ཆེད་དུ་བརྗོད་པའི་ཚོམས་ལས་སེམས་ཀྱི་ཚོམས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-08-07 21:51:14         ཀློག་ཐེངས།  

002L4qF0gy6MOy4RmYhc9.jpg

ཆེད་དུ་བརྗོད་པའི་ཚོམས།
བམ་པོ་བཞི་པ་སྟེ་ཐ་མ།
གཟུང་བར་དཀའ་ཞིང་ཡང་བ་དང་། །
གང་དུ་དགའ་བར་འགྲོ་བ་ཡིས། །
སེམས་དུལ་བ་ནི་ལེགས་པ་སྟེ། །
སེམས་དུལ་བ་ཡིས་བདེ་བ་འདྲེན། །
བདུད་ཀྱི་གཞི་དག་སྤོང་བ་ན། །
ཆུ་བོའི་གནས་ནས་རབ་བཏོན་ཏེ། །
ཐང་ལ་བོར་བའི་ཉ་ལྟ་བུར། །
བདག་གི་སེམས་ནི་ཡོངས་སུ་གཡོ། །
ཉི་མ་ལས་ནི་འོད་ཟེར་ལྟར། །
བདག་གི་སེམས་ནི་སོ་སོར་རྒྱུག །
དེ་དག་མཁས་པས་དེས་བཟློག་སྟེ། །
ལྕགས་ཀྱུ་ཡིས་ནི་གླང་ཆེན་བཞིན། །
ང་ལ་དོན་མེད་སྤྱོད་པ་དང་། །
བལྟར་མེད་སྙིང་པོ་མེད་པ་དེ། །
རྟག་ཏུ་གདུལ་བར་བྱ་བའི་ཕྱིར། །
སེམས་དེ་ལ་ནི་ང་སྨྲའོ། །
སེམས་འདི་སྔོན་ཆད་ཇི་ལྟར་འདོད་པ་དང་། །
དགའ་དགུར་སྤྱོད་ཅིང་རྒྱུ་བར་བྱེད་པ་དག །
གླང་ཆེན་མྱོས་ལ་མི་ཡིས་ལྕགས་ཀྱུ་ལྟར། །
དེ་ནི་ཚུལ་བཞིན་བྱ་བས་དེ་བཟུང་ངོ༌། །
ཁང་ཁྱིམ་བྱེད་པ་འདི་ཡིས་ནི། །
ཡང་ཡང་སྐྱེ་བའི་སྡུག་བསྔལ་ཅན། །
སྐྱེ་བའི་འཁོར་བ་དུ་མ་ཞིག །
ད་ལྟར་ཕན་ཆད་ཁྱོད་ཀྱི་ཕྱུང་། །
ཁང་ཁྱིམ་བྱེད་པ་ཁྱོད་མཐོང་བས། །
ཁྱིམ་གྱི་གདུང་ཆེན་རྣམས་བཅོམ་ལ། །
ཕྱམ་རྣམས་ཐམས་ཅད་བཅག་ནས་སུ། །
ཕྱིན་ཆད་ཁྱིམ་བྱེད་མི་གཞུག་གོ། །
སེམས་ནི་འདུ་བྱེད་དང་བྲལ་ནས། །
འདི་ཉིད་ལ་ནི་ཟད་པར་འདོད། །
སེམས་ནི་གཡོ་ཞིང་རྫུན་པ་སྟེ། །
རིང་དུ་འགྲོ་ཞིང་བཟློག་དཀའ་བ། །
མདའ་མཁན་མེ་ཡིས་སྲོང་བ་ལྟར། །
ཡིད་གཞུངས་པ་ཡིས་བསྲང་བར་བྱ། །
གང་ཞིག་ལུས་མེད་ཕུག་ན་གནས། །
གཅིག་པུ་རྒྱུ་ཞིང་རིང་འགྲོ་བའི། །
སེམས་དེ་འདུལ་བར་བྱེད་པ་ནི། །
འཇིགས་པ་ཆེ་ལས་ཐར་བར་འགྱུར། །
ལོག་པའི་སྨོན་ལྡན་སེམས་གང་གིས། །
བདག་ཉིད་སྡུག་བསྔལ་བྱེད་འགྱུར་བའི། །
དེ་ལྟར་འཁོན་གྱིས་འཁོན་ཅན་དང་། །
དགྲ་བོས་དགྲ་ལའང་བྱེད་མི་འགྱུར། །
ཡང་དག་སྨོན་ལྡན་སེམས་གང་གིས། །
