ཆེད་དུ་བརྗོད་པའི་ཚོམས་ལས་བྲམ་ཟེའི་ཚོམས།
གང་ཞིག་བརྒྱན་ཀྱང་ཆོས་སྤྱོད་དུལ་བ་དང་། །
ཞི་ཞིང་ཡང་དག་སྡོམ་ལ་ཚངས་བར་སྤྱོད། །
འབྱུང་པོ་ཀུན་ལ་ཆད་པས་མི་གཅོད་དེ། །
བྲམ་ཟེ་དགེ་སྦྱོང་དེ་ཡིན་དགེ་སློང་དེ། །
གཅེར་བུར་སྤྱོད་པས་མ་ཡིན་རལ་བས་མ་ཡིན་རྫབ་ཀྱིས་མིན། །
ཁ་ཟས་མི་ཟ་བ་ཡིས་མ་ཡིན་ཐང་ལ་ཉལ་བའམ། །
རྡུལ་དང་དྲི་མས་མ་ཡིན་ཙོག་པུར་འདུག་ལ་འབད་པ་ཡིས། །
མི་རྣམས་དག་པར་མི་འགྱུར་སོམ་ཉི་རྣམས་ལས་རྒལ་མི་འགྱུར། །
དགེ་སྦྱོང་བྲམ་ཟེ་གང་ཡང་རུང་། །
དེ་དག་ཉིད་ལ་ཆགས་བྱེད་པ། །
ཟག་པ་ཟད་པ་མ་ཐོབ་པར། །
བར་མ་དོར་ནི་རྣམ་པར་ཉམས། །
དགེ་སྦྱོང་བྲམ་ཟེ་གང་ཡང་རུང་། །
དེ་དག་ཉིད་ལ་ཆགས་བྱེད་པ། །
ཚོར་བ་ཟད་པ་མ་ཐོབ་པར། །
བར་མ་དོར་ནི་རྣམ་པར་ཉམས། །
དགེ་སྦྱོང་བྲམ་ཟེ་གང་ཡང་རུང་། །
དེ་དག་ཉིད་ལ་ཆགས་བྱེད་ཅིང་། །
བྱིས་པ་མཐའ་གཅིག་ལ་ལྟ་བ། །
བར་མ་དོར་ནི་རྣམ་པར་ཉམས། །
དགེ་སྦྱོང་བྲམ་ཟེ་གང་ཡང་རུང་། །
དེ་དག་ཉིད་ལ་ཆགས་བྱེད་པ། །
བྱིས་པའི་སྐྱེ་བོ་བློ་ངན་རྣམས། །
བར་མ་དོར་ནི་རྣམ་པར་ཉམས། །
དགེ་སྦྱོང་བྲམ་ཟེ་གང་ཡང་རུང་། །
དེ་དག་ཉིད་ལ་ཆགས་བྱེད་པ། །
གོ་འཕང་དམ་པ་མ་ཐོབ་པར། །
བར་མ་དོར་ནི་རྣམ་པར་ཉམས། །
བློ་ངན་ན་ཁྱོད་ཀྱི་རལ་པ་ཅི། །
ཁྱོད་ཀྱི་གཡང་གཞི་གྱོན་པ་ཅི། །
ཁྱོད་ནང་ཐིབས་པོར་འདུག་བཞིན་དུ། །
ཕྱི་རོལ་ལེགས་པར་བྱི་དོར་བྱེད། །
བློ་ངན་ཁྱོད་ཀྱི་རལ་པ་ཅི། །
ཁྱོད་ཀྱི་གཡང་གཞི་གྱོན་པ་ཅི། །
ཁྱོད་ནང་དྲི་མ་ལྡན་བཞིན་དུ། །
ཕྱི་རོལ་ལེགས་པར་བྱི་དོར་བྱེད། །
རིགས་ཀྱིས་བྲམ་ཟེར་འགྱུར་མ་ཡིན། །
རལ་བས་མ་ཡིན་རུས་ཀྱིས་མིན། །
གང་ཞིག་བདེན་པའི་ཆོས་ལྡན་པ། །
གཙང་མ་དེ་ཡིན་བྲམ་ཟེ་ཡིན། །
རིགས་ཀྱིས་བྲམ་ཟེར་འགྱུར་མ་ཡིན། །
རལ་པས་མ་ཡིན་རུས་ཀྱིས་མིན། །
གང་ཞིག་སྡིག་པ་ཆེ་ཆུང་རྣམས། །
ཐམས་ཅད་སྤོང་བར་བྱེད་པ་དག །
སྡིག་བ་རྣམས་ནི་སྤངས་ཕྱིར་དེ། །
བྲམ་ཟེ་ཡིན་ཞེས་ངེས་པར་བརྗོད། །
མགོ་བོ་བྲེགས་ཙམ་དགེ་སྦྱོང་མིན། །
ཨོཾ་ཞེས་ཟེར་བ་བྲམ་ཟེར་མིན། །
