེགས་པ། སྡུག་པ། ཤིན་ཏུ་མཛེས་པ་དེ་ནི། ཁྱོད་པས་བརྒྱ་འགྱུར་སྟོང་འགྱུར་གྱིས་ལྷག་སྟེ། ཁྱོད་དང་དེ་གཉིས་བསྒྲུན་ན་སྤྲེའུ་ཞར་མ་བཀྲ་ཤིས་མར་བསྒྲུན་མ་དང་འདྲའོ། །དེ་ནས་རྒྱ་མཚོའི་ལྷས་ཆུ་སྙིམ་པ་གང་བཅུས་ནས་དགེ་བསྙེན་དེ་ལ་སྙིམ་པ་གང་གི་ཆུ་མང་ངམ། རྒྱ་མཚོའི་ཆུ་མང་ཞེས་དྲིས་པ་དང༌། དགེ་བསྙེན་གྱིས་སྙིམ་པ་གང་གི་ཆུ་མང་གི །རྒྱ་མཚོའི་ཆུ་མང་བ་མ་ཡིན་ནོ། །ཞེས་སྨྲས་སོ། །རྒྱ་མཚོའི་ལྷས་སྨྲས་པ། ཁྱོད་འདི་སྐད་དུ་སྨྲས་པའི་ཚིག་དེ་བདེན་པ་ཡིན་ནམ། དགེ་བསྙེན་གྱིས་སྨྲས་པ། ཚིག་འདི་ནི། བདེན་པ་ཡིན་ཏེ། རྫུན་པ་མ་ཡིན་ནོ། །བདེན་པར་ཅིས་མངོན། སྨྲས་པ། རྒྱ་མཚོའི་ཆུ་ཡང་མང་མོད་ཀྱི། གདོན་མི་ཟ་བར་སྐམ་པའི་དུས་ཡོད་དོ། །བསྐལ་པ་མེས་འཇིག་ཏུ་ཉེ་བ་ན་ཉི་མ་གཉིས་འཆར་ཏེ། ཆུ་མིག་དང་ལྟེང་ཀ་ཀུན་སྐམ་མོ། །ཉི་མ་གསུམ་འཆར་བ་ན་ཆུ་བྲན་ཐམས་ཅད་སྐམ་མོ། །ཉི་མ་བཞི་འཆར་བ་ན་ཆུ་བོ་ཐམས་ཅད་སྐམ་མོ། །ཉི་མ་ལྔ་འཆར་བ་ན་རྒྱ་མཚོ་ཆེན་པོ་ཡང་སྔ་མ་ལས་བྲིའོ། །ཉི་མ་དྲུག་ཤར་བ་ན་སུམ་ཉིས་བྲིའོ། །ཉི་མ་བདུན་ཤར་བ་ན་རྒྱ་མཚོ་ཡང་སྐམ་སྟེ། རི་རབ་ལྷུན་པོ་ཡང་སྙིལ། རྡོ་རྗེའི་མཐའ་ལ་ཐུག་གི་བར་དུ་ཚིག་ཅིང་འབར་བར་འགྱུར་རོ། །གང་ཞིག་ཤིན་ཏུ་དད་པའི་སེམས་ཀྱིས་ཆུ་སྙིམ་པ་གང་ཙམ་སངས་རྒྱས་ལ་མཆོད་དམ། དགེ་འདུན་ལ་ཕུལ་ལམ། ཕ་མ་ལ་ཕུལ་ལམ། དབུལ་ཕོངས་ལ་བྱིན་ནམ། གཅན་གཟན་ལ་བྱིན་ན། བསོད་ནམས་འདི་ནི། བསྐལ་པ་དུ་མར་ཡང་མི་ཟད་དེ། དེ་བས་ན་རྒྱ་མཚོའི་ཆུ་ནི། ཉུང་གི །སྙིམ་པའི་ཆུ་ནི། མང་བར་རིག་པར་བྱའོ། །དེ་ནས་རྒྱ་མཚོའི་ལྷ་རབ་ཏུ་དགའ་སྟེ། དེས་དགེ་བསྙེན་དེ་ལ་རིན་པོ་ཆེ་མང་དུ་ཕུལ་ནས་རིན་པོ་ཆེ་དམ་པ་དག་སངས་རྒྱས་དང༌། དགེ་འདུན་ལ་ཡང་བསྐུར་རོ། །དགེ་བསྙེན་དང༌། ཚོང་པ་རྣམས་རིན་པོ་ཆེས་ཆོག་པར་གྱུར་ནས་ཕྱིར་ཡང་བདེ་བར་ཡུལ་དུ་ཕྱིན་ཏོ། །

        དེའི་ཚེ་དགེ་བསྙེན་དེ་དང༌། ཚོང་པ་ལྔ་བརྒྱ་ཙམ་སངས་རྒྱས་གང་ན་བ་དེར་འོངས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ཏེ། སོ་སོ་ནས་རིན་པོ་ཆེ་ཐོགས་པ་དང༌། རྒྱ་མཚོའི་ལྷས་བསྐུར་བ་ཡང་སངས་རྒྱས་དང༌། དགེ་འདུན་ལ་ཕུལ་ཏེ། དེ་དག་པུས་མོ་ས་ལ་བཙུགས་ནས་ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བདག་ཅག་ཀྱང་སྟོན་པའི་བསྟན་པ་ལ་རབ་ཏུ་འབྱུང་ངོ༌། །ཞེས་སྨྲས་པ་དང་བཅོམ་ལྡན་འདས་ཀྱིས་དགེ་སློང་ལེགས་པར་འོངས་སོ། །ཞེས་བཀའ་སྩལ་པས་སྐྲ་དང་ཁ་སྤུ་རང་བྱི་སྟེ་ཆོས་གོས་གྱོན་པའི་དགེ་སློང་དུ་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཅི་རིགས་སུ་ཆོས་བསྟན་ཅིང་ཕྱེ་བས་འདོད་པ་ཀུན་ཟད་དེ་དགྲ་བཅོམ་པར་གྱུར་ཏོ། །འཁོར་མང་པོ་དེ་དག་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་ཡིད་རངས་ནས་མངོན་པར་དགའོ། །རྒྱ་མཚོའི་ལྷས་དྲིས་པའི་ལེའུ་སྟེ་ལྔ་པའོ།། །།   

                                                                                                                                                                  རྩོམ་སྒྲིག་པ། མང་ར་བ།
             གསལ་འདེབས། 
                      རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                      དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།