བདག་ཉིད་བདེ་བར་བྱེད་འགྱུར་བ། །
དེ་ལྟར་ཕ་དང་མ་དག་དང་། །
གཉེན་གཞན་གྱིས་ཀྱང་བྱེད་མི་འགྱུར། །
ཇི་ལྟར་ཁང་སྟེང་གཡོགས་ཉེས་ན། །
ཆར་པ་ཡོངས་སུ་འཛག་པ་ལྟར། །
དེ་བཞིན་སེམས་ནི་མ་བསྒོམས་པ། །
འདོད་ཆགས་རྣམས་ཀྱིས་ཡོངས་སུ་བཅོམ། །
ཇི་ལྟར་ཁང་སྟེང་གཡོགས་ལེགས་ན། །
ཆར་པ་རྣམ་པར་མི་འཛག་པ། །
དེ་བཞིན་ལེགས་པར་བསྒོམས་པའི་སེམས། །
འདོད་ཆགས་རྣམས་ཀྱིས་ཡོང་མི་ཆོམས། །
ཇི་ལྟར་ཁང་སྟེང་གཡོགས་ཉེས་ན། །
ཆར་པ་ཡོངས་སུ་འཛག་པ་ལྟར། །
དེ་བཞིན་སེམས་ནི་མ་བསྒོམས་པ། །
ཞེ་སྡང་རྣམས་ཀྱིས་ཡོངས་སུ་བཅོམ། །
ཇི་ལྟར་ཁང་སྟེང་གཡོགས་ལེགས་ན། །
ཆར་པ་རྣམ་པར་མི་འཛག་པ། །
དེ་བཞིན་ལེགས་པར་བསྒོམ་པའི་སེམས། །
ཞེ་སྡང་རྣམས་ཀྱིས་ཡོང་མི་ཆོམས། །
ཇི་ལྟར་ཁང་སྟེང་གཡོགས་ཉེས་ན། །
ཆར་པ་ཡོངས་སུ་འཛག་པ་ལྟར། །
དེ་བཞིན་སེམས་ནི་མ་བསྒོམས་པ། །
གཏི་མུག་རྣམས་ཀྱིས་ཡོངས་སུ་བཅོམ། །
ཇི་ལྟར་ཁང་སྟེང་གཡོགས་ལེགས་ན། །
ཆར་པ་རྣམ་པར་མི་འཛག་པར། །
དེ་བཞིན་ལེགས་པར་བསྒོམས་པའི་སེམས། །
གཏི་མུག་རྣམས་ཀྱིས་ཡོང་མི་ཆོམས། །
ཇི་ལྟར་ཁང་སྟེང་གཡོགས་ཉེས་ན། །
ཆར་པ་ཡོངས་སུ་འཛག་པ་ལྟར། །
དེ་བཞིན་སེམས་ནི་མ་བསྒོམས་པ། །
ང་རྒྱལ་རྣམས་ཀྱིས་ཡོངས་སུ་བཅོམ། །
ཇི་ལྟར་ཁང་སྟེང་གཡོགས་ལེགས་ན། །
ཆར་པ་རྣམ་པར་མི་འཛག་པ། །
དེ་བཞིན་ལེགས་པར་བསྒོམས་པའི་སེམས། །
ང་རྒྱལ་རྣམས་ཀྱིས་ཡོང་མི་ཆོམས། །
ཇི་ལྟར་ཁང་སྟེང་གཡོགས་ཉེས་པ། །
ཆར་པ་ཡོངས་སུ་འཛག་པ་ལྟར། །
དེ་བཞིན་སེམས་ནི་མ་བསྒོམས་པ། །
ཆགས་པ་རྣམས་ཀྱིས་ཡོངས་སུ་བཅོམ། །
ཇི་ལྟར་ཁང་སྟེང་གཡོགས་ལེགས་ན། །
ཆར་པ་རྣམ་པར་མི་འཛག་པ། །
དེ་བཞིན་ལེགས་པར་བསྒོམས་པའི་སེམས། །
ཆགས་པ་རྣམས་ཀྱིས་ཡོང་མི་ཆོམས། །
ཇི་ལྟར་ཁང་སྟེང་གཡོགས་ཉེས་ན། །
ཆར་པ་ཡོངས་སུ་འཛག་པ་ལྟར། །
དེ་བཞིན་སེམས་ནི་མ་བསྒོམས་པ། །
སྲེད་པ་རྣམས་ཀྱིས་ཡོངས་སུ་བཅོམ། །
ཇི་ལྟར་ཁང་སྟེང་གཡོགས་ལེགས་ན། །
ཆར་པ་རྣམ་པར་མི་འཛག་པ། །
དེ་བཞིན་ལེགས་པར་བསྒོམས་པའི་སེམས། །
