ལུས་བཙོངས་ཏེ་མཆོད་པ་བྱས་པའི་ལེའུ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-10-11 19:18:25         ཀློག་ཐེངས།  

321248353611970214.jpg

                    འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་ཡུལ་དེ་ན་ཁྱིམ་བདག་ཅིག་ལ་ཁྱེའུ་ཞིག་བཙས་ནས་ཁྱེའུ་དེ་དབྱིབས་ལེགས་ཤིང་བལྟ་ན་སྡུག་པ་བཟང་བ་ཞིག་སྟེ། བཙས་ནས་རིང་པོར་མ་ལོན་པར་སྨྲ་ཡང་ཤེས་སོ། །ཁྱེའུ་དེས་ཕ་མ་ལ་བཅོམ་ལྡན་འདས་ད་ལྟར་བཞུགས་སམ་ཞེས་དྲིས་པ་དང༌། ད་ལྟར་བཞུགས་སོ། །ཞེས་སྨྲས་སོ། །འོ་ན་བཙུན་པ་ཤཱ་རིའི་བུ་དང༌། ཀུན་དགའ་བོ་ལ་སོགས་པ་བཞུགས་སམ་ཞེས་དྲིས་པ་དང༌། དེ་ཡང་བཞུགས་སོ། །ཞེས་སྨྲས་སོ། །ཁྱེའུ་དེའི་ཕ་མས་བུ་བཙས་མ་ཐག་ཏུ་སྨྲ་ཤེས་པ་འདི་ནི།མི་མ་ཡིན་ནོ་སྙམ་ནས་ངོ་མཚར་བ་དང་ཡ་མཚན་དུ་གྱུར་པས་བཅོམ་ལྡན་འདས་ལ་ཞུས་སོ། །བཅོམ་ལྡན་འདས་ཀྱིས་ཁྱོད་ཀྱི་བུ་ནི། མཚན་དང་ལྡན་ཏེ། ཐེ་ཚེམ་མ་བྱེད་ཅིག་ཅེས་བཀའ་སྩལ་པ་དང༌། ཁྱེའུ་དེའི་ཕ་མ་རབ་ཏུ་དགའ་མགུ་རངས་ཏེ་ཕྱིར་ཁྱིམ་དུ་འོངས་སོ། །

        དེ་ནས་ཁྱེའུ་དེས་ཕ་མ་ལ་སངས་རྒྱས་དང༌། དགེ་སློང་གི་དགེ་འདུན་རྣམས་སྤྱན་དྲོངས་ཤིག་ཅེས་གསོལ་པ་དང༌། དེའི་ཕ་མས་སངས་རྒྱས་དང༌། དགེ་འདུན་སྤྱན་དྲངས་ན་ཡོ་བྱད་སྦྱར་དགོས་ཏེ། འཕྲལ་དུ་འབྱོར་པ་ཡང་མ་ཡིན་ནོ། །ཞེས་བསྒོའོ། །བུས་སྨྲས་པ། ཁང་པའི་ནང་ན་ཕྱག་དར་དང༌། ཆག་ཆག་བྱས་ཏེ་གདན་ཐིངས་ལ། གདན་མཐོན་པོ་གསུམ་ཞིག་བསྒྲིགས་ཏེ་ཐིངས་ཤིག་དང༌།ཞལ་ཟས་རོ་བརྒྱ་དང་ལྡན་པ་རང་འོང་ངོ༌། །བདག་གི་ཚེ་སྔ་མའི་མ་ཡང་ད་ལྟར་ཡུལ་ཝཱ་ར་ཎི་སི་ན་མཆིས་ཀྱི། དེ་ཡང་བོས་ཤིག་ཅེས་སྨྲས་སོ། །དེའི་ཕ་མས་བུས་སྨྲས་པ་བཞིན་དུ་མི་ཞིག་གླང་པོ་ཆེ་ལ་བསྐྱོན་ཏེ་དེའི་མ་ཡང་བོས་ནས་འོངས་སོ། །གདན་མཐོན་པོ་གསུམ་བཤམས་པ་དེ་གཅིག་ལ་ནི། སངས་རྒྱས་བཞུགས་སུ་གསོལ་ཅིག །གཅིག་ལ་ནི། ཆེ་སྔ་མའི་མ་བཞུགས་ཞིག །གཅིག་ལ་ནི། ད་ལྟར་ལུས་སྐྱད་པའི་མ་བཞུགས་ཤིག །དེ་ནས་སངས་རྒྱས་ཀྱང་དགེ་འདུན་གྱི་འཁོར་དང་བཅས་ཏེ་གཤེགས་ནས་གདན་བཏིང་བ་ལ་རིམ་པ་བཞིན་དུ་བཞུགས་ནས་ཞལ་ཟས་བཟང་པོས་ཀྱང་ཐམས་ཅད་ཁྱེད་ཅིང་ཆོག་པར་གྱུར་ཏེ།དེ་ལ་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་ནས་ཁྱེའུ་དེའི་ཕ་མ་གཉིས་དང༌། ཁྱིམ་གང་གི་མི་ཆེན་པོ་དང༌། ཆུང་ངུ་ཐམས་ཅད་ཀྱིས་ཆོས་ཐོས་ནས་རབ་ཏུ་དགའ་སྟེ།ཀུན་གྱིས་འབྲས་བུ་དང་པོ་ཐོབ་པར་གྱུར་ཏོ། །