གང་ཞིག་དགེ་བའི་ཆོས་ལྡན་པ། །
གཙང་མ་དེ་ཡིན་བྲམ་ཟེ་དེ། །
མགོ་བོ་བྲེགས་ཙམ་དགེ་སྦྱོང་མིན། །
ཨོཾ་ཞེས་ཟེར་བ་བྲམ་ཟེ་མིན། །
གང་ཞིག་སྡིག་པ་ཆེ་ཆུང་རྣམས། །
ཐམས་ཅད་སྤོང་བར་བྱེད་པ་དག །
སྡིག་པ་རྣམས་ནི་སྤངས་ཕྱིར་ཏེ། །
དགེ་སྦྱོང་བྲམ་ཟེ་དེ་ཡིན་ནོ། །
སྐྱེ་བོ་ཕལ་ཆེར་འདིར་འཁྲུ་བ། །
ཆུ་ཡིས་དག་པར་མི་འགྱུར་ཏེ། །
གང་ཞིག་སྡིག་པ་ཆེ་ཆུང་རྣམས། །
ཐམས་ཅད་སྤོང་བར་བྱེད་པ་དག །
སྡིག་པ་རྣམས་ནི་སྤངས་ཕྱིར་དེ། །
དགེ་སྦྱོང་བྲམ་ཟེ་དེ་ཡིན་ནོ། །
གང་ཞིག་སྡིག་ཆོས་རབ་སྤངས་ཤིང་། །
རྟག་ཏུ་དྲན་ལྡན་སྤྱོད་བྱེད་པ། །
ཀུན་སྦྱོར་ཟད་པའི་སངས་རྒྱས་དེ། །
འཇིག་རྟེན་དག་ན་བྲམ་ཟེ་ཡིན། །
བྲམ་ཟེ་གང་ཞིག་སྡིག་པའི་ཆོས་སྤངས་ཤིང་། །
བདག་ཉིད་ཚུལ་འཆོས་མེད་ཅིང་རྙོག་མེད་གནས། །
རིག་བྱེད་མཐར་ཕྱིན་ཚངས་པར་སྤྱོད་པ་སྤྱད། །
དུས་སུ་སྨྲ་བྱེད་དེ་ནི་ཚངས་པ་སྨྲ། །
གང་ཞིག་རྒྱུ་ལ་མི་གནས་ང་རྒྱལ་མེད། །
གང་ཞིག་ཆགས་མེད་བདག་མེད་རེ་བ་མེད། །
འཁྲུག་བཅོམ་བདག་ཉིད་མྱ་ངན་འདས་ཕྱོགས་ཏེ། །
བྲམ་ཟེ་དགེ་སྦྱོང་དེ་ཡིན་དགེ་སློང་དེ། །
གང་ཞིག་མ་ཡི་མངལ་སྐྱེས་ནས། །
གལ་ཏེ་འཛིན་པ་དང་བཅས་ནས། །
དེ་མིང་བུ་ཞེས་སྨྲ་བར་བསྟན། །
བྲམ་ཟེ་ཡིན་པར་ང་མི་སྨྲ། །
ཡོངས་སུ་འཛིན་མེད་ལེན་མེད་དེ། །
བྲམ་ཟེ་ཡིན་པར་ངས་གསུངས་སོ། །
གང་ཞིག་ལུས་དང་ངག་དང་ནི། །
ཡིད་ཀྱིས་ཉེས་བྱས་མི་བྱེད་ཅིང་། །
གང་ཞིག་གནས་གསུམ་ལེགས་བསྡམས་དེ། །
བྲམ་ཟེ་ཡིན་པར་ངས་གསུངས་སོ། །
གང་གི་ཚིག་དག་མི་རྩུབ་ཅིང་། །
གོ་བྱེད་ཡིད་འོང་སྨྲ་བ་དང་། །
གང་གིས་ཉོན་མོངས་མི་སྐྱེད་དེ། །
བྲམ་ཟེ་ཡིན་པར་ངས་གསུངས་སོ། །
གང་ཞིག་གསོད་འཆིང་གཤེ་བ་དང་། །
སྡང་བ་མིན་ལ་བཟོད་བྱེད་དེ། །
བཟོད་པའི་བརྟུལ་ཞུགས་སྟོབས་ཚོགས་ཅན། །
བྲམ་ཟེ་ཡིན་པར་ངས་གསུངས་སོ། །
ཁྲོ་བ་མེད་ཅིང་ཚུལ་ཁྲིམས་ཅན། །
བརྟུལ་ཞུགས་ལྡན་ཞིང་སེམས་ཁྲལ་མེད། །
དུལ་ཞིང་ལུས་མཐར་གནས་པ་དེ། །
བྲམ་ཟེ་ཡིན་པར་ངས་གསུངས་སོ། །
གང་ཞིག་རབ་བྱུང་ཁྱིམ་པ་དང་། །