སྲེད་པ་རྣམས་ཀྱིས་ཡོང་མི་ཆོམས། །
ཆོས་ཀྱི་སྔོན་དུ་ཡིད་འགྲོ་སྟེ། །
ཡིད་མགྱོགས་ཡིད་ནི་གཙོ་བོ་ཡིན། །
གལ་ཏེ་ཡིད་རབ་གདུག་པ་ཡིས། །
སྨྲས་སམ་ཡང་ན་བྱས་ཀྱང་རུང་། །
དེ་ཡིས་དེ་ནི་སྡུག་བསྔལ་འཐོབ། །
འཁོར་ལོས་མགོ་བོ་བཅད་པ་བཞིན། །
ཆོས་ཀྱི་སྔོན་དུ་ཡིད་འགྲོ་སྟེ། །
ཡིད་མགྱོགས་ཡིད་ནི་གཙོ་བོ་ཡིན། །
གལ་ཏེ་ཡིད་རབ་དང་པ་ཡིས། །
སྨྲས་སམ་ཡང་ན་བྱས་ཀྱང་རུང་། །
དེ་ཡི་དེ་ནི་བདེ་བ་འཐོབ། །
གྲིབ་མ་རྗེས་སུ་འབྲང་བ་བཞིན། །
བརྩད་པ་ཆེད་ཆེར་འཛིན་པ་དང་། །
སེམས་ནི་ཉོན་མོངས་གྱུར་པ་ཡིས། །
གླགས་སྐབས་ཚོལ་བར་བྱེད་པ་ཡིས། །
ལེགས་བཤད་ལེགས་པར་མི་ཤེས་སོ། །
སྡང་བའམ་ཡང་ན་འཁྲུག་པའམ། །
དད་པ་མེད་པའི་སེམས་དག་གིས། །
རྫོགས་སངས་རྒྱས་ཀྱི་བསྟན་པ་ཡི། །
དམ་ཆོས་ཀུན་ཤེས་མི་ནུས་སོ། །
གང་གིས་བག་མེད་སེམས་དང་ནི། །
ཁྲོ་བ་རྣམ་པར་བཏུལ་བ་དང་། །
འདི་ན་གནོད་སེམས་རབ་སྤངས་པ། །
དེས་ནི་ལེགས་པར་བཤད་པ་ཤེས། །
སེམས་ཀྱི་བརྟན་པ་མེད་པ་ཡིས། །
དམ་ཆོས་རྣམ་པར་ཤེས་མི་འགྱུར། །
དད་པ་འགྱུར་ལྡོག་བྱེད་པ་ཡི། །
ཤེས་རབ་ཡོངས་སུ་རྫོགས་མི་འགྱུར། །
ཀུན་རྟོག་ལ་ཆུམས་རྟེན་པ་ཡི། །
ལྷ་ངན་སུམ་ཅུ་རྩ་དྲུག་གི །
ཆུ་བོའི་རྒྱུན་ནི་གང་ཡིན་པ། །
ཡིད་ཀྱི་རྒྱུན་ལས་རབ་ཏུ་འབབ། །
དགའ་སེམས་དབང་པོ་ཕལ་པ་དང་། །
སེམས་ཀྱི་རྗེས་འབྲང་ཞན་པ་ཡི། །
མི་དེའི་གྲགས་འགྲིབ་འབྲས་ལྷགས་པའི། །
ལྗོན་ཤིང་ལ་ནི་བྱ་བཞིན་ནོ། །
སེམས་ཁྱོད་ཕུང་ཁྲོལ་འདོད་ལ་དགའ་མ་བྱེད། །
བརྩོན་སེམས་བག་ཡོད་པ་ལ་གནས་པར་གྱིས། །
བག་མེད་བྱས་པས་དམྱལ་བར་བཙོས་པ་དང་། །
ལྕགས་གོང་མིད་པས་ཁྱོད་ནི་མ་དུ་ཞིག །
ལྡང་བའི་དུས་ཚེ་འདུག་པར་བྱེད་པ་དང་། །
ལང་ཚོ་སྟོབས་ལྡན་མི་འབད་ཁྱིམ་འདུག་དང་། །
བསམ་པ་རྫོགས་ཚེ་ལེ་ལོ་བྱེད་པ་ཡི། །
མི་ཡི་ཤེས་རབ་ལམ་རྟོགས་མི་འགྱུར་རོ། །
ཕྲན་ཚེགས་རྣམ་རྟོག་ཞིབ་མོར་རྣམ་རྟོག་པས། །
ནང་ན་གནས་པའི་ཡིད་ནི་གཡེན་ཡང་སྤྱོ། །
ཡིད་ཀྱི་རྣམ་རྟོག་དེ་དག་མ་ཤེས་ན། །