        ཁྱེའུ་དེ་ཡང་ཕྱི་ཕྱིར་ཆེར་སྐྱེས་ནས་རབ་ཏུ་བྱུང་སྟེ་བརྩོན་འགྲུས་བརྩམས་པས་དགྲ་བཅོམ་པ་ཐོབ་པར་གྱུར་ཏོ། །བཅོམ་ལྡན་འདས་ལ་ཀུན་དགའ་བོས་གསོལ་པ། དགེ་སློང་འདི་སྔོན་ལེགས་པ་ཅི་ཞིག་བགྱིས་ན། ཆེ་ཞིང་མཐོ་བའི་རིགས་སུ་སྐྱེས་ཏེ། ཆུང་དུ་ནས་སྨྲ་ཡང་འཚལ་ལ། རབ་ཏུ་བྱུང་ནས་ཀྱང་མངོན་པར་ཤེས་པ་མྱུར་དུ་ཐོབ་པར་གྱུར། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། མི་འདི་ཚེ་སྔ་མ་ལ་ཡུལ་ཝཱ་ར་ཎཱ་སིའི་ཁྱིམ་བདག་གི་བུ་ལས་ཁྱིམ་བདག་ཚེ་འཕོས་ནས་སོ་ཚིས་ཞིག་སྟེ་དབུལ་ཕོངས་པར་གྱུར་ཏོ། །སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་ན་བཞུགས་པ་དང་ཕྲད་ཀྱང་མཆོད་པ་བྱ་བའི་ལོངས་སྤྱོད་མེད་པས་དེ་མི་དགའ་ནས་རིགས་ཆེ་ཞིང་མཐོ་བ་བཅབས་ཏེ་གླ་ཟ་བར་ཁས་བླངས་ནས་ལོ་གཅིག་ལོན་པ་དང༌། གསེར་སྲང་སྟོང་ཙམ་རྙེད་དོ། །དེ་ལ་རིགས་ཆེ་ཞིང་མཐོ་བ་ཞིག་གིས་ཁྱོད་ཆུང་མ་མི་ལེན་ནམ་ཞེས་དྲིས་ན། མི་འདོད་དོ། །ཞེས་སྨྲས་སོ། །ངེས་ཡང་དྲིས་པ། གསེར་འདིས་ཅི་ཞིག་བྱ་ཞེས་དྲིས་ན། སངས་རྒྱས་དང༌། འཕགས་པའི་དགེ་འདུན་ལ་བསོད་སྙོམས་ཤིག་གསོལ་བར་དགོས་སོ། །ཞེས་སྨྲས་སོ། །

        རིགས་ཆེ་ཞིང་མཐོ་བ་དེས་སྨྲས་པ། ཁྱོད་སངས་རྒྱས་དང༌། འཕགས་པའི་དགེ་འདུན་སྤྱན་དྲང་འདོད་ན། ཁོ་བོས་གསེར་སྦྱར་ཏེ་ཞལ་ཟས་ལ་སོགས་པའི་གཡོས་ཀྱང་བཤམ་གྱི། ཁོ་བོའི་ཁྱིམ་དུ་སྤྱན་དྲོངས་ཤིག་ཅེས་སྨྲས་པ་དང༌།དབུལ་པོ་དེས་ཀྱང་དེ་བཞིན་དུ་བགྱིའོ། །ཞེས་སྨྲས་ནས་ཞལ་ཟས་བཤམས་ཏེ་སངས་རྒྱས་དང༌། འཕགས་པའི་དགེ་འདུན་སྤྱན་དྲངས་སོ། །དེའི་རྒྱུ་དེའི་རྐྱེན་གྱིས་ཚེའི་དུས་བྱས་ནས་ཀྱང་ཁྱིམ་བདག་དེའི་ཁྱིམ་དུ་སྐྱེས་ཏེ་ད་ཡང་སངས་རྒྱས་སྤྱན་དྲངས་ནས་ཆོས་ཐོས་མ་ཐག་ཏུ་བྱང་ཆུབ་ཐོབ་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། སྔོན་གྱི་མི་དབུལ་པོ་དེ་ནི། ཁྱིམ་བདག་གི་ཁྱེའུ་དགེ་སློང་འདི་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་གསུངས་པ་ལ་འཁོར་མང་པོ་ཐམས་ཅད་ཡིད་རངས་ཏེ་མངོན་པར་དགའོ། །ལུས་བཙོངས་ཏེ་མཆོད་པ་བྱས་པའི་ལེའུ་སྟེ་བཞི་པའོ།། །།

                                                                        རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས།
              རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
              དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།