དེ་བཞིན་གཉིས་ཀར་མི་འདྲེ་ཞིང་། །
འདོད་ཆུང་ཁྱིམ་ནས་མ་བྱུང་དེ། །
བྲམ་ཟེ་ཡིན་པར་ངས་གསུངས་སོ། །
མ་འོངས་པ་ལ་མངོན་མི་དགའ། །
འདས་པ་རྣམས་ལ་གདུང་མེད་པ། །
འཁྲིག་པའི་སྦྱོར་བྲལ་གཡུལ་རྒྱལ་དེ། །
བྲམ་ཟེ་ཡིན་པར་ངས་གསུངས་སོ། །
མ་འོངས་པ་ལ་མངོན་མི་དགའ། །
འདས་ལ་གདུང་མེད་རྡུལ་བྲལ་ཞིང་། །
ཞི་བ་མྱ་ངན་མེད་པ་དེ། །
བྲམ་ཟེ་ཡིན་པར་ངས་གསུངས་སོ། །
གང་ཞིག་འདོད་ཆུང་གཞན་མི་གསོ། །
དུལ་ཞིང་སྙིང་པོར་རབ་གནས་ལ། །
ཟག་ཟད་སྐྱོན་རྣམས་བསལ་བ་དེ། །
བྲམ་ཟེ་ཡིན་པར་ངས་གསུངས་སོ། །
གང་ཞིག་ཕ་རོལ་ཚུ་རོལ་དང་། །
ཕ་རོལ་ཚུ་རོལ་གཉིས་མེད་ཅིང་། །
ཆོས་རྣམས་ཀུན་གྱི་མཐར་ཕྱིན་དེ། །
བྲམ་ཟེ་ཡིན་པར་ངས་གསུངས་སོ། །
གང་ཞིག་ཕ་རོལ་ཚུ་རོལ་དང་། །
ཕ་རོལ་ཚུ་རོལ་གཉིས་མེད་ཅིང་། །
གང་ཞིག་གནས་གསུམ་མ་ཆགས་དེ། །
བྲམ་ཟེ་ཡིན་པར་ངས་གསུངས་སོ། །
གང་ཞིག་ཐུང་དང་རིང་བ་དང་། །
ཕྲ་སྤོམ་དགེ་དང་མི་དགེ་དང་། །
འཇིག་རྟེན་ཅུང་ཟད་མི་ལེན་དེ། །
བྲམ་ཟེ་ཡིན་པར་ངས་གསུངས་སོ། །
གང་ཞིག་འདི་ཉིད་རབ་ཤེས་ཤིང་། །
རང་གི་སྡུག་བསྔལ་ཟད་པ་དང་། །
འདོད་ཆགས་བྲལ་ཞིང་མི་ལྡན་དེ། །
བྲམ་ཟེ་ཡིན་པར་ངས་གསུངས་སོ། །
གང་ཞིག་དགེ་དང་སྡིག་པ་དང་། །
གཉིས་ཀ་ཡིས་ཀྱང་མི་གོས་པ། །
གོས་མེད་རྡུལ་བྲལ་ཞི་པ་དེ། །
བྲམ་ཟེ་ཡིན་པར་ངས་གསུངས་སོ། །
གང་ཞིག་དགེ་དང་སྡིག་པའི་ལས། །
ཆགས་གང་ཡིན་དེ་རབ་འདས་ཤིང་། །
ཆགས་ལས་རབ་འདས་རྣམ་གྲོལ་དེ། །
བྲམ་ཟེ་ཡིན་པར་ངས་གསུངས་སོ། །
གང་ཞིག་སྔོན་དང་ཕྱི་མ་དང་། །
དབུས་ཀྱང་ཡོད་པ་མ་ཡིན་པ། །
རྡུལ་བྲལ་འཆིང་བ་ལས་གྲོལ་ཏེ། །
བྲམ་ཟེ་ཡིན་པར་ངས་གསུངས་སོ། །
པདྨའི་འདབ་ལ་ཆུ་ལྟར་དང་། །
སྨྱུང་བུའི་རྩེ་ལ་ཡུངས་ཀར་ལྟར། །
གང་ཞིག་སྡིག་ལ་མི་གནས་དེ། །
བྲམ་ཟེ་ཡིན་པར་ངས་གསུངས་སོ། །
པདྨའི་འདབ་ལ་ཆུ་ལྟར་དང་། །
སྨྱུང་བུའི་རྩེ་ལ་ཡུངས་ཀར་ལྟར། །
གང་ཞིག་འདོད་ལ་མི་གནས་ཏེ། །
བྲམ་ཟེ་ཡིན་པར་ངས་གསུངས་སོ། །
པདྨའི་འདབ་ལ་ཆུ་ལྟར་དང་། །
སྨྱུང་བུའི་རྩེ་ལ་ཡུངས་ཀར་ལྟར། །