འཁྲུལ་སེམས་ཡང་དང་ཡང་དུ་རྒྱུག་པར་བྱེད། །
གང་ཞིག་དྲན་ལྡན་རྣམ་འབྱེད་བརྩོན་པ་དང་། །
རྣམ་པར་རྟོག་ལ་མཁས་པས་དེ་ཤེས་ན། །
ནང་ན་གནས་པའི་ཡིད་ནི་གཡེན་སྤྱོ་བ། །
ཐམས་ཅད་མ་ལུས་བློ་ཡིས་རབ་ཏུ་སྤོང་། །
ལུས་འདི་བུམ་པ་འདྲ་བར་རྟོགས་བྱས་ཤིང་། །
གྲོང་ཁྱེར་འདྲ་བའི་སེམས་ཀྱིས་སྲན་བཙུགས་ནས། །
ཤེས་རབ་མཚོན་གྱིས་བདུད་དང་གཡུལ་སྤྲང་དེ། །
བཏུལ་ནས་གནས་མེད་པར་ནི་བསྲུང་བར་བྱ། །
འཇིག་རྟེན་འདི་དག་བུམ་པ་འདྲར་རྟོགས་ཤིང་། །
དེ་བཞིན་ཆོས་རྣམས་སྨིག་རྒྱུ་འདྲར་ཤེས་ནས། །
ཤེས་རབ་མཚོན་གྱིས་བདུད་དང་གཡུལ་སྤྲད་དེ། །
བཏུལ་ནས་གནས་མེད་པར་ནི་བསྲུང་བར་བྱ། །
ལུས་འདི་དབུ་བ་འདྲ་བར་རྟོགས་བྱས་ཤིང་། །
གྲོང་ཁྱེར་འདྲ་བའི་སེམས་ཀྱིས་སྲན་བཙུགས་ནས། །
ཤེས་རབ་མཚོན་གྱིས་བདུད་དང་གཡུལ་སྤྲད་དེ། །
བཏུལ་ནས་གནས་མེད་པར་ནི་བསྲུང་བར་བྱ། །
འཇིག་རྟེན་འདི་དག་དབུ་བ་འདྲར་རྟོགས་ཤིང་། །
གྲོང་ཁྱེར་འདྲ་བའི་སེམས་ཀྱིས་སྲན་བཙུགས་ནས། །
ཤེས་རབ་མཚོན་གྱིས་བདུད་དང་གཡུལ་སྤྲད་དེ། །
བཏུལ་ནས་གནས་མེད་པར་ནི་བསྲུང་བར་བྱ། །
གང་གིས་བྱང་ཆུབ་ཡན་ལག་བདུན། །
སེམས་ཀྱིས་ལེགས་པར་བསྒོམས་པ་དང་། །
གང་ཞིག་ལེན་ལ་མི་དགའ་ཞིང་། །
ལེན་པ་རབ་ཏུ་སྤངས་པ་དང་། །
ཟག་ཟད་སྐྱོན་རྣམས་བསལ་བ་དེ། །
འཇིག་རྟེན་དག་ན་མྱ་ངན་འདས། །
གང་ཞིག་གཡག་རྔའི་རྩེ་མོ་ལྟར། །
རང་གི་སེམས་ནི་རྗེས་སྲུང་ཞིང་། །
འབྱུང་པོ་རྣམས་ལ་བརྩེར་ལྡན་པ། །
དེ་ཡི་བདེ་བ་ཡོངས་མི་ཉམས། །
གང་ཕྱིར་གླང་པོའི་གླང་པོ་ཆེ། །
མཆེ་བ་བཟང་པོའི་གླང་ཆེན་དང་། །
སེམས་དང་སེམས་མི་མཉམ་པས་ན། །
དེ་ཕྱིར་གཅིག་པུ་ནགས་སུ་དགྱེས། །
གང་གི་ཡིད་ལ་གནོད་མེད་ཅིང་། །
འབྱུང་པོ་ཀུན་ལ་བརྩེ་བ་དང་། །
འབྱུང་པོ་རྣམས་ལ་བྱམས་བྱེད་པ། །
དེ་ལ་ནམ་ཡང་འཁོན་མི་འབྱུང་། །
གང་ལ་གནོད་པའི་སེམས་མེད་ཅིང་། །
འབྱུང་པོ་ཀུན་ལ་བརྩེ་བ་དང་། །
སྲོག་ཆགས་ཀུན་ལ་བྱམས་བྱེད་པ། །
དེ་ལ་ནམ་ཡང་འཁོན་མི་འབྱུང་། །
གང་ལ་གནོད་པའི་སེམས་མེད་ཅིང་། །