སྲིད་ལ་དགའ་བ་ཡོངས་སྤངས་དེ། །
བྲམ་ཟེ་ཡིན་པར་ངས་གསུངས་སོ། །
ཟླ་བ་དག་ཅིང་དྲི་མེད་ལ། །
སྐྱོན་བྲལ་རབ་ཏུ་དད་པ་ལྟར། །
གང་ཞིག་སྡིག་པས་མི་གོས་དེ། །
བྲམ་ཟེ་ཡིན་པར་ངས་གསུངས་སོ། །
ཟླ་བ་དག་ཅིང་དྲི་མེད་ལ། །
སྐྱོན་བྲལ་རབ་ཏུ་དད་པ་ལྟར། །
གང་ཞིག་འདོད་པས་མི་གོས་ཏེ། །
བྲམ་ཟེ་ཡིན་པར་ངས་གསུངས་སོ། །
ཟླ་བ་དག་ཅིང་དྲི་མེད་ལ། །
སྐྱོན་བྲལ་རབ་ཏུ་དད་པ་ལྟར། །
སྲེད་ལ་དགའ་བ་ཡོངས་སྤངས་ཏེ། །
བྲམ་ཟེ་ཡིན་པར་ངས་གསུངས་སོ། །
འདམ་རྫབ་ཀྱིས་ནི་མཁའ་ལྟར་དང་། །
རྡུལ་གྱིས་ཟླ་བ་ཇི་ལྟ་བར། །
གང་ཞིག་སྡིག་པས་མི་གོས་དེ། །
བྲམ་ཟེ་ཡིན་པར་ངས་གསུངས་སོ། །
འདམ་རྫབ་ཀྱིས་ནི་མཁའ་ལྟར་དང་། །
རྡུལ་གྱིས་ཟླ་བ་ཇི་ལྟ་བར། །
གང་ཞིག་འདོད་པས་མི་གོས་དེ། །
བྲམ་ཟེ་ཡིན་པར་ངས་གསུངས་སོ། །
འདམ་རྫབ་ཀྱིས་ནི་མཁའ་ལྟར་དང་། །
རྡུལ་གྱིས་ཟླ་བ་ཇི་ལྟ་བར། །
སྲིད་ལ་དགའ་བ་ཡོངས་སྤངས་ཏེ། །
བྲམ་ཟེ་ཡིན་པར་ངས་གསུངས་སོ། །
གང་ཞིག་འདུག་ནས་རྡུལ་བྲལ་བ། །
སེམས་ཤིང་ཟག་ཟད་བྱ་བ་བྱས། །
དུལ་ཞིང་ལུས་མཐར་གནས་པ་དེ། །
བྲམ་ཟེ་ཡིན་པར་ངས་གསུངས་སོ། །
ཤེས་རབ་ཟབ་ཅིང་ཡིད་གཞུངས་ལ། །
ལམ་དང་ལམ་མིན་རྣམས་ལ་མཁས། །
གང་ཞིག་དོན་མཆོག་རྗེས་ཐོབ་དེ། །
བྲམ་ཟེ་ཡིན་པར་ངས་གསུངས་སོ། །
མི་ནི་གང་ཡང་རུང་བ་དག །
སློང་མོ་ཙམ་གྱིས་འཚོ་བ་དང་། །
བདག་མེད་སུ་ལའང་གནོད་མི་བྱེད། །
བརྟན་ལྡན་ཚངས་པར་སྤྱོད་པ་ཅན། །
ཀུན་ཤེས་སྤྱད་ཕྱིར་ཆོས་སྟོན་དེ། །
བྲམ་ཟེ་ཡིན་པར་ངས་གསུངས་སོ། །
གང་ཞིག་འདོད་པ་ལེགས་སྤངས་ཤིང་། །
ཁྱིམ་མེད་པར་ནི་རབ་བྱུང་སྟེ། །
འདོད་པའི་ཟག་པ་ཡོངས་ཟད་དེ། །
བྲམ་ཟེ་ཡིན་པར་ངས་གསུངས་སོ། །
འགྲོ་བ་དང་ནི་གནས་པ་ཡི། །
འབྱུང་པོ་ཆད་པས་མི་གཅོད་ཅིང་། །
གསོད་མེད་གསོད་དུ་མི་འཇུག་དེ། །
བྲམ་ཟེ་ཡིན་པར་ངས་གསུངས་སོ། །
གང་ཞིག་མི་མཐུན་མཐུན་བྱེད་ཅིང་། །
ཆད་པས་གཅོད་པ་དང་དུ་ལེན། །
འབྱུང་པོ་རྣམས་ལ་བརྩེ་ཕན་དེ། །
བྲམ་ཟེ་ཡིན་པར་ངས་གསུངས་སོ། །
སྨྱུང་བུའི་རྩེ་ལ་ཡུངས་ཀར་ལྟར། །