འབྱུང་པོ་རྣམས་ལ་བརྩེ་བ་དང་། །
སེམས་ཅན་ཀུན་ལ་བྱམས་བྱེད་པ། །
དེ་ལ་ནམ་ཡང་འཁོན་མི་འགྱུར། །
མཛའ་བཤེས་ཀུན་དང་གྲོགས་ཀུན་དང་། །
འབྱུང་པོ་ཀུན་ལ་བརྩེ་བ་དང་། །
བྱམས་པའི་སེམས་ནི་བསྒོམ་བྱས་ན། །
བདེ་བ་ཤིན་ཏུ་འཕེལ་བར་འགྱུར། །
གལ་ཏེ་གང་ཞིག་སྲོག་ཆགས་འགའ་ལའང་སྡང་མེད་སེམས། །
བྱམས་པར་བྱེད་ན་དེ་ཡིས་དེ་ནི་དགེ་བ་ཡིན། །
སེམས་ཅན་ཐམས་ཅད་ལ་ནི་ཡིད་ཀྱིས་བརྩེ་བྱས་ན། །
བསོད་ནམས་ཕལ་ཆེར་འཕགས་པས་རབ་ཏུ་བསྒྲུབ་པར་འགྱུར། །
མི་གང་དགའ་བའི་སེམས་དང་ནི། །
ཞུམ་པ་མེད་པའི་ཡིད་ཀྱིས་སུ། །
དགེ་བའི་ཆོས་ལ་སྒོམ་བྱེད་པ། །
གྲུབ་པ་དང་ནི་བདེ་བ་འཐོབ། །
ཡང་དག་ཤེས་པས་རྣམ་གྲོལ་ཞིང་། །
སྐྱོ་བ་ཉེ་བར་ཞི་གྱུར་པ། །
དེ་ཡི་ཡིད་ནི་ཞི་གྱུར་ཅིང་། །
ལུས་དང་ངག་གི་ལས་ཀྱང་ཞི། །
ཇི་ལྟར་རྩེ་གཅིག་སེམས་ཀྱིས་ནི། །
ཆོས་རྣམས་ལེགས་པར་མཐོང་བ་ལྟར། །
སིལ་སྙན་ཡན་ལག་ལྔ་པས་ཀྱང་། །
དེ་ལྟར་དགའ་བ་བྱེད་མི་འགྱུར། །
གང་ཡིད་ཏིང་འཛིན་ལ་དགའ་བ། །
དེ་དག་འདོད་པས་རྩེ་མི་བྱེད། །
གང་ཞིག་ཅུང་ཟད་གདུང་མེད་པའི། །
སྐྱོབ་པ་བདེ་བར་ཉལ་བར་འགྱུར། །
གང་ཡིད་ཏིང་འཛིན་ལ་དགའ་བ། །
དེ་དག་འདོད་པས་རྩེན་མི་བྱེད། །
གང་ཞིག་ཅུང་ཟད་གདུང་མེད་པའི། །
ཐུབ་པ་ཀྱེ་མའོ་དགའ་བར་འགྱུར། །
གང་གི་སེམས་ནི་བྲག་ལྟ་བུར། །
རབ་ཏུ་གཡོ་བ་མེད་འདུག་པ། །
ཆགས་པའི་གནས་ལ་མི་ཆགས་ཏེ། །
ཁྲོ་བའི་གནས་ལ་འཁྲུག་མེད་པར། །
གང་ཡིད་དེ་ལྟར་གྱུར་པ་དེ། །
སྡུག་བསྔལ་ཐོབ་པར་ག་ལ་འགྱུར། །
སྐུར་བ་མི་གདབ་གནོད་མི་བྱ། །
སོ་སོར་ཐར་པས་བསྡམ་པར་བྱ། །
ཟས་ཀྱི་ཚོད་ཀྱང་ཤེས་པར་བྱ། །
བས་མཐའ་དགོན་པར་གནས་བྱ་ཞིང་། །
ལྷག་པའི་སེམས་ལ་རྣལ་འབྱོར་བྱ། །
འདི་ནི་སངས་རྒྱས་བསྟན་པ་ཡིན། །
སེམས་ཀྱི་རྟགས་ལ་མཁས་པ་དང་། །
རབ་ཏུ་དབེན་པའི་རོ་རྙེད་དང་། །
རབ་དྲང་སེམས་པའི་འགྲུས་སྐྱོང་ཅན། །
ཟང་ཟིང་མེད་པའི་དགའ་བ་མྱོང་། །
གང་ཞིག་ཡིད་གཞུངས་དབེན་དགའ་དབེན་གནས་པས། །