གང་ཞིག་འདོད་ཆགས་ཞེ་སྡང་དང་། །
ང་རྒྱལ་འཆང་བར་འཇོམས་པ་དེ། །
བྲམ་ཟེ་ཡིན་པར་ངས་གསུངས་སོ། །
གང་ཞིག་སྲེད་པའི་རྫོང་འདི་དང་། །
འཁོར་བའི་ཀླུང་ལས་རབ་བརྒལ་ཅིང་། །
རྒལ་ནས་ཕ་རོལ་འགྲོ་བར་སེམས། །
ཡིད་ཉིད་ཀྱིས་ནི་མི་བཀྲི་ཞིང་། །
གང་ཞིག་ལེན་པ་ལས་ལོག་དེ། །
བྲམ་ཟེ་ཡིན་པར་ངས་གསུངས་སོ། །
གང་ཞིག་འཇིག་རྟེན་འདི་དང་ནི། །
ཕ་རོལ་ན་ཡང་སྲེད་མེད་ཅིང་། །
སྲེད་པའི་སྲེད་པ་ཡོངས་ཟད་དེ། །
བྲམ་ཟེ་ཡིན་པར་ངས་གསུངས་སོ། །
གང་ཞིག་འཇིག་རྟེན་འདི་དང་ནི། །
ཕ་རོལ་ལ་ཡང་ཆགས་མེད་ཅིང་། །
ཆགས་མེད་རྣམ་པར་བྲལ་བ་དེ། །
བྲམ་ཟེ་ཡིན་པར་ངས་གསུངས་སོ། །
དགའ་དང་མི་དགའ་སྤངས་པ་དང་། །
བསིལ་བར་གྱུར་ཅིང་ཟག་པ་མེད། །
འཇིག་རྟེན་ཀུན་ཟིལ་གནོན་བརྟན་དེ། །
བྲམ་ཟེ་ཡིན་པར་ངས་གསུངས་སོ། །
མི་ཡི་སྦྱོར་བ་སྤངས་ནས་སུ། །
ལྷ་ཡི་སྦྱོར་བ་རབ་འདས་ཤིང་། །
སྦྱོར་བ་ཀུན་དང་རྣམ་བྲལ་དེ། །
བྲམ་ཟེ་ཡིན་པར་ངས་གསུངས་སོ། །
གང་ཞིག་ལྷ་དང་དྲི་ཟ་དང་། །
མི་ཡི་འགྲོ་བ་མི་ཤེས་ཤིང་། །
ཞི་བ་འགྲོ་བ་མི་ཤེས་དེ། །
བྲམ་ཟེ་ཡིན་པར་ངས་གསུངས་སོ། །
གང་གིས་ཆོས་རྣམས་མི་ཤེས་པའམ། །
མ་མཐོང་བ་ནི་མེད་གྱུར་ལ། །
ཤེས་བྱ་མཐའ་ཡས་ལྟ་བ་དེ། །
བྲམ་ཟེ་ཡིན་པར་ངས་གསུངས་སོ། །
གང་གིས་སྔོན་གྱི་གནས་རྟོགས་ཤིང་། །
མཐོ་རིས་ངན་སོང་མཐོང་བ་དང་། །
དེ་ནས་སྐྱེ་བ་ཟད་ཐོབ་པའི། །
ཐུབ་པ་མངོན་ཤེས་ལ་བརྩོན་པ། །
སྡུག་བསྔལ་ཐ་མ་རབ་ཤེས་དེ། །
བྲམ་ཟེ་ཡིན་པར་ངས་གསུངས་སོ། །
སེམས་ཀྱི་རྣམ་གྲོལ་ཤེས་པ་དང་། །
འདོད་ཆགས་ཀུན་ལས་གྲོལ་བ་དང་། །
རིག་པ་གསུམ་དང་ལྡན་པ་དེ། །
བྲམ་ཟེ་ཡིན་པར་ངས་གསུངས་སོ། །
གང་གིས་སེམས་ཅན་འཆི་འཕོ་དང་། །
སྐྱེ་བ་ཐམས་ཅད་རྟོགས་གྱུར་པ། །
ཐོགས་མེད་སྤྱན་ལྡན་སངས་རྒྱས་དེ། །
བྲམ་ཟེ་ཡིན་པར་ངས་གསུངས་སོ། །
གང་ཞིག་ཀུན་སྦྱོར་ཀུན་འདས་ཤིང་། །
ཡོངས་སུ་གདུང་བ་མེད་པ་དང་། །
དགའ་མེད་དྲན་ལྡན་སྟོན་པ་དེ། །
བྲམ་ཟེ་ཡིན་པར་ངས་གསུངས་སོ། །
ཐུབ་པ་རྣམ་རྒྱལ་དྲང་སྲོང་ཆེ། །
ཁྱུ་མཆོག་རབ་མཆོག་གླང་པོ་ཆེ། །
བཀྲིར་མེད་ཁྲུས་བྱས་སངས་རྒྱས་དེ། །
བྲམ་ཟེ་ཡིན་པར་ངས་གསུངས་སོ། །
གང་ཞིག་སྲིད་འདས་ཀུན་ཟིལ་གནོན། །
ཆུ་བོ་ལས་བརྒལ་རྣམ་པར་འདྲེན། །
རྣམ་གྲོལ་ཕ་རོལ་ཕྱིན་པ་དེ། །
བྲམ་ཟེ་ཡིན་པས་ངས་གསུངས་སོ། །
སྡིག་ཅན་རྣམ་པར་མི་སེམས་ཤིང་། །
མི་སྒོམ་སྨྲ་བར་མི་བྱེད་པར། །
འདུག་ནས་རྡུལ་བྲལ་སེམས་པ་དེ། །
བྲམ་ཟེ་ཡིན་པར་ངས་གསུངས་སོ། །
གང་ཞིག་ཕྱག་དར་ཁྲོད་འཆང་ཞིང་། །
ངོ་ཚ་ཤེས་ཤིང་འདོད་མི་ལྟ། །
ཤིང་དྲུང་དག་ཏུ་གནས་པ་དེ། །
བྲམ་ཟེ་ཡིན་པར་ངས་གསུངས་སོ། །
གང་ཞིག་སྡུག་བསྔལ་ཀུན་སྤངས་ཕྱིར། །
ཞི་བ་འཕགས་ལམ་ཡན་ལག་བརྒྱད། །
དྲང་པོ་སྒོམ་པར་བྱེད་པ་དེ། །
བྲམ་ཟེ་ཡིན་པར་ངས་གསུངས་སོ། །
གང་ལ་ཅུང་ཟད་གནས་མེད་ཅིང་། །
ཀུན་ཤེས་ཡིད་གཉིས་ཟུག་རྡུ་མེད། །
འཆི་མེད་གོ་འཕང་མཐོང་བ་དེ། །
བྲམ་ཟེ་ཡིན་པར་ངས་གསུངས་སོ། །
གང་ཞིག་ལུས་མེད་ཕུག་ན་གནས། །
གཅིག་པུ་རྒྱུ་ཞིང་རིང་དུ་འགྲོ། །
གདུལ་པར་དཀའ་བའི་སེམས་འདུལ་དེ། །
བྲམ་ཟེ་ཡིན་པར་ངས་གསུངས་སོ། །
གང་ཞིག་གཟུགས་མེད་པ་ལྟར་མེད་མཐའ་ཡས་ལ། །
ཤིན་ཏུ་བལྟར་མེད་ཕྲ་ཞིང་གཞི་མངོན་རྟོགས། །
རྟག་དྲན་ཀུན་སྦྱོར་ཟད་རྒྱུ་སངས་རྒྱས་པ། །
འཇིག་རྟེན་འདི་ན་དེ་ནི་བྲམ་ཟེ་ཡིན། །
གང་གིས་སོག་མིག་འཆིང་གཏུབས་ཏེ། །
ཆིངས་མ་རྒྱང་ཐག་བཅད་ནས་སུ། །
ཡོངས་སུ་གདུང་སྤངས་སངས་རྒྱས་དེ། །
བྲམ་ཟེ་ཡིན་པར་ངས་གསུངས་སོ། །
གང་གིས་རྙེད་འདོད་སྡིག་ཅན་དང་། །
སོག་མིག་ཆིངས་མ་གཏུབས་གྱུར་ཅིང་། །
སྲེད་པ་རྩར་བཅས་དྲུངས་ཕྱུང་དེ། །
བྲམ་ཟེ་ཡིན་པར་ངས་གསུངས་སོ། །
བརྩོན་པས་ཆུ་བོའི་རྒྱུན་བཅད་ཅིང་། །
འདོད་པ་ཐམས་ཅད་རབ་བཅོམ་དང་། །
འདུ་བྱེད་རྣམས་ཀྱི་ཟད་ཤེས་པ། །
སྡིག་མེད་གང་ཡིན་བྲམ་ཟེ་ཡིན། །
ཕ་དང་མ་ནི་བསད་བྱས་ཤིང་། །
རྒྱལ་པོ་གཙང་སྒྲ་ཅན་གཉིས་དང་། །
ཡུལ་འཁོར་འཁོར་དང་བཅས་བཅོམ་པ། །
སྡིག་མེད་གང་ཡིན་བྲམ་ཟེ་ཡིན། །
ཕ་དང་མ་ནི་བསད་བྱས་ཤིང་། །
རྒྱལ་པོ་གཙང་སྦྲ་ཅན་གཉིས་དང་། །
མི་བཟད་པ་ཡི་སྟག་བསད་པ། །