རྟག་ཏུ་རང་གི་ལུས་ཀྱིས་སྤྱོད་ལམ་དང་། །
སྨྲ་དང་ཡིད་ནི་སྲུང་བར་བྱེད་པ་དེ། །
མྱ་ངན་སྤོང་ཞིང་སྡུག་བསྔལ་འཐོབ་མི་འགྱུར། །
མ་བསྲུངས་པ་ཡི་སེམས་དང་ནི། །
ལོག་པར་ལྟ་བས་བཅོམ་པ་དང་། །
གཉིད་དང་རྨུགས་པས་ཟིལ་ནོན་པ། །
བདུད་ཀྱི་དབང་དུ་འགྲོ་བར་འགྱུར། །
དེ་བས་སེམས་ནི་བསྲུང་བྱས་ཏེ། །
ཡང་དག་ལྟ་བས་མདུན་བདར་ཅིང་། །
ཡང་དག་ཀུན་རྟོག་སྤྱོད་ཡུལ་ཅན། །
ཡང་དག་སྐྱེ་དང་འཇིག་པ་ཤེས། །
གཉིད་དང་རྨུགས་པ་ཟིལ་གནོན་པའི། །
དགེ་སློང་སྡུག་བསྔལ་ཟད་པ་འཐོབ། །
བག་ཡོད་སེམས་ནི་སྲུང་བ་དང་། །
སེམས་དུལ་ཡང་དག་སྡོམ་པ་བདེ། །
སྐྱེ་དགུ་སེམས་ཀྱིས་བསླུས་པ་དག །
གཅིག་ཏུ་སེམས་ཅན་དམྱལ་བར་འཚེད། །
བག་ཡོད་སེམས་ནི་སྲུང་བ་དང་། །
སེམས་དུལ་ཡང་དག་སྡོམ་པ་བདེ། །
སྐྱེ་དགུ་སེམས་ཀྱིས་བསླུས་པ་དག །
གཅིག་ཏུ་དུད་འགྲོ་རྣམས་སུ་འཚེད། །
བག་ཡོད་སེམས་ནི་སྲུང་བ་དང་། །
སེམས་དུལ་ཡང་དག་སྡོམ་པ་བདེ། །
སྐྱེ་དགུ་སེམས་ཀྱིས་བསླུས་པ་དག །
གཅིག་ཏུ་ཡི་དྭགས་རྣམས་སུ་འཚེད། །
བག་ཡོད་སེམས་ནི་སྲུང་བ་དང་། །
སེམས་དུལ་ཡང་དག་སྡོམ་པ་བདེ། །
སྐྱེ་དགུ་སེམས་ནི་བསྲུང་བ་དག །
གཅིག་ཏུ་མི་ཡི་ནང་དུ་དགའ། །
བག་ཡོད་སེམས་ནི་སྲུང་བ་དང་། །
སེམས་དུལ་ཡང་དག་སྡོམ་པ་བདེ། །
སྐྱེ་དགུ་སེམས་ནི་བསྲུང་བ་དག །
གཅིག་ཏུ་མཐོ་རིས་རྣམས་སུ་དགའ། །
བག་ཡོད་སེམས་ནི་སྲུང་བ་དང་། །
སེམས་དུལ་ཡང་དག་སྡོམ་པ་བདེ། །
སྐྱེ་དགུ་སེམས་ནི་བསྲུང་བ་དག །
གཅིག་ཏུ་མྱ་ངན་འདས་པ་འཐོབ། །
སེམས་ཀྱི་ཚོམས་ཏེ་སུམ་ཅུ་རྩ་གཅིག་པའོ།། །།

                                                                                                                                                                          རྩོམ་སྒྲིག་པ། མང་ར་བ།
       གསལ་འདེབས། 
             རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
             དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།