སྡིག་མེད་གང་ཡིན་བྲམ་ཟེ་ཡིན། །
གང་ཞིག་བྲམ་ཟེ་རྡེག་པ་བླུན། །
སྐྲོད་པར་བྱེད་པ་དེ་ངན་པས། །
བྲམ་ཟེ་རྣམས་ལ་བརྡེག་མི་བྱ། །
བྲམ་ཟེ་བསྐྲད་བར་མི་བྱའོ། །
གང་ཞིག་ཆོས་རྣམས་རྣམ་ཤེས་ན། །
རྒན་ནམ་ཡང་ན་གཞོན་ཡང་རུང་། །
དེ་ལ་བཀུར་ཞིང་ཕྱག་བྱ་སྟེ། །
བྲམ་ཟེ་གཙང་མས་མེ་བཞིན་ནོ། །
གང་ཞིག་ཆོས་རྣམས་རྣམ་ཤེས་ན། །
རྒན་ནམ་ཡང་ན་གཞོན་ཡང་རུང་། །
དེ་ལ་བཀུར་ཞིང་བསྙེན་བཀུར་ཏེ། །
བྲམ་ཟེ་གཙང་མས་མེ་བཞིན་ནོ། །
གང་ཞིག་རྫོགས་པའི་སངས་རྒྱས་ཀྱིས། །
བསྟན་པའི་ཆོས་རྣམས་རྣམ་ཤེས་ན། །
དེ་ལ་བཀུར་ཞིང་ཕྱག་བྱས་སྟེ། །
བྲམ་ཟེ་གཙང་མས་མེ་བཞིན་ནོ། །
གང་ཞིག་རྫོགས་པའི་སངས་རྒྱས་ཀྱིས། །
བསྟན་པའི་ཆོས་རྣམས་རྣམ་ཤེས་ན། །
དེ་ལ་བཀུར་ཞིང་བསྙེན་བཀུར་ཏེ། །
བྲམ་ཟེ་གཙང་མས་མེ་བཞིན་ནོ། །
གང་ཚེ་བྲམ་ཟེ་ཆོས་རྣམས་ཀྱི། །
ཕ་རོལ་ཕྱིན་པར་གྱུར་པ་ན། །
དེ་ཚེ་ཤ་ཟ་བ་ཀུ་ལ། །
གཅིག་པོ་ལས་ཀྱང་ཤིན་ཏུ་འདས། །
གང་ཚེ་བྲམ་ཟེ་ཆོས་རྣམས་ཀྱི། །
ཕ་རོལ་ཕྱིན་པར་གྱུར་པ་ན། །
དེ་ཚེ་དེས་མཐོང་ཚོར་བ་རྣམས། །
ཐམས་ཅད་ནུབ་པ་ཉིད་དུ་འགྱུར། །
གང་ཚེ་བྲམ་ཟེ་ཆོས་རྣམས་ཀྱི། །
ཕ་རོལ་ཕྱིན་པར་གྱུར་པ་ན། །
དེ་ཚེ་དེ་ཡིས་མཐོང་བས་ན། །
རྐྱེན་རྣམས་ཐམས་ཅད་ནུབ་པར་གྱུར། །
གང་ཚེ་བྲམ་ཟེ་ཆོས་རྣམས་ཀྱི། །
ཕ་རོལ་ཏུ་ཕྱིན་པར་གྱུར་པ་ན། །
དེ་ཚེ་དེ་ཡིས་མཐོང་བས་ན། །
ཀུན་སྦྱོར་ཐམས་ཅད་ནུབ་པར་གྱུར། །
གང་ཚེ་བྲམ་ཟེ་ཆོས་རྣམས་ཀྱིས། །
ཕ་རོལ་ཕྱིན་པར་གྱུར་པ་ན། །
དེ་ཚེ་སྐྱེ་དང་རྒ་བ་དང་། །
འཆི་བ་རྣམས་ལས་ཤིན་ཏུ་འདས། །
ཉིན་མོ་ཉི་མ་གསལ་བར་བྱེད། །
མཚན་མོ་ཟླ་བ་སྣང་བ་ལྟར། །
རྒྱལ་རིགས་གོ་ཆས་ཆས་པ་གསལ། །
བྲམ་ཟེ་སེམས་པར་བྱེད་ན་གསལ། །
ཉིན་མོ་ཉི་མ་གསལ་བར་བྱེད། །
མཚན་མོ་ཟླ་བ་སྣང་བྱེད་ལྟར། །
རྟག་ཏུ་སངས་རྒྱས་གཟི་བརྗིད་ཅན། །
ཉིན་དང་མཚན་དུ་གསལ་བར་བྱེད། །
ཇི་ལྟར་མི་སྡུག་པ་ལས་ཡིད་ལྡོག་པ། །
དེ་འདྲ་བྲམ་ཟེ་རྣམས་ལ་ཅུང་ཟད་མེད། །
ཇི་ལྟ་ཇི་ལྟར་དེ་ཡི་ཡིད་ལྡོག་པ། །
དེ་ལྟ་དེ་ལྟར་ཀུན་རྫོབ་བདེན་པར་ཟད། །
གང་ཚེ་བྲམ་ཟེ་བརྩོན་པས་སེམས་པ་ན། །
གང་གིས་ཆོས་རྣམས་རྒྱུར་བཅས་རབ་ཤེས་པ། །
ཆོས་འདི་རྣམས་ལས་རབ་ཏུ་འབྱུང་འགྱུར་ཏེ། །
དེ་ཚེ་དེ་ཡི་སོམ་ཉི་མ་ལུས་སྤོང་། །
གང་ཚེ་བྲམ་ཟེ་བརྩོན་པས་སེམས་པ་ན། །
གང་གིས་སྡུག་བསྔལ་རྒྱུར་བཅས་རབ་ཤེས་པ། །
ཆོས་འདི་རྣམས་ལས་རབ་ཏུ་འབྱུང་འགྱུར་ཏེ། །
དེ་ཚེ་དེ་ཡི་སོམ་ཉི་མ་ལུས་སྤོང་། །
གང་ཚེ་བྲམ་ཟེ་བརྩོན་པས་སེམས་པ་ན། །
གང་གིས་ཚོར་བ་ཟད་པ་འཐོབ་འགྱུར་པ། །
ཆོས་འདི་རྣམས་ལས་རབ་ཏུ་འབྱུང་འགྱུར་ཏེ། །
དེ་ཚེ་དེ་ཡི་སོམ་ཉི་མ་ལུས་སྤོང་། །
གང་ཚེ་བྲམ་ཟེ་བརྩོན་པས་འབད་པ་ན། །
གང་གིས་རྐྱེན་རྣམས་ཟད་པར་འཐོབ་འགྱུར་བ། །
ཆོས་འདི་རྣམས་ལས་རབ་ཏུ་འབྱུང་འགྱུར་ཏེ། །
དེ་ཚེ་དེ་ཡི་སོམ་ཉི་མ་ལུས་སྤོང་། །
གང་ཚེ་བྲམ་ཟེ་བརྩོན་པས་སེམས་པ་ན། །
གང་གིས་ཟག་པ་དད་པ་འཐོབ་འགྱུར་བ། །
ཆོས་འདི་རྣམས་ལས་རབ་ཏུ་འབྱུང་འགྱུར་ཏེ། །
དེ་ཚེ་དེ་ཡི་སོམ་ཉི་མ་ལུས་སྤོང་། །
གང་ཚེ་བྲམ་ཟེ་བརྩོན་པས་སེམས་པ་ན། །
ཇི་ལྟར་མཁའ་ལ་ཉི་མ་ཤར་བ་ལྟར། །
འཇིག་རྟེན་ཐམས་ཅད་སྣང་བྱེད་འདུག་འགྱུར་བ། །
ཆོས་འདི་རྣམས་ལས་རབ་ཏུ་འབྱུང་བར་འགྱུར། །
གང་ཚེ་བྲམ་ཟེ་བརྩོན་པས་སེམས་པ་ན། །
བློ་ཡིས་ཀུན་སྦྱོར་རྣམས་ལས་རབ་གྲོལ་ཏེ། །
བདུད་སྡེ་རྣམ་པར་བསལ་ནས་འདུག་འགྱུར་བ།
ཆོས་འདི་རྣམས་ལས་རབ་ཏུ་འབྱུང་བར་འགྱུར། །
བྲམ་ཟེའི་ཚོམས་ཏེ་སུམ་ཅུ་རྩ་གསུམ་པའོ།། །།
སྡོམ་ལ། དེ་བཞིན་གཤེགས་དང་ཐོས་དང་བདག །
བསྒྲེ་དང་མཛའ་བཤེས་ལྔ་པའོ། །
མྱ་ངན་འདས་དང་མཐོང་བ་དང་། །
སྡིག་དང་ཕྲུགས་དང་བདེ་བ་དང་། །
སེམས་དང་དགེ་སློང་ཚོམས་དག་དང་། །
བྲམ་ཟེ་ཡང་ནི་ཐ་མ་ཡིན། །
ཆེད་དུ་བརྗོད་པའི་ཚོམས་དགྲ་བཅོམ་པ་ཆོས་སྐྱོབ་ཀྱིས་བསྡུས་པ་རྫོགས་སོ།། །།
རྒྱ་གར་གྱི་མཁན་པོ་བིདྱཱ་པྲ་བྷ་ཀ་ར་དང་། ལོ་ཙཱ་བ་བནྡེ་རིན་ཆེན་མཆོག་གིས་བསྒྱུར། ཞུས་ཆེན་གྱི་ལོ་ཙཱ་བ་བནྡེ་དཔལ་བརྩེགས་ཀྱིས་ཞུས་ནས་གཏན་ལ་ཕབ་པ།།
རྩོམ་སྒྲིག་པ། མང་ར་བ